[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ནེ་པ་ལའི་ས་ཡོམ་རིམ་པ་8.1ལས་བོད་ཀྱི་ས་ཁུལ་ཁག་གཅིག་ཏུ་ཤུགས་རྐྱེན་ཐེབས་པ།
  • ​ ཕྲག་ཐོག་ལས་འགན་ལྕི་པོ་ཁུར། ཁྲག་དྲོན་སྤྱད་དེ་འགག་སྒོ་སྲུང་།

    གཉའ་ལམ་འགག་སྒོའི་གཞུང་དོན་ཁང་གི་ཀྲུའུ་རེན་ཧུའུ་ཧུང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-07-05

    “4·25”ས་ཡོམ་ནང་ཁོང་གིས་ཉིན་མཚན་ལྔའི་རིང་ལས་ལ་བྲེལ་བ་དང“ཏང་ཡོན་འཕྲལ་སྒྲུབ་རུ་ཁག”གི་སྣེ་འཁྲིད་དེ་ཡོམ་འཕྲོ་དང་གནམ་གཤིས་ངན་པར་མི་འཛེམ་པར་དངོས་ཟོག་ཐེངས་37མྱུར་སྐྱེལ་བྱས།

    ཁོང་གིས་རྦབ་རྡོའི་ཁྲོད་དང་གཡང་གཟར་ཁུལ་དུ་བསྐྱོད་རྒྱུའི་འདུན་པ་ཞུས་པ་དང་རྐང་ཐང་མར་རི་ལམ་སྤྱི་ལེ་8.7བསྐྱོད་དེ་མཐའ་མཚམས་འགག་སྒོར་ལུས་པའི་ལས་བྱེད་པ་དང་མང་ཚོགས་བསུས་པས་ལུས་པོར་རྨས་སྐྱོན་མང་པོ་ཕོག

    ཁོང་ནི་ལྷ་ས་འགག་སྒོའི་ཁོངས་གཏོགས་གཉའ་ལམ་འགག་སྒོའི་གཞུང་དོན་ཁང་གི་ཀྲུའུ་རེན་ཧུའུ་ཧུང་རེད།

    ཉེན་ཁའི་ཁྲོད་དུ་ལས་འགན་དང་དུ་བླངས་པ་དང་ཕྲག་ཐོག་ཏུ་ལས་འགན་ལྕི་པོ་ཁུར།

    “ང་ཚོས་ལམ་སེང་འཕྲལ་སྡོམ་བཀོད་འདོམས་པུའུ་བཙུགས་ཏེ་མང་ཚོགས་སྒྲིག་འཛུགས་བྱས་ནས་རང་སྐྱོབ་བྱེད་དགོས་པ་དང་། དངོས་ཟོག་གཅིག་གྱུར་ངང་བགོ་བཤའ་རྒྱག་དགོས་པ། བྱེད་ཐབས་མཐའ་དག་སྤྱད་དེ་གོང་རིམ་ལས་ཁུངས་དང་འབྲེལ་བ་བྱེད་དགོས་པ། མི་གྲངས་བཤེར་རྒྱུ་འཕྲལ་དུ་སྒྲིག་འཛུགས་བྱེད་དགོས་ཀྱི་ཡོད”

    ཟླ་4ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་11ཐོག་ས་ཡོམ་བརྒྱབ་པ་དང་དངངས་སྐྲག་ལངས་ཏེ་ག་བྱེད་འདི་བྱེད་མེད་པར་གྱུར་པའི་མི་ཚོགས་ཀྱི་མདུན་དུ་འཚོ་བའི་ཁུལ་གྱི་གཡོ་འགུལ་ཆེན་པོ་བྱེད་པའི་ཁང་པར་ལྟ་བ་དང་མཐའ་འཁོར་གྱི་རི་ནས་རྦབ་རྡོ་ཆེན་པོ་ལྷུང་བའི་སྒྲ་ཐོས་བཞིན་དུ་ཉེན་འགོག་གེགས་སེལ་གྱི་ལས་འགན་ཐེངས་མང་འཁུར་མྱོང་ཡོད་པའི་ཧུའུ་ཧུང་གིས་བབ་བརླིང་ངང་དུས་ཚོད་མགྱོགས་ཤོས་སུ་གཉའ་ལམ་འགག་སྒོའི་ཀོན་ཀྲང་ལི་ཀང་ལ་གྲོས་འགོ་བཏོན་པ་རེད། ཧུའུ་ཧུང་གིས“སྐབས་དེར་བྲོས་ས་མེད་ལ་གབ་ས་ཡང་མེད་ཀྱང་སྐྲག་སྣང་བྱས་ན་གང་ཡང་མི་ཕན་པས་ཚང་མ་སྒྲིག་འཛུགས་བྱས་ཏེ་རང་སྐྱོབ་བྱ་རྒྱུ་ལས་མ་འདས”ཞེས་གསར་འགོད་པར་དྲན་གསོ་བྱས་ནས་བཤད།

