[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ནེ་པ་ལའི་ས་ཡོམ་རིམ་པ་8.1ལས་བོད་ཀྱི་ས་ཁུལ་ཁག་གཅིག་ཏུ་ཤུགས་རྐྱེན་ཐེབས་པ།
  • “4·25”ཡོམ་འགོག་གེགས་སེལ་གྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུའི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-07-08

    “ས་འོག་ཏུ་ལུས་པའི་མང་ཚོགས་280བསྐྱབས་ཐུབ་པ་བྱུང་བ་དང་མང་ཚོགས་19188བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས་པས་མང་ཚོགས་ལ་གྱོང་གུན་སྒོར་ཁྲི་500ལྷག་ཙམ་མི་ཕོག་པ་བྱས་ཡོད། ལྡེ་མིག་30ལྷག་ཙམ་དང་མངགས་བཅོལ་ཟབ་མོ་30ལྷག་ཙམ། རྒྱལ་མཚམས་སྲུང་མཁན་དཔོན་དམག་21དང་ཁ་ཆེམས་ཡི་གེ་21”ཞེས་ལོ་རབས་90རྗེས་སྐྱེས་པའི་སྤྱི་བདེ་མཐའ་སྲུང་གི་འཐབ་འཛིང་པ་ཀྲང་ཅ་ཧའོ་ཡིས་བརྩེ་དུང་ཟབ་མོས་སྒྲོག་འགྲེལ་བྱས་པ་དེ་ཐོག་ནས“4·25”ཡོམ་འགོག་གེགས་སེལ་གྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་དེ་ནས་འཚོག་འགོ་ཚུགས་པ་མཚོན་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། “4·25”ཡོམ་འགོག་གེགས་སེལ་གྱི་སྔོན་ཐོན་བྱས་རྗེས་ཀྱི་རང་སྐྱོང་ལྗོངས་ཀྱི་སྙན་ཞུ་ཚོགས་པས་གཞིས་རྩེ་བཟོ་ལས་གླིང་ཁུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་ལྗོངས་ཡོངས་ཀྱི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་ཤིང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཡོམ་འགོག་གེགས་སེལ་གྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུ་ཚོགས་པའི་ཚོགས་གཙོ་ཏིང་ཡུང་གིས་གསར་འགོད་པར“ས་ཡོམ་བརྒྱབ་རྗེས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཏང་སྲིད་དམག་ཉེན་དམངས་བཅས་མཐུན་སྦྱོར་མཉམ་འགུལ་དང་གཞོགས་འདེགས་དམ་ཟབ་བྱེད་པའི་ཡོམ་འགོག་གེགས་སེལ་གྱི་རྣམ་པ་ཞིག་ཆགས་ཡོད། རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་། གཉིས་ལྡན་དུད་སྦྲེལ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་ཀྱིས་ཛ་དྲག་གི་གནས་ཚུལ་ལ་ཁ་གཏད་གཅོག་པའི་ནུས་པར་ཚོད་བགམ་ཐེག་ཐུབ་པ་བྱུང་ནས་སྔོན་ཐོན་དཔེ་མཚོན་དང་དཔའ་བོའི་བྱས་རྗེས་འབོར་ཆེན་ཞིག་ཐོན་པ་མ་ཟད།

    ‘ཡོད་པ་གསུམ་དང་མི་སྐྲག་པ་བཞིའི’ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་ཤིག་ཆགས་པའི་ཐོག་དྲང་ནུས་ཆེན་པོ་གཅིག་ཏུ་འདུས་པ་དེ་ཐོག་ནས་གེགས་ཁུལ་མང་ཚོགས་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་ལ་སྐུལ་ལྕག་བྱ་རྒྱུ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ‘ཀྲུང་གོའི་ཕུགས་འདུན’མངོན་འགྱུར་བྱ་རྒྱུ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། སྙན་ཞུ་ཚོགས་པའི་བློ་མཐུན་13གྱིས་ཟུར་ཚད་མི་འདྲ་བའི་ཐོག་ནས་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་མངོན་པ་མ་ཟད། སྔོན་ཐོན་བྱས་རྗེས་རྒྱ་ཆེའི་མང་ཚོགས་རྣམས་ལ་ངོ་སྤྲོད་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བའི་མིག་དཔེའི་ནུས་པ་བཏོན་ཡོད”ཅེས་གསུངས་པ་རེད།

    གསར་འགོད་པས་ཚོགས་འདུ་ཚོགས་ཡུལ་དུ་གཞིས་རྩེ་གྲོང་ཁྱེར་གྱི“ཚན་ཁག་བཞིའི”ཏང་ཡོན་ལས་བྱེད་པ་དང་། གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ། བཀོད་སྒྲིག་བྱ་ཡུལ་དུ་ཡོད་པའི་གནོད་འཚེ་ཕོག་པའི་མང་ཚོགས་བཅས་1000ལྷག་ཙམ་གྱིས་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུ་ནན་ཏན་ངང་ཉན་པ་མཐོང་། ངོ་མཚར་ཆེ་བ་དང་མི་སེམས་འགུལ་བའི་གནས་ཚུལ་ཐོས་སྐབས་ཉན་མཁན་མང་པོ་ཞིག་གི་མིག་ནང་མཆི་ཞག་འཁོར་བ་མ་ཟད། ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།

