[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ནེ་པ་ལའི་ས་ཡོམ་རིམ་པ་8.1ལས་བོད་ཀྱི་ས་ཁུལ་ཁག་གཅིག་ཏུ་ཤུགས་རྐྱེན་ཐེབས་པ།
  • བོད་ལྗོངས་གཞིས་རྩེར་གེགས་རྗེས་བསྐྱར་སྐྲུན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-27

    ལོ་གཉིས་གོང་ནེ་པ་ལའི“4·25”ཡི་ས་ཡོམ་རིམ་པ་8.1དང“5·12”ཀྱི་ས་ཡོམ་རིམ་པ་7.5ཡི་ཤུགས་རྐྱེན་ལས་ཉེ་འབྲེལ་དུ་གནས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གེགས་བར་ཚབས་ཆེན་ཐོན་ནས་གྲོང་ཁྱེར་ཡོངས་ཀྱི་མི་ཁྲི་30ལྷག་ལ་གནོད་འཚེ་ཕོག་སྟེ་བོད་དུ་སྔར་ན་མེད་པའི་གཏོར་སྐྱོན་ཚབས་ཆེ་ཤོས་དང་། ཁེབས་ཁྱོན་ཆེ་ཤོས། གེགས་སེལ་གྱི་དཀའ་ཚད་ཆེ་ཤོས་བཅས་ཀྱི་ས་ཡོམ་ཞིག་ཏུ་གྱུར། གསར་འགོད་པས་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར། 《“4·25”ཡི་ནེ་པ་ལའི་ས་ཡོམ་གྱིས་གཏོར་སྐྱོན་ཕོག་པའི་བོད་ལྗོངས་གེགས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད》ཀྱི་བཀོད་སྒྲིག་གཞིར་བཟུང་། གཞིས་རྩེའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཐད་སྤྱིའི་མ་དངུལ་སྒོར་དུང་ཕྱུར་111.48གཏོང་བའི་འཆར་གཞི་ཡོད་པ་ལས་མིག་སྔའི་བར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཐད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་71.75བཏང་ཟིན་པ་དང་སླར་གསོ་བསྐྱར་སྐྲུན་གོ་རིམ་ལྡན་པའི་ངང་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    གཞིས་རྩེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་པ་སངས་ཀྱིས་གཞིས་རྩེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་བསྐྱར་སྐྲུན་གྱིས་ལྟེ་བ་དང་། གྲོང་ཚོ་163ལ་སྐུལ་སྤེལ་དང་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་32འཛུགས་སྐྲུན་གྱི་གཙོ་གནད། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་གཤོག་ཟུང་ལྟ་བུ། ཐོན་ལས་ཀྱི་སླར་གསོ་གོང་འཕེལ་གྱིས་འདེགས་སྐྱོར་བཅས་བྱེད་པ་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་སྟོབས་ཤུགས་ལ་ནུས་ཤུགས་ཡོད་རྒུས་གཅིག་གྱུར་འཆར་འགོད་བྱས་ནས་བསྐྱར་སྐྲུན་གྱི་དཀའ་གནད་ཟམ་མི་ཆད་པར་བསལ་བ་དང་། སླར་གསོ་བསྐྱར་སྐྲུན་གྱི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་མངོན་པར་བྱས་ནས་འཆར་འགོད་ལ་བརྟེན་ཏེ་སླར་གསོ་བསྐྱར་སྐྲུན་ལ་སྣེ་ཁྲིད་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།

    གཞིས་རྩེ་གྲོང་ཁྱེར་གྱི“4·25”ཡི་ས་ཡོམ་གེགས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་བའི་རྨང་གཞིའི་ཐོག་ད་དུང་བསམ་གྲུབ་རྩེ་ཆུས་ཁུལ་གསར་གྱི་འཛུཌ་སྐྲུན་ལ་སྐུལ་མ་བཏང་ཡོད། མིག་སྔའི་བར་བསམ་གྲུབ་རྩེ་ཁུལ་གསར་ལ་མ་དངུལ་སྒོར་དུང་ཕྱུར་4.1བཏང་ནས་དུད་ཚང་557གྱི་མང་ཚོགས་ཀྱི་སྡོད་ཁང་སྤྱིར་ན་བསྐྲུན་ཟིན་པ་དང་། དུད་ཚང་514ཡི་མང་ཚོཌ་ལ་ཁང་པ་སྤྲད་ཟིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་ད་ལོ་སླར་གསོ་བསྐྱར་སྐྲུན་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ནས་སྒོར་དུང་ཕྱུར་48.9ཡི་བསྐྱར་སྐྲུན་མ་འཇོག་གི་ལས་འགན་བདེ་བླག་ངང་འགྲུབ་རྒྱུ་རེད། འདི་ལོའི་ལོ་མཇུག་ཏུ་ཁྱོན་ཡོངས་ནས་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱས་ཏེ་དུད་ཁྱིམ་ཚང་མར་ཁང་གསར་ཡོད་པ་དང་། དུད་ཚང་ཡོངས་ལ་ལས་ཞུགས་ཐུབ་པ། མི་ཚང་མར་འགན་ལེན་ཡོད་པ། གྲོང་ཚོ་ཀུན་ལ་འགྱུར་ལྡོག་ཡོད་པ། འཕེལ་རྒྱས་ལ་ཐབས་ལམ་ཡོད་པ། སྣོད་བཅུད་ལ་ལེགས་བཅོས་ཐུབ་པ་བཅས་ཀྱི་སྤྱིའི་བསྐྱར་སྐྲུན་དམིགས་ཚད་ལེགས་གྲུབ་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།