    ས་ཡོམ་བརྒྱབ་ནས་སྐར་མ་20འགྲོ་སྐབས་ཧུའུ་ཧུང་གིས་འགག་སྒོའི་ལས་དོན་མི་སྣ་ཡོངས་ཚོགས་ཆུང་བཞི་ལ་བགོས་ཏེ་ཚང་མར་འགག་སྒོའི་ལན་ཆིའུ་སྤོ་ལོ་ཐང་དུ་རུབ་འཛོམས་བྱས་པའི་མང་ཚོགས་ཁྲོད་དུ་བསྐྱོད་དེ་ཁོང་ཚོར་སེམས་གསོ་གཏོང་རྒྱུའི་སྒྲིག་འཛུགས་བྱས། ས་ཡོམ་བརྒྱབ་ནས་སྐར་མ་30འགྲོ་སྐབས་ཧུའུ་ཧུང་གིས་འགག་སྒོའི་ལས་བཟོའི་སྣེ་ཁྲིད་དེ་མང་ཚོགས་1000ལྷག་ཙམ་ཛ་དྲག་ངང་ཁ་གྲམ་དུ་བཅུག་པ་དང་བདེ་འཇགས་ཁུལ་དུ་ཕྱིར་འཐེན་བྱས་པ་རེད། དུས་མཚུངས་སུ་འགག་སྒོའི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ཀྱི་མཐའ་བསྐོར་ནས་དེ་མ་ཉིད་དུ་ལྷུང་ཉེར་ཡོད་པའི་རྦབ་རྡོར་ཉེན་ཟོན་བྱས་ཏེ་བུད་མེད་དང་བྱིས་པ་སྲུང་སྐྱོང་བྱས།

    ས་ཡོམ་བརྒྱབ་ནས་ཆུ་ཚོད་གཅིག་འགྲོ་སྐབས་ཧུའུ་ཧུང་གི་བཀོད་འདོམས་འོག་གཉའ་ལམ་འགག་སྒོའི་ལན་ཆིའུ་སྤོ་ལོ་ཐང་དུ་གེགས་བར་བྱུང་བའི་མང་ཚོགས་བཀོད་སྒྲིག་ས་ཚིགས་བསྐྲུན་ཟིན་པ་དང་མི་གྲངས་བཤེར་བ་དང་། གུར་རྒྱག་པ། འཕྲལ་སྡོམ་དངོས་ཟོག་གསོག་འཇོག གནས་སྐབས་ཐབ་ཚང་སྐྲུན་པ། འཕྲལ་སྡོམ་གློག་འདོན་སྒྲིག་ཆས་སྤྱོད་པ་བཅས་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་བསྒྲུབས།

