[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ།>གསར་འགྱུར་ལྟེ་གནས།
  • མེ་ཏོག་རྫོང་གི་ཤིང་འབྲས་དང་ཚལ་རིགས་ཐོན་ལས་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་ཐེབས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-22

    “སྲིད་གཞུང་གིས་ང་ཚོར་རིན་མེད་ངང་འབྲས་ཤིང་སྡོང་ཕྲུག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀོང་ཏུང་གི་རིགས་གཅིག་མཁས་ཅན་གྱིས་ང་ཚོར་ལག་རྩལ་མཛུབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཤིང་འབྲས་དང་ཚལ་རིགས་འདེབསའཛུགས་ལ་བརྟེན་ནས་ང་ཚོ་རྦད་དེ་དབུལ་སྒྲོལ་ཐུབ་སོང”ཞེས་ཆོས་སྒྲོན་གྱིས་སེམས་འགུལ་ཐེབས་པའི་ངང་རང་ཉིད་དབུལ་སྒྲོལ་སྐོར་གྱི་མྱོང་བ་གླེང་།

    2018ལོར། མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་གྱི་ཡ་གདུང་གྲོང་ཚོའི་ཆོས་སྒྲོན་ཁྱིམ་གྱི་ངོས་ན་བརྗོད་ན་ལོ་ལེགས་ཀྱི་ལོ་ཞིག་རེད།

    ཆོས་སྒྲོན་གྱི་ཁྱིམ་དུ་ཀུ་ཤུའི་སྡོང་པོ་50འདེབས་འཛུགས་བྱས་པར་ཐོན་འབབ་ཡག་པོ་བྱུང་བ་དང་། བོད་ཕག་3ཤ་ཤེད་རྒྱས་ལ་ཚལ་རིགས་མུའུ་2བཏབ་པར་ཡང་ལོ་ལེགས་བྱུང་བས་ཆོས་སྒྲོན་གྱི་དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཆགས་ནས་དོས་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་ཀྱང་ཉོས། 

    མེ་ཏོག་རྫོང་ནི་བོད་ལྗོངས་ཤར་ལྷོའི་རྒྱུད་ཀྱི་ཡུལ་གལ་ཆེན་ཞིག་ཡིན་པ་མ་ཟད། མཚོ་བོད་ས་མཐོའི་ས་བབ་དམའ་ཤོས་དང་། གནམ་གཤིས་དྲོ་ཤོས། ཆར་ཆུ་འབེལ་ཤོས། སྣོད་བཅུད་སྲུང་སྐྱོང་ཡག་ཤོས་བཅས་ཀྱི་ས་ཆ་ཞིག་ཀྱང་ཡིན་པས་ལོ་ཏོག་འདེབས་འཛུགས་ལ་འཚམ་པོ་ཡོད། ཉེ་བའི་ལོ་ཤས་རིང་། མེ་ཏོག་ཏུ་རླངས་འཁོར་ཤར་གཏོང་ཐུབ་ནས་ཡུལ་སྐོར་ལས་རིགས་དར་རྒྱས་བྱུང་བ་དེས་ཡུལ་སྐོར་བ་དེ་བས་མང་བ་མེ་ཏོག་རྫོང་དུ་ཡོང་ནས། ཐུན་མོང་མ་ཡིན་པའི་མཐའ་མཚམས་ཀྱི་ཡུལ་སྐོར་མཛེས་ལྗོངས་མྱོང་རོལ་དང་ཤིང་འབྲས་ཀྱི་བྲོ་བ་མྱོང་གི་ཡོད། དེས་ཕྱོགས་གཅིག་ནས་བོད་ཀྱི་རིག་གནས་དང་སྣོད་བཅུད་མཛེས་ལྗོངས་ཁྱབ་གདལ་དང་དྲིལ་བསྒྲགས་ཡག་པོ་ཐུབ་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་་དང་ཕྱོགས་གཞན་ཞིག་ནས་ས་གནས་དེ་གའི་ཞིང་འབྲོག་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་ཡོད།

    ད་ཆ་ས་གནས་དེ་གར་ཆོས་སྒྲོན་འདྲ་བའི་འབྲས་ཤིང་དང་ཚལ་རིགས་འདེབས་འཛུགས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་མང་ཚོགས་མང་པོ་ཡོད།

    མེ་ཏོག་རྫོང་སྲིད་གཞུང་གིས་དུས་ངེས་མེད་དུ་ཚལ་རིགས་འདེབས་འཛུགས་ལག་རྩལ་དང་། འབྲས་ཤིང་འདེབས་གསོའི་ལག་རྩལ། ཁྱད་ལྡན་འདེབས་འཛུགས་ལས་རིགས། ལོ་ཏོག་གི་གནོད་འབུ་འགོག་བཅོས་སོགས་ཀྱི་ཆེད་དོན་འཆད་ཁྲིད་དང་དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག་གི་རྒྱབ་སྐྱོར་ལས་མང་ཚོགས་ལ་རིན་མེད་ངང་འབྲས་ཤིང་སྡོང་ཕྲུག་དང་། ཚལ་རིགས་ཀྱི་སོན། དེ་བཞིན་ཞིང་སྨན་དང་རྫས་ལུད་ཀྱི་ཁ་གསབ་སྤྲོད་པ་སོགས་ལས་མང་ཚོགས་དེ་བས་མང་བས་འབྲས་ཤིང་དང་ཚལ་རིགས་སོགས་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་བྱེད་འགོ་ཚུགས་པར་ཡོང་འབབ་ཡག་པོ་བྱུང་ཡོད་ལ་རང་ཁྱིམ་གྱི་དགོས་མཁོ་ཡང་བསྐངས་ཐུབ་ཡོད།

    མེ་ཏོག་རྫོང་ཞིང་འབྲོག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། 2018ལོར། རྫོང་དེའི་གྲོང་གསེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྔོན་རྩིས་བྱས་ན་སྒོར་ཁྲི་16512.76ཟིན་པ་དེས་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་46ནང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་ཡན་ཟིན་པའི་གྲོང་ཚོ་31ཡོད་པ་དེས་སྤྱི་འབོར་གྱི་67%ཟིན་པ་དེ་2017ལོའི་དུས་མཚུངས་ལས་སྲིད་འཛིན་གྲོང་ཚོ་21མང་དུ་ཕྱིན་ཡོད་པ་རེད།

    ཆོས་སྒྲོན་ཁྱིམ་གྱི་ཡོང་འབབ་ཇེ་མང་དུ་སོང་བ་དང་ཡ་གདུང་གྲོང་ཚོའི་གྲོང་མིའི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དེ་མེ་ཏོག་རྫོང་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་མྱུར་དུ་ཕྱིན་པ་དང་། རྒྱ་ཆེའི་མང་ཚོགས་རིམ་གྱིས་དབུལ་སྒྲོལ་ཐུབ་ནས་འབྱོར་འབྲིང་ལམ་བུར་བསྐྱོད་པ་བཅས་ཀྱི་བསྡུས་རིས་ཙམ་ཞིག་རེད། མང་ཚོགས་ཀྱི་ངི་གདོང་ལས་འཕྱུར་བའི་འཛུམ་མདངས་དང་སྐྱེ་འཚར་བཟང་བའི་ཤིང་འབྲས་དང་ཚལ་རིགས་ཀྱི་ཐོན་ལས་ལས་མི་རྣམས་ཀྱིས་མེ་ཏོག་བ་དུས་རབས་གསར་པར་བསྐྱོད་པའི་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མཐོང་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།