[ English ] [ 中文 ]
0891-6325020
  • རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   གསར་འགོད་པ། ཚེ་ཁོ་དང་ཟླ་ཚེ་རྒན་གཞོན་གྱིས།    |    སྤེལ་དུས།   2019-03-15

    601803_yis_1552367108100.jpg

    འདི་ནི་བགྲེས་སོང་ཚེ་རིང་རྡོ་རྗེས་གསར་འགོད་པར་བོད་ཤོག་ངོ་སྤྲོད་བྱེད་པ། 

    སྤྱིར་ཤོག་བུའི་བཟོ་རྩལ་ནི་ཀྲུང་ཧྭ་མི་རིགས་ཀྱི་གནའ་བོའི་གསར་གཏོད་ཆེན་པོ་བཞིའི་ཡ་གྱལ་ཞིག་ཡིན་ལ། མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་དང་ཡར་ཐོན་ཆེད་ལེགས་སྐྱེས་བླ་ན་མེད་པ་ཕུལ་ཡོད་པའང་བསྙོན་དུ་མེད། དེ་ཡང་། ཀྲུང་གོའི་ཤོག་བུ་བཟོ་རྩལ་གྱི་གྲུབ་ཆ་གལ་ཆེན་ཡིན་པའི་བོད་ཤོག་བཟོ་རྩལ་ནི་བོད་ཀྱི་ཕ་མེས་ཡང་མེས་རྣམས་ཀྱིས་དུས་ཡུན་ཧ་ཅང་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ཁྲོད་གསར་གཏོད་བྱས་པ་ཞིག་ཡིན་ཅིང་། དེ་ལས་བོད་མི་རིགས་ཀྱི་དཀའ་སྤྱད་ལས་བརྩོན་གྱི་སྙིང་སྟོབས་དང་བློ་རིག་གི་ཉིང་བཅུད་བསྡུས་ཡོད་པས་ད་སྐབས་འཛམ་གླིང་ས་ཕྱོགས་ཁག་གི་སྐྱེ་བོ་མང་པོས་དོ་ཁུར་བྱས་དང་བྱེད་མུས་སུ་མཆིས།

    སྙེ་མོ་རྫོང་ཞོལ་ལྷ་གྲོང་ཚོའི་ཚེ་རིང་རྡོ་རྗེ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་གྱི་ཚ་རབས་འཕྱུར་ནས་གང་སར་ཐོན་སྐྱེད་གོང་འཕེལ་ལ་གཞོལ་བའི་དུས་སྐབས་བཟང་པོར་བོད་ཤོག་བཟོ་རྩལ་ལ་སྦྱངས་པ་མཐར་ཕྱིན་གནང་ནས་མི་ཚེའི་ཕུགས་འདུན་དོན་དུ་གཉེར་མཁན་གྱི་ཞིང་པ་དཀྱུས་མ་ཞིག་རེད་ལ། ད་ཆ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཀྱང་ཡིན་པས། བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་ལ་གཞོལ་བའི་ཞིང་འབྲོག་པ་ཁྲི་སྟོང་མང་པོའི་དཔེ་མཚོན་ཞིག་རེད། 