    ས་ཡོམ་བརྒྱབ་ནས་ཆུ་ཚོད་གཉིས་འགྲོ་སྐབས་ཧུའུ་ཧུང་གིས་འགག་སྒོའི་ལས་བཟོ་ཝང་སུང་གི་སྣེ་ཁྲིད་དེ་གཞུང་ལས་ཐོག་བརྩེགས་ཁང་ཆེན་ལ་གཏོར་སྐྱོན་ཕོག་ཚུལ་ལྟ་བར་བསྐྱོད། “ཁྱེད་རང་མ་འགྲོ”ཞེས་ཧུའུ་ཧུང་གིས་ཝང་སུང་ལ་བཤད་པས་ཝང་སུང་གིས་དེ་མ་ཉིད་དུ་གོམ་པ་སྤོ་མཚམས་བཞག “ཁྱེད་རང་རྒྱབ་བཤིག་རྒྱོབ་དང་། ངས་སྔོན་ལ་བསྐྱོད་ཆོག”ཅེས་བཤད་ནས་ཧུའུ་ཧུང་རྡིབ་ཉེན་ཡོད་པའི་གཞུང་ལས་ཐོག་བརྩེགས་ཁང་ཆེན་ནང་དུ་བསྐྱོད། ཝང་སུང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས“ཀྲུའུ་རེན་ཧུའུ་ཧུང་དང་མཉམ་དུ་ལས་འགན་སྒྲུབ་པར་སྐྱོད་རིམ་བཞིན་ཁོང་གིས་རང་ཉིད་ཉེན་ཁ་ཆེ་ཤོས་ཀྱི་ཁྲོད་དུ་བསྐྱོད་དེ་མི་གཞན་བདེ་འཇགས་ཡོང་བ་བྱེད་ཀྱི་ཡོད”ཅེས་བཤད།

    འཆི་ཉེན་ལ་ཐུག་ཀྱང་ལས་འགན་ལྕི་པོ་ཆུད་ཟོས་སུ་མི་གཏོང་བ།

    ས་ཡོམ་བརྒྱབ་རྗེས་འགྲམ་དུ་ཆུ་དང་། གློག འགྲོ་ལམ། འཕྲིན་གཏོང་བཅས་ཆད་པར་བརྟེན“ཁེར་ཆགས་གླིང་ཕྲན”ལྟ་བུར་གྱུར། སྐབས་དེར་དགོས་གལ་ཆེ་ཤོས་ནི་གེགས་བར་གྱི་གནས་ཚུལ་འཕྲལ་མ་ཉིད་དུ་སྙན་སེང་ཞུ་རྒྱུ་དེ་རེད།

    “ང་སྲུང་སྐར་ཁ་པར་འཚོལ་བར་འགྲོ”སྒུལ་བདེ་ཀུང་སི་དང་གློག་འཕྲིན་ཀུང་སིར་སྲུང་སྐར་ཁ་པར་ཡོད་པ་གོ་ཐོས་བྱུང་བས་ཧུའུ་ཧུང་གིས་ཆར་པར་མ་འཛེམས་པར་དེ་མ་ཉིད་དུ་ཁ་པར་འཚོལ་བར་བསྐྱོད། “འགྲོ། ང་ཚོས་རེ་རེ་བྱས་ནས་འཚལ་ཆོག”ཅེས་ཧུའུ་ཧུང་གིས་ན་གཞོན་བློ་མཐུན་ཞིག་གི་སྣེ་ཁྲིད་དེ་ཡོམ་འཕྲོ་དང་རྦབ་རྡོར་མ་འཛེམས་པར་བཀོད་སྒྲིག་བྱ་ཡུལ་རེ་རེ་བཞིན་ལ་འཚོལ་བར་བསྐྱོད་མཐར་གློག་འཕྲིན་ཀུང་སི་བཀོད་སྒྲིག་བྱ་ཡུལ་རྙེད་སྟབས། སྲུང་སྐར་ཁ་པར་སྤྱད་དེ་འཕྲལ་མ་ཉིད་དུ་གནས་ཚུལ་སྙན་སེང་ཞུས།

