[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ནེ་པ་ལའི་ས་ཡོམ་རིམ་པ་8.1ལས་བོད་ཀྱི་ས་ཁུལ་ཁག་གཅིག་ཏུ་ཤུགས་རྐྱེན་ཐེབས་པ།
  • ཡོམ་འགོག་གེགས་སེལ་གྱི་དཔའ་བོ་དཔེ་བཟང་མི་སྣ་པད་ཆོས་གསར་བརྗེའི་སྔོན་གཤེགས་དཔའ་མོར་གདམ་རྒྱུའི་ཆོག་མཆན་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-07-11

    ཚེས་8ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་གཉའ་ལམ་རྫོང་འགྲམ་གྲོང་རྡལ་བཀྲ་ཤིས་མཐོང་སྒྲོལ་གླིང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བློ་མཐུན་པད་ཆོས་གསར་བརྗེའི་སྔོན་གཤེགས་དཔའ་མོར་གདམ་རྒྱུའི་ཆོག་མཆན་གནང་བ་རེད།

    པད་ཆོས། བུད་མེད། བོད་རིགས། ཀྲུང་གུང་ཏང་ཡོན། དེ་སྔོན་གཉའ་ལམ་རྫོང་འགྲམ་གྲོང་རྡལ་བཀྲ་ཤིས་མཐོང་སྒྲོལ་གླིང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རེད། 2015ལོའི་ཟླ་4ཚེས་25ཉིན་ནེ་པ་ལའི་ས་ཡོམ་རིམ་པ་8·1གི་ཤུགས་རྐྱེན་རང་ལྗོངས་ཀྱི་གཞིས་རྩེ་དང་མངའ་རིས་སོགས་སུ་ཐེབས་པ་དང་ལྷག་པར་དུ་གཉའ་ལམ་དང་། སྐྱིད་གྲོང་། དིང་རི་སོགས་རྫོང་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་རེད། ས་ཡོམ་རྒྱག་སྐབས་བློ་མཐུན་པད་ཆོས་ཀྱིས་བཙུན་མ་ཟླ་བ་དང་བསམ་གཏན་ལྷ་མོ་གཉིས་དང་དགོན་པའི་དོ་དམ་ལས་དོན་སྐོར་གྲོས་མོལ་བྱེད་བཞིན་ཡོད། སྐབས་དེར་གློ་བུར་དུ་ཡོམ་ཆེན་པོ་ཞིག་བརྒྱབ་པ་ལས་བཙུན་མ་གཉིས་པོ་དངངས་སྐྲག་ཆེན་པོ་སྐྱེས་ནས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར། ཛ་དྲག་ཆེ་བའི་དུས་དེར་བབ་བརླིང་ཞིང་བློ་རྩ་བརྟན་པའི་བློ་མཐུན་པད་ཆོས་ཀྱིས་མགྱོགས་ནས་མྱུར་དུ་སྒོའི་ཕྱོགས་སུ་བསྐྱོད་ནས་སྒོའི་རུ་བཞི་འདེགས་སྐྱོར་གྱིས་ཟླ་བ་དང་བསམ་གཏན་ལྷ་མོ་གཉིས་ཕྱི་རུ་དོན་ཐབས་བྱས། བཙུན་མ་གཉིས་པོ་བདེ་འཇགས་ངང་ཕྱི་རུ་དོན་མ་ཐག་ཁང་པ་དེ་མ་ཉིད་དུ་རྡིབ་ཤིང་། བློ་མཐུན་པད་ཆོས་གྱང་རོའི་འོག་ཚུད་ནས་རང་སྲོག་ཤོར་བ་རེད།

    《གསར་བརྗེའི་སྔོན་གཤེགས་དཔའ་བོར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་སྲོལ་ཡིག》ནང་གི་དོན་ཚན་བརྒྱད་པའི་ནང་གསེས་གཉིས་པ་སྟེ། “ཉེན་སེལ་གུད་སྐྱོབ་བམ་ཡང་ན་རྒྱལ་ཁབ་ཀྱི་རྒྱུ་ནོར་དང་། མཉམ་སྡེབ་ཀྱི་རྒྱུ་ནོར། མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བཅས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱ་ཆེད། རང་སྲོག་ཤོར་བ”ཡི་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་པད་ཆོས་གསར་བརྗེའི་སྔོན་གཤེགས་དཔའ་མོར་གདམ་རྒྱུའི་ཆོག་མཆན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།