    བོད་ཤོག་དང་འབྲེལ་བའི་ཐོག་མའི་ལས་དབང་།

    ཚེ་རིང་རྡོ་རྗེ་1951ལོར་བོད་ཤོག་བཟོ་མཁན་གྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་དཀར་གཙང་ཤོག་བུ་དང་ལྷན་དུ་འཚར་ལོངས་བྱུང་། དུས་དེ་ནས་བཟུང་། ཁོང་གི་མི་ཚེ་ཤོག་བུ་དང་ཁ་འབྲལ་ཐབས་མ་བྱུང་ལ། བོད་ཤོག་ལས་ཀྱང་ཁོ་བོ་ཕྱུག་འགྱུར་གྱི་ལམ་བུར་ཁྲིད་ཅིང་གཟི་བརྗིད་དང་དོན་སྙིང་འབུམ་གྱིས་ཕྱུག་པའི་མི་ཚེའི་གནམ་ས་ཡངས་མོ་ཞིག་བཏོད་པ་རེད། ཚེ་རིང་རྡོ་རྗེས་ཤག་ཤག་ཏུ་བཞུར་བའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་ངོ་གདོང་ལས་སྐྱོ་ཉམས་ཤིག་མངོན་བཞིན་དུ“ཆུང་དུས་སུ་ནང་མི་དགུ་ལ་ས་ཞིང་མུའུ་གཉིས་ལས་མེད། མུའུ་གཉིས་ཀྱིས་མི་དགུའི་ཁ་གསོ་དགོས་ལ་ད་དུང་ཁྲལ་སྐྱེལ་དགོས་སྟབས། བོད་ཤོག་བཟོས་ནས་འཚོ་བའི་ཡོང་འབབ་མི་འཚོལ་རང་འཚོལ་རེད”ཅེས་ང་ཚོར་བརྗོད། ཆུང་དུས་སུ་སྤོ་བོ་དང་པཱ་ལགས་ཀྱིས་བོད་ཤོག་བཟོ་བ་མཐོང་སྐབས་ལོ་ན་ཆུང་བའི་ཚེ་རིང་རྡོ་རྗེའི་སེམས་ལ་རང་ཉིད་ཆེན་པོ་ཆགས་ཚེ་བོད་ཤོག་བཟོ་མཁན་ཞིག་བྱེད་འདོད་པའི་འདུན་པ་དྲག་པོ་ཞིག་སྐྱེས། དེ་ཡང་། ཕོ་ལོ་བཅུ་གསུམ་ལྟག་པར་བསྐྱུར་ཚེ། བྲེ་སེར་འབྲོང་གི་རྭ་ནས་འཛིན་ཞེས་པའི་འཇིག་རྟེན་ཁ་དཔེ་ལྟར། ཚེ་རིང་རྡོ་རྗེ་ལོ་བཅུ་གསུམ་ནས་སྤོ་བོ་དང་པཱ་ལགས་ཀྱི་ལག་གཡོག་གི་ཞོར་དུ་ཤོག་བུ་བཟོ་སྟངས་སྦྱོང་འགོ་ཚུགས། སྐབས་དེར་འཚོ་བའི་འཁོས་ཀ་ཞན་པས་བོད་ཤོག་བཟོ་རྩལ་ཁོ་ནར་བརྟེན་ནས་ཁྱིམ་ཚང་ཡོངས་ཀྱི་མི་ཁ་གསོ་ཐབས་བྲལ། འཚོ་ཚིས་དོན་དུ་རྩལ་ནུས་མང་པོ་ཞིག་སྦྱོང་དགོས་བྱུང་བས། ལོ་བཅུ་བཞི་ཙམ་ནས་ཚེ་རིང་རྡོ་རྗེས་བོད་ཤོག་བཟོ་བའི་ཞོར་ལ་ཁྱིམ་དུ་ཤིང་བཟོའི་ལས་ལ་གཞོལ། ཁོང་གིས“སྐབས་དེ་དུས་ལྟོ་གོས་ཀྱི་ཆེད་དུ་ཤིང་བཟོའང་སྦྱངས་པ་ཡིན། ད་ཆ་བསམ་བློ་ཞིག་གཏོང་དུས་སྐབས་དེ་དུས་དུས་ཚོད་འཕྲོ་བརླག་མ་བཏང་བར་ལག་ཤེས་སྣེ་མང་སྦྱངས་པར་ད་ཆ་ཕན་པ་ཆེན་པོ་འདུག རང་ཉིད་ཀྱི་བོད་ཤོག་ཐོན་རྫས་ཀྱི་སྒྲོམ་ཚང་མ་གཞན་ལ་རེ་མི་དགོས་པར་སོ་སོས་བཟོས་པ་ཡིན། ཤིང་བཟོར་གཏོང་དགོས་པའི་དངུལ་མང་པོ་ཞིག་གྲོན་ཆུང་ཐུབ་བྱུང”ཞེས་བཤད་བྱུང་།