    “ང་ཚོའི་ལྟོ་ཆས་ཉིན་གསུམ་ལས་འདང་བ་མི་འདུག”“ང་ཚོའི་འཐུང་ཆུ་རྫོགས་གྲབས་འདུག” “དགོང་མོ་དྲོ་ཚད་དམའ་བར་བརྟེན་ང་ཚོར་ཀམ་པ་ལི་དང་མལ་ཆས་ཁག་གཅིག་དགོས་ཀྱི་འདུག”ཅེས་གནས་ཚུལ་སྙན་སེང་ཞུ་རིམ་བཞིན་ཧུའུ་ཧུང་གི་ངོས་ནས་བརྗོད་ན་བཀའ་ཐེངས་གཅིག་བཏང་བ་དང་འདྲ། “འཕྲལ་སྡོམ་ཚོགས་ཆུང་ང་དང་མཉམ་དུ་འགྲོ”“གུང་ཁྲན་ཏང་ཡོན་ང་དང་མཉམ་དུ་ཤོག”ཁོང་ངོ་མས་འགག་སྒོའི་ན་གཞོན་ལས་བཟོ་ཚོའི་སྣེ་ཁྲིད་དེ་སྲོག་ཉེན་ལ་མ་འཛེམས་པར་དངོས་ཟོག་འཚོལ་བར་ཐེངས་རེ་རེ་བཞིན་བསྐྱོད། བློ་མཐུན་ཚོས་ངལ་གསོ་རྒྱོབ་ཅེས་ཁ་ཏ་བྱས་ཀྱང་། ཧུའུ་ཧུང་གིས་ལག་པ་གཡུག་ཙམ་བྱས་ཏེ“འགྲིག་གི་མ་རེད། ཁོང་ཚོ་ཚང་མ་ལོ་ཆུང་ཆུང་ཡིན་པས་ཡོམ་འགོག་གེགས་སེལ་གྱི་ཉམས་མྱོང་མེད་པར་བརྟེན་ངས་ཁོང་ཚོ་གཅིག་པུ་ཉེན་ཁའི་ཁྲོད་དུ་གཏོང་མི་རུང་”ཞེས་བཤད།

    འཕྲིན་གཏོང་དང་འགྲིམ་འགྲུལ་ཆད་པར་བརྟེན་མཛའ་གྲོགས་ཟམ་པར་ལས་རེས་བྱེད་བཞིན་པའི་གཉའ་ལམ་འགག་སྒོའི་ཡུལ་སྐོར་བ་ཞིབ་བཤེར་ཁོའོ་ཡི་ལས་བཟོ་བརྒྱད་རྩ་འཛུགས་དང་འབྲེལ་བ་ཆད། “ང་ཚོའི་བློ་མཐུན་བརྒྱད་ད་དུང་ཟམ་སྣེར་ལུས་ཡོད”པ་དེར་ཧུའུ་ཧུང་གིས་ཉིན་དེ་དག་རིང་སེམས་ཁྲལ་ཆེ་ཤོས་བྱེད་ཀྱི་ཡོད། ཟླ་4ཚེས་28ཉིན་འགག་སྒོའི་འགོ་ཁྲིད་ལ་དགོངས་སྐོར་ཞུས་པ་བརྒྱུད་ཧུའུ་ཧུང་གིས་ཡོམ་འཕྲོ་དང་རྦབ་རྡོའི་ཉེན་ཁར་མ་འཛེམས་པར་ན་གཞོན་བློ་མཐུན་གཅིག་ཁྲིད་དེ་ཉེན་ཁ་ཆེ་བའི་ལམ་དུ་སླར་ཡང་ཐེངས་གཅིག་བསྐྱོད་པ་དང་སྤྱི་ལེ་16སར་གནས་པའི་མཛའ་གྲོགས་ཟམ་པའི་ཕྱོགས་སུ་རྐང་ཐང་མར་བསྐྱོད་དེ་ཉེན་ཁའི་ཁྲོད་དུ་གནས་པའི་བློ་མཐུན་བརྒྱད་བསུས།

    “སྐབས་དེར་རང་དབང་མེད་པར་མིག་ཆུ་ཁྲུམ་ཁྲུམ་དུ་ཤོར”འཐབ་གྲོགས་ཚོ་རང་ཉིད་ཀྱི་མདུན་དུ་ཐོན་སྐབས་ས་ཡོམ་རྒྱག་དུས་མིག་ཆུ་ཤོར་མེད་པའི་འགག་སྒོའི་ལས་བཟོ་བ་བུད་མེད་ཏེང་ཡན་ལིན་མིག་ཆུ་ཤོར་ཏེ“ཁོང་ཚོས་ཉེན་ཁའི་ཁྲོད་དུ་གནས་པའི་ལམ་འདིའི་ཐོག་ཇི་ལྟར་བསྐྱོད་པ་བསམ་ཡུལ་ལས་འདས”ཞེས་བཤད།