    “གནས་ཚུལ་དེ་དག་ངས་བརྒྱུད་མྱོང་བས་སྙན་ཞུ་ཚོགས་པས་དཔའ་བོ་ཚོའི་སྔོན་ཐོན་བྱས་རྗེས་བརྗོད་སྐབས་མྱོང་ཚོར་ཟབ་མོ་ཡོང་གི་འདུག སྔོན་ཐོན་བྱས་རྗེས་དེ་དག་གིས་ང་ཚོར་མཐུན་སྒྲིལ་དམ་ཟབ་དང་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་དགོས་པའི་སྐུལ་ལྕག་བྱེད་པ་མ་ཟད། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་དེ་བས་ཆེ་བའི་གྲུབ་འབྲས་གསར་པ་གཏོད་དགོས་པའི་ལྕག་འདེབས་ཀྱང་བྱེད་ཀྱི་འདུག”ཅེས་འགྲམ་གྲོང་རྡལ་མི་དམངས་སྨན་ཁང་གི་སྨན་པ་ལྷག་པ་བཀྲ་ཤིས་ཀྱིས་ཐལ་མོ་རྡེབ་བཞིན་གསར་འགོད་པར་དེ་ལྟར་བཤད་བྱུང་།

    ལྷག་པ་བཀྲ་ཤིས་ཀྱིས་ཡོམ་འཕྲོ་རྒྱུན་ཆད་མེད་པར་རྒྱག་པའི་གནས་ཚུལ་འོག་འགྲམ་གྲོང་རྡལ་མི་དམངས་སྨན་ཁང་གི་སྨན་པ་ཚོས་ལས་གནས་བརྟན་སྲུང་བྱེད་པ་དང་འབྲེལ་ནུས་ཤུགས་ཡོད་རྒུས་རྨས་སྐྱོན་ཕོག་པའི་མང་ཚོགས་ལ་སྨན་བཅོས་བྱས་ཡོད། བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས་རྗེས་འགྲམ་གྲོང་རྡལ་མི་དམངས་སྨན་ཁང་ཡང་དེར་སྤོས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་མུ་མཐུད་ཞབས་འདེགས་ཞུས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    ལོ་82ལ་སླེབས་པའི་ནོར་བུ་སྒྲོལ་མས་རྐུབ་སྟེགས་འཁོར་ལོའི་ཐོག་བསྡད་དེ་སྙན་ཞུ་ཉན་ཞིང་། འགྲམ་གྲོང་རྡལ་ནས་གནས་སྤོ་བྱེད་སྐབས་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་དཔུང་སྡེའི་དཔོན་དམག་ཚོས་ཁོང་རླངས་འཁོར་ནང་བཀྱག་རོགས་བྱས། ས་ཡོམ་མ་བརྒྱབ་གོང་ཁྱིམ་ལ་ནང་མི་7ཡོད་པ་དང་ཚང་མ་འགྲམ་གྲོང་རྡལ་དུ་སྡོད་པའི་ཐོག་ཁང་གླར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས་རྗེས་ཟ་སྡོད་ཚང་མ་སྲིད་གཞུང་གིས་འགན་ཁུར་གྱི་ཡོད་པ་མ་ཟད། ད་དུང་བགྲེས་སོང་གི་བུར་ཁ་ལོ་བའི་ལག་རྩལ་བསླབས་ཡོད།

    བགྲེས་སོང་གིས་སེམས་འགུལ་དང་བཅས“ངས་ཚང་མ་མ་ཐོས་ཀྱང་འཁྲིས་ཀྱི་གཞོན་ནུ་དེས་ང་ལ་འགྲེལ་བཤད་རྒྱག་སྐབས་དེ་དུས་ཀྱི་གནས་ཚུལ་དག་མིག་ལམ་དུ་འཆར་བྱུང་། བོད་རྙིང་པར་གནས་ཚུལ་དེ་འདྲ་ཐོན་ཚེ་མི་སེར་རྣམས་ཤི་རྒྱུ་ལས་མེད། ད་ཐེངས་ཀྱི་ས་ཡོམ་ནང་ཏང་དང་སྲིད་གཞུང་གིས་ང་ཚོ་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས་པ་མ་ཟད། ཟ་སྡོད་ཐག་གཅོད་བྱས་པའི་ཐོག་ད་དུང་ང་ཚོར་ལས་ཀ་འཚོལ་རོགས་བྱས་བྱུང། ཏང་དང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་དེ་འདྲ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དེ་བས་ཚོར་ཐུབ་བྱུང”ཞེས་གསར་འགོད་པར་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།