    སྤྱིར་དུས་རབས་གོང་མའི་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན། ཤིང་བཟོའི་ལས་རིགས་ལ་མི་རྣམས་ཀྱིས་མཐོང་ཆུང་དང་དམའ་འབེབས་བྱེད་ཀྱི་ཡོད་མོད། ཚེ་རིང་རྡོ་རྗེས་མི་ཁའི་རླུང་འཚུབ་ལ་ཁ་ཡ་མ་བྱས་པར་བློ་གཅིག་སེམས་གཅིག་གིས་ཤིང་བཟོའི་ལས་ལ་འབད་པ་རེད། མི་ཚེའི་ལམ་བུའི་ནང་དཀའ་བ་དང་སྡུག་བསྔལ་མང་པོ་ཞིག་འཕྲད་ངེས་ལ། འཕྲད་ཀྱང་སྲིད་ངེས་རེད། དེ་ལས་དཀའ་བ་ཁྱད་བསད་ཀྱིས་སྡུག་བསྔལ་ལ་གདོང་གཏོད་པ་ནི་ཡང་དག་པའི་བསམ་བློའི་འཁྱེར་སོ་ཞིག་ཅི་ལ་མིན། ཤོག་བུ་བཟོ་བའི་བརྒྱུད་རིམ་ཁྲོད་ཚེ་རིང་རྡོ་རྗེར་ཕམ་ཁ་བྱུང་མྱོང་ལ་བློ་ཕམ་ཡང་སྐྱེས་མྱོང་། ཡིན་ན་ཡང་། ཁོང་ལ་ནམ་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཤིག་དང་བྱ་དངོས་གསར་པ་དང་དུ་ལེན་པའི་སྤོབས་པ་ཤིག་ལྡན་ཡོད་། དེ་ནི་ཁོང་གི་མི་ཚེའི་བྱ་གཞག་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།

    བོད་ཤོག་བཟོ་བའི་རྒྱུ་ཆ་གཙོ་བོ་ནི་རྩྭ་རེ་ལྕག་ཡིན་ཞིང་། རེ་ལྕག་ནི་བརླན་གཤེར་ཅུང་ཆེ་བའི་རི་ལྡེབས་སུ་སྐྱེ་བས་བཀོག་དུས་དཀའ་ཚེགས་ཆེ་བ་དང་བཟོ་དུས་དུག་ཤེད་ཆེ་བ། སྲོལ་རྒྱུན་གྱི་བོད་ཤོག་ལག་ཤེས་ཁོ་ནར་བརྟེན་ནས་བཟོ་པ་ལས་དེང་རབས་ཀྱི་འཕྲུལ་ཆས་སྤྱོད་པའི་ཆ་རྐྱེན་མི་འདང་བ། ཐོན་སྐྱེད་བརྒྱུད་རིམ་རྙོག་འཛིང་ཆེ་བས་ཉིན་གཅིག་ལ་ཐོན་འབབ་ཉུང་བ། རེ་ལྕག་བརྡུངས་པའི་ཐལ་རྡུལ་གྱིས་མིག་ལ་གནོད་ཆེ་ཞིང་ངོ་གདོང་གི་པགས་པ་བུད་པ་སོགས་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། ཤོག་བུའི་སྲབ་མཐུག་རན་པོ་མེད་ཚེ་ཡི་གེ་འབྲི་དུས་བཀོལ་སྤྱོད་ཀྱི་རིན་ཐང་དེ་ཙམ་མེད་ལ། ཕྱིས་སུ་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་ཤོག་བུའི་མ་རྩ་ཇེ་དམའ་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པས། མང་ཚོགས་དཀྱུས་མས་རིན་གོང་དམའ་བའི་དེང་གི་ཤོག་བུར་དགའ་བ་ལས་བོད་ཤོག་ཉོ་མཁན་ཉིན་མོའི་སྐར་མའི་ཚུལ་དུ་སྣང་བས། ཁོང་གིས་བོད་ཤོག་གི་མདུན་ལམ་ལ་བསམ་གཞིག་གི་འཁོར་ལོ་ལན་མང་བསྐོར་མྱོང་ལ། རང་གི་ལག་ཟུང་ལས་བྱུང་བའི་ཐོན་རྫས་དག་བཀོལ་སྤྱོད་མེད་པའི་ཡིད་སྐྱོ་བའི་གནས་བབ་མཐོང་དུས་བློ་ཕམ་སྐྱེས་པ་ཉུང་ཉུང་མིན།