    “འགྲོ། ང་ཚོ་ཡུད་ཙམ་ཡང་སྡོད་མི་རུང”ཞེས་ཧུའུ་ཧུང་གིས་སྐུལ་མ་བཏང་།

    “སྒུག་གནང་དང་། ང་ཚོ་ཁྱེད་ཚོ་དང་མཉམ་དུ་ཡོང་ན་འགྲིག་གམ”ཞེས་ཉེན་གྱར་ཡུལ་སྐོར་བ་ཁ་ཤས་ཀྱིས་ཧུའུ་ཧུང་ལ་རེ་བའི་མིག་མདའ་འཕངས། “འགྲིག་གི་རེད”ཅེས་ཧུའུ་ཧུང་གིས་ཐེ་ཚོམ་མེད་པར་ལན་བརྒྱབ། རུ་ཆུང་ཞིག་ཡིན་པ་དེ་དེ་མ་ཉིད་དུ་དཔུང་ཁག་ཆེན་པོར་གྱུར། ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་དཀའ་སྤྱད་ངང་བསྐྱོད་རྗེས་ཧུའུ་ཧུང་གིས་འགག་སྒོའི་མི་སྣའི་སྣེ་ཁྲིད་དེ་མང་ཚོགས་བཅུ་ཕྲག་ཁ་ཤས་དང་མཉམ་དུ་བདེ་འཇགས་ངང་ཕྱིར་ལོག་བྱས། ཁོང་ཚོ་ལན་ཆིའུ་སྤོ་ལོ་ཐང་དུ་ཐོན་སྐབས་ལན་ཆིའུ་སྤོ་ལོ་ཐང་ཧྲིལ་པོར་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་མང་ཚོགས་མང་པོ་ཞིག་མིག་ཆུ་དབང་མེད་དུ་ཤོར། གདོང་གི་རྔུལ་ཆུ་ཕྱིས་ཁོམ་མ་བྱུང་བར་ཧུའུ་ཧུང་གིས་སླར་ཡང་ཚོགས་ཆུང་ཁག་གི་ཙུའུ་ཀྲང་བསྐོངས་ཏེ་བདེ་འཇགས་ངང་གནས་སྤོ་བྱ་རྒྱུའི་ཇུས་གཞིར་གྲོས་བསྡུར་བྱས།

    གནོང་འགྱོད་མེད་པར་འགན་འཁྲི་སྒྲུབ་པ་དང་། ལག་གཉིས་ལ་བརྟེན་ནས་ལས་དོན་ལེགས་པར་སྒྲུབ།

    གཉའ་ལམ་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོའི་བཀོད་འདོམས་པུའུ་འགག་སྒོའི་བཀོད་སྒྲིག་བྱ་ཡུལ་དུ་བཙུགས་ཡོད། ཁེར་ཆགས་གླིང་ཕྲན་སྲུང་བའི་ཉིན་མཚན་ལྔའི་ནང་འཐབ་ས་དང་པོའི་བཀོད་འདོམས་པུའི་སྲིད་དོན་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་ལས་དོན་ལེགས་པར་སྒྲུབ་པ་དང་། ཚོགས་འདུ་ཁག་བདེ་བླག་ངང་འཚོག་རྒྱུའི་འགན་ལེན་བྱ་ཆེད་ཚོགས་འདུའི་གཞི་ཁྱོན་ཇི་ཙམ་ཆེ་བ་དང་ཚོགས་འདུའི་དུས་ཚོད་ཇི་ཙམ་ཕྱི་ཡང་ཧུའུ་ཧུང་གིས་གཞུང་དོན་ཁང་གི་མི་སྣའི་སྣེ་ཁྲིད་དེ་ཚོགས་འདུ་གྲ་སྒྲིག་བྱེད་ཚུལ་རྟོག་ཞིབ་བྱེད་པ་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་ཚོགས་ཆུང་ལ་ཚོགས་འདུར་འགན་སྲུང་ཡག་པོ་བྱ་རྒྱུའི་བཀོད་འདོམས་བྱེད་ཀྱི་ཡོད། ཉིན་ལྟར་ནམ་ལངས་མ་ཐག་ཧུའུ་ཧུང་གིས་ཐབ་ཚང་ནང་ཚ་སོབ་སོབ་ཀྱི་ལྒ་སྨུག་ཐང་བཀོལ་བ་དང་ཉིན་ལྟར་དགོང་མོ་བཀོད་འདོམས་པུའི་འགོ་ཁྲིད་དང་སྨྱན་སྦྱོར་ཚན་པའི་གསར་འགོད་པར་ངལ་གསོ་བཀོད་སྒྲིག་བྱས་རྗེས་རྒན་ཧུའུ་ལགས་གཞི་ནས་སྒྲོག་ཙེའི་ཐོག་ཏོག་ཙམ་ངལ་གསོ་རྒྱག་གི་ཡོད།

    ཟླ་4ཚེས་27ཉིན་གྱི་དགོང་མོ་གཉའ་ལམ་རྫོང་གི་འཐབ་ས་དང་པོའི་བཀོད་འདོམས་པུའུ་རུ་བརྡ་ཐོ་འབྱོར་བ་སྟེ། གཞིས་རྩེ་ས་ཁུལ་གྱི་རོགས་སྐྱོབ་སྔོན་སྐྱོད་རུ་ཁག་དང་སྨྱན་སྦྱོར་ཚན་པའི་གསར་འགོད་པ་འགྲམ་གྱི“ཁེར་ཆགས་གླིང་ཕྲན”དུ་སྐྱོད་བཞིན་ཡོད་པས་འགྲམ་ཕྱོགས་ནས་མི་སྣ་མངགས་ཏེ་བསུ་རྒྱུའི་རེ་བ་བཏོན། ས་རུབ་པ་དང་བསྟུན་ནས་གཉའ་ལམ་འགག་སྒོའི་ལས་བྱེད་པ་དང་ལས་བཟོ་ཚོས་རང་འགུལ་ངང་ལས་དོན་སྒྲུབ་པར་བསྐྱོད་རྒྱུའི་རེ་བ་ཞུས་པ་དང་ཏང་ཙུའི་ཧྲུའུ་ཅི་ཀོན་ཀྲང་ལི་ཀང་ངོ་མས་རུ་སྣེ་ཁྲིད་པ་དང་ཧུའུ་ཧུང་གིས་འགག་སྒོའི་ན་གཞོན་ལས་བཟོ་པ་7སྒྲིག་འཛུགས་བྱས་ཏེ་འཕྲལ་སྡོམ་གློག་སྒྲོན་སྒྲིག་ཆས་ཁྱེར་ནས་རྐང་ཐང་མར་སྤྱི་ལེ་ལྔ་ཟིན་པའི་རི་ཉིལ་ཁུལ་གསུམ་བསྒྲལ་ནས་རོགས་སྐྱོབ་སྔོན་སྐྱོད་རུ་ཁག་དང་སྨྱན་སྦྱོར་ཚན་པའི་གསར་འགོད་པ་འགྲམ་དུ་བསུས།

    ས་ཡོམ་བརྒྱབ་རྗེས་འགྲམ་གྱི་ས་དབྱིབས་ལ་འགྱུར་ལྡོག་བྱུང་བས་དུས་ངེས་མེད་ལ་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་ཞོར་ཐོན་གནོད་འཚེ་ཐོན་ཉེན་ཡོད། ཟླ་4ཚེས་29ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་འགྲམ་གྲོང་རྡལ་གྱི་མི་ཚང་མ་གནས་སྤོས་བྱས། གཉའ་ལམ་འགག་སྒོའི་འཕྲལ་སྡོམ་བཀོད་འདོམས་པུས་ལས་བྱེད་ལས་བཟོ་དང་། ནང་མི། ཨར་པོའི་རུ་ཁག་བཅས་ཀྱི་མི་75ཐེངས་གཅིག་ལ་ཚང་མ་གནས་སྤོ་བྱེད་དགོས་པའི་གཏན་འབེབས་བྱས། ཉིན་མཚན་5བསྟུད་མར་གཉིད་ཉལ་རྒྱུ་མ་བྱུང་བ་དང་ངལ་དུབ་ཧ་ཅང་ཆེན་པོ་བྱུང་བའི་ཧུའུ་ཧུང་གིས་རང་འགུལ་ངང་ཁ་ལོ་བའི་འགན་ཁུར་ཏེ་བསྟུད་མར་ཆུ་ཚོད་13རླངས་འཁོར་བཏང་ནས་ལས་བྱེད་ལས་བཟོ་བདེ་འཇགས་ངང་གནས་སྤོ་བྱས།