    བོད་ཤོག་གིས་མི་ཚེར་མཛེས་སྡུག་གི་བཀྲག་མདངས་གསར་པ་བསྣན་པ།

    སྤྱི་ཚོགས་དང་དཔལ་འབྱོར་ཉིན་རེ་ལས་མ་འདས་པར་གོང་དུ་འཕེལ་བ་དང་བསྟུན་ནས་སྲོལ་རྒྱུན་གྱི་བོད་ཤོག་བཟོ་རྩལ་ལའང་འགྲན་རྩོད་དང་གོ་སྐབས་གསར་པ་ཞིག་འཕྲད། འཕེལ་འགྱུར་རྒོད་པའི་དུས་རབས་འདིར་མི་སེམས་གཏན་དུ་བཟི་བྱེད་ཀྱི་དངོས་རྫས་སྤུས་བཟང་དང་ཡག་ཡག་མཛེས་མཛེས་དགོས་པས། ཁོང་གི་ཡིད་ཐང་མ་ཆད་པར། སྤྱི་ཚོགས་ཀྱི་དགོས་མཁོ་དང་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས། དང་ལེན་ནས་སློབ་སྦྱོང་དང་། སློབ་སྦྱོང་ནས་གསར་གཏོད་བྱས་ཏེ་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐབས་བྱེད། ལོ་སོ་ལྔའི་ཡས་མས་ལ་སླེབས་དུས་སྤྱི་ཚོགས་ཀྱི་འགྲན་སློང་ཁྲོད་ནས་རང་ཉིད་ཀྱི་བོད་ཤོག་གི་ཐོན་རྫས་ཉམས་ཞན་དུ་འགྲོ་བ་དང་དུ་བླངས་ཏེ། བལ་ཡུལ་གྱི་ལག་ཤེས་བཟོ་རྩལ་པ་ཞིག་དགེ་རྒན་ལ་བརྟེན་ནས་ཤོག་བུར་ཚོན་རྒྱག་སྟངས་སྦྱངས་ཏེ། སྲོལ་རྒྱུན་གྱི་བོད་ཤོག་ལ་ཚོན་མདོག་དཀར་པོ་གཅིག་ལས་མེད་པའི་རྣམ་པར་འགྱུར་ལྡོག་བཏང་བ་རེད། དེ་རྗེས་ཁོང་གིས་བོད་ཤོག་སྤྱད་དེ་ཨར་ཁང་དང་གསོལ་མགྲོན་ཁང་སོགས་ལ་མཁོ་བའི་མཛེས་སྤྲས་ཀྱི་ལྒང་བཞུ་སོགས་བཟོས་ནས་བོད་ཤོག་གི་ཐོན་རྫས་ལ་ཚེ་སྲོག་གསར་པ་ཞིག་བསྣན། ཁོང་གིས་བཟོས་པའི་བོད་ཤོག་ལ་བཞའ་ཚན་འགོག་པ་དང་། འབུ་མི་རྒྱག་པ། ཉི་མའི་འོད་འཚེར་པོ་གཅོག་ཐུབ་པ། སྤྱོད་ཡུན་རིང་བ། མིག་ལ་མཛེས་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་མི་མང་པོས་དགའ་པོ་བྱེད་ཀྱི་ཡོད། ཕྱིས་སུ་ཤོག་བུའི་སྲུབས་སུ་མེ་ཏོག་སོགས་བཅུག་ནས་ཉར་ཚགས་ཀྱི་རིན་ཐང་ལྡན་པའི་དངོས་རྫས་དང་ལག་རྟགས་རང་བཞིན་གྱི་ལག་ཤེས་ཐོན་རྫས་གསར་གཏོད་བྱས་པར་རྒྱ་ཆེའི་ཡུལ་སྐོར་བ་ཚོའི་དགའ་བསུ་ཆེན་པོ་ཐོབ།

    1985ལོར་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་གནའ་གཞུང་ཉམས་གསོ་བྱ་ཆེད། ཚེ་རིང་རྡོ་རྗེ་དང་དུས་ཡུན་ལོ་བཅོ་བརྒྱད་ཀྱི་གན་རྒྱ་བཞག་པས། ཁོང་གི་མི་ཚེའི་ཁ་ཕྱོགས་ཀྱང་སྔར་ལས་བརྟན་དུ་ཕྱིན་པ་རེད། དེ་ནས་བཟུང་། བོད་ཤོག་ཉོ་མཁན་དགོན་སྡེ་ཁོ་ན་མིན་པར། ཁོང་དང་གན་རྒྱ་འཇོག་མཁན་མི་སྒེར་དང་ལས་ཁུངས་སོགས་རིམ་བཞིན་མང་དུ་ཕྱིན་པ་རེད། 2006ལོར་རང་སྐྱོང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་ལས་དོན་སྤེལ་སྐབས་བོད་ཤོག་གི་སྲོལ་རྒྱུན་བཟོ་རྩལ་དངོས་སུ་ཀྲུང་གོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་དུ་བཅུག་པ་དང་། 2008ལོར་རིག་གནས་པུས་ཚེ་རིང་རྡོ་རྗེར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་གྱི་རྒྱུན་འཛིན་པའི་མཚན་སྙན་གནང་བ་རེད།