    ཟླ་5ཚེས་3ཉིན་གཉའ་ལམ་འགག་སྒོའི་ལས་དོན་མི་སྣ་ཚང་མ་ལྷ་སར་གནས་སྤོ་བྱས། མི་གཞན་དག་ངལ་གསོ་དང་ལུས་གསོ་བྱེད་སྐབས་ཧུའུ་ཧུང་གིས་སྔར་བཞིན་གཞུང་ལས་ཁང་གི་མི་སྣའི་སྣེ་ཁྲིད་དེ་ལས་གནས་བརྟན་སྲུང་བྱེད་པ་དང་ཡོམ་འགོག་གེགས་སེལ་གྱི་གནས་ཚུལ་སྙན་སེང་ཞུ་བ། གནོད་འཚེའི་གྱོང་གུན་ལ་དཔྱད་དཔོག་བྱེད་པ། བར་བརྒལ་བཀོད་སྒྲིག་གི་ཇུས་གཞི་བཟོ་བ། ཏང་ཡོན་དཔུང་ཁག་གི་གནས་ཚུལ་དཔྱད་དཔོག་བཅས་བྱས། ལྷ་སར་སླེབས་རྗེས་ཧུའུ་ཧུང་གིས་སླར་ཡང་རང་འགུལ་ངང་རེ་འདུན་ཞུས་ནས་སྔ་རྗེས་སུ་འགྲམ་དུ་ཐེངས་གཉིས་ཕྱིར་ལོག་བྱས་ཏེ་སྒྲིག་ཆས་མྱུར་འདྲེན་བྱེད་པ་དང་རང་སྐྱོང་ལྗོངས་འཛུགས་སྐྲུན་ཐིང་ལ་གཞོགས་འདེགས་བྱས་ནས་གེགས་རྗེས་དཔྱད་དཔོག་བྱས་པ་རེད། འགོ་ཁྲིད་དང་ལས་རོགས་ཚང་མས་ལས་རོགས་གཞན་དག་ཕྱིན་ན་ཆོག་ཅེས་བརྗོད་ཀྱང་། ཧུའུ་ཧུང་གིས“དེ་ནི་ངས་སྒྲུབ་འོས་པ་ཞིག་རེད། ངས་མི་གཞན་དག་ངའི་ཚབ་ཏུ་ཉེན་ཁའི་ཁྲོད་དུ་གཏོང་གི་མིན”ཞེས་བཤད།

    འགྲམ་ནས་ཐེངས་གཉིས་པ་ལོག་ཡོང་རྗེས་ཧུའུ་ཧུང་ནད་གཞི་ཕོག འགོ་ཁྲིད་ཀྱིས་ཁོང་ལ་བསམ་ཤེས་གནང་སྟེ་ངལ་གསོ་རྒྱག་དགོས་ཞེས་བཤད་ནའང་། ཧུའུ་ཧུང་གིས་སྔར་བཞིན“རང་འཁྲིའི་ལས་གནས”སེམས་ལ་བཅངས་ཏེ་ལས་གནས་བརྟན་སྲུང་བྱས།

    གཞན་གྱི་བསྔགས་བརྗོད་ཀྱི་མདུན་དུ་ཧུའུ་ཧུང་གིས་འཛུམ་བཞིན་དུ“དེ་ནི་རང་ཉིད་ཀྱིས་སྒྲུབ་འོས་པའི་བྱ་བ་དང་སྒྲུབ་ཐུབ་པའི་བྱ་བ་སྒྲུབ་པ་ཙམ་ཡིན”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།