    དབུལ་སྒྲོལ་འགག་སྒྲོལ་ལ་རང་ནུས་ཕྲན་བུ་སྐྱེས་སུ་འབུལ།

    ད་ཆ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གོང་འཕེལ་ལ་སྣང་ཆེན་བྱེད་པ་མ་ཟད། ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་མྱུར་པོའི་ཁྲོད་ཚེ་རིང་རྡོ་རྗེར་ནང་སའི་ཤོག་བུ་བཟོ་སྟངས་སོགས་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པ་མ་ཚད། རྒྱབ་ཁབ་དང་། རང་སྐྱོང་ལྗོངས། རྫོང་བཅས་རིམ་པའི་བྱ་དགའ་བགྲང་གིས་མི་ལང་བ་ཐོབ་ཡོད་པ་རེད།

    ངལ་རྩོལ་ལ་བརྟེན་ནས་སྤྱི་ཚོགས་དང་མི་གཞན་ལ་ལེགས་སྐྱེས་འབུལ་བ་ནི་སྤྱི་ཚོགས་ཀྱིས་མི་སྒེར་གྱི་མི་ཚེའི་རིན་ཐང་འཇལ་བའི་ཡོངས་ཁྱབ་ཀྱི་ཚད་གཞི་ཞིག་ཡིན་པས། ངེད་གསར་འགོད་པས་ཚེ་རིང་རྡོ་རྗེར་ད་སྐབས་བོད་ཤོག་ལས་བྱུང་བའི་ལོ་རེའི་ཡོང་འབབ་དང་ལས་ཞུགས་མཁོ་འདོན་བྱེད་པའི་སྐོར་འདྲི་སྐབས། སྙེ་མོ་རྫོང་དྲིལ་བསྒྲགས་པུའི་ལས་དོན་མི་སྣ་ཚེ་སྒྲོལ་གྱིས“བོད་ཤོག་མཉམ་ལས་ཁང་ལ་ལོ་རེའི་ཡོང་འབབ་སྒོར་ཁྲི་40ནས་45བར་ཡོད་པ་དང་། ཁེ་གཙང་སྒོར་ཁྲི་20ཙམ་ཡོང་གི་ཡོད། མི་12ལ་ལས་ཞུགས་མཁོ་འདོན་བྱས་པ་མ་ཟད། གཏན་འཇགས་ཀྱི་ལས་མི་ལྔ་ཡོད། དེའི་ནང་དབང་པོ་སྐྱོན་ཅན་གྱི་ལས་མི་གཅིག་ཡོད། དེ་དག་ཚང་མ་དུད་ཚང་དབུལ་པོའི་མི་ཤ་སྟག་རེད”ཅེས་བརྗོད་བྱུང་།

    རིག་གནས་ནི་རྒྱལ་ཁབ་དང་མི་རིགས་ཤིག་གི་བླ་སྲོག་ཡིན། རིག་གནས་དར་ན་རྒྱལ་ཁབ་དར་བ་དང་རིག་གནས་ཕུན་སུམ་ཚོགས་ན་མི་རིགས་སྟོབས་ཤུགས་ལྡན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཡོངས་ཀྱི་རིག་གནས་གསར་སྐྲུན་དང་གསར་གཏོད་བྱེད་ཤུགས་ལ་སྐུལ་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་དགོས་པ་རེད། ང་ཚོས་ཚེ་རིང་རྡོ་རྗེར་མ་འོངས་པའི་མི་ཚེའི་དམིགས་ཡུལ་དང་། བོད་ཤོག་རྒྱུན་འཛིན་དང་སྲུང་སྐྱོང་སྐོར་འདྲི་སྐབས། ཁོང་གིས“ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་སྤེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས”ཞེས་བརྗོད་ཡོད་པ་དང་། ད་ཆ་རིག་གནས་ནི་མི་རིགས་ཤིག་གི་གོང་བུ་འགྲིལ་ཤུགས་དང་གསར་གཏོད་བྱེད་པའི་ཕྱི་མོ་ལྟ་བུར་གྱུར་དང་འགྱུར་བཞིན་ཡོད། ངས་ཀྱང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་དང་ཡང་སྒོས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གོང་ནས་གོང་དུ་འཕེལ་བར་རང་ནུས་གང་ཡོད་ཀྱིས་འབད་འབུངས་བྱེད་ཀྱི་ཡིན་ལ། དབུལ་པོའི་དུད་ཚང་སྔར་ལས་མང་བར་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བྱ་གཞག་རླབས་པོ་ཆེར་རང་ནུས་ཕྲན་བུ་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།