[ English ] [ 中文 ]
0891-6325020
  • མཛེས་སྡུག་ལྡན་པའི་གྲོང་རྡལ་ཆུང་ངུའི་བདེ་སྐྱིད་ཀྱི་ལམ་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

    འབྲས་ལྡན་དུས་འདིར། མེ་ཏོག་རྫོང་གྲོང་གནས་སའི་མེ་ཏོག་གྲོང་རྡལ་ནི་ཕྱོགས་བཞི་སྔོ་ལྗང་རི་བོས་བསྐོར་ཅིང་མཁའ་རླུང་གཙང་ལ། ཁྲོམ་གཞུང་དུ་སྐྱོད་སྐབས། ཡིད་དུ་འོང་བའི་སྡོད་ཁང་གསར་པ་གྲལ་སྟར་བསྒྲིགས་ཤིང་། རིག་གནས་ཐང་ཆེན་དུ་མང་ཚོགས་རྣམས་གླུ་གར་ལ་རོལ་བ་སོགས་མེ་ཏོག་གྲོང་རྡལ་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་གང་ས་གང་དུ་སྤྲོ་སྐྱིད་ཀྱིས་ཁེངས་འདུག

    ཉེ་བའི་ལོ་ཤས་རིང་། མེ་ཏོག་གྲོང་རྡལ་གྱིས་རྫོང་གྲོང་ལྟེ་བར་བྱེད་པ་དང་དབུས་ཀྱི་གྲོང་ཚོ་གཉིས་གཤོག་ཟུང་དུ་བྱས་ནས་མཐའ་འཁོར་གྱི་གྲོང་ཚོ་ཁག་ལ་ཁྱབ་འགྱེད་ཀྱི་ནུས་པ་བཏོན་པ་དང་། “སྣོད་བཅུད་ལེགས་པ་དང་། སྡོད་མལ་ལ་འཚམ་པ། བདེ་ཐང་ཡིན་པ། ཡིད་དབང་འཕྲོག་ཤུགས་ལྡན་པ། བདེ་སྐྱིད་ལྡན་པ”བཅས་ཀྱི་མིང་བྱང་ཡག་པོ་བཏོད་དེ། གྲོང་རྡལ་ཡོངས་ཀྱི་ལས་དོན་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།

    མེ་ཏོག་གྲོང་རྡལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་དགོས་ན་གྲོང་རྡལ་དེའི་ལེགས་ལྡན་ཐོན་ཁུངས་ཏེ། ཇ་ལོ་དང་ཁ་འབྲལ་ཐབས་མེད། ཉེ་བའི་ལོ་ཤས་རིང་། གྲོང་རྡལ་དེས་ཇ་ལོ་གཙོ་ཁྲིད་ཐོན་ལས་སུ་བྱས་ཐོག“གྲོང་ཚོ་རེར་སྤུས་རྟགས་རེའི”འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཧུར་ཐག་བྱས་ཏེ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ནུས་པ་སྔར་བས་ཆེ་རུ་བཏང་བ་རེད། མིག་སྔའི་བར། མེ་ཏོག་གྲོང་རྡལ་ལ་ཇ་ཞིང་མུའུ་1736ཡོད་པ་ལས་མུའུ་780ལ་ཕན་འབྲས་ཐོན་ནས། མང་ཚོགས་ལ་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་140.4ལྷག་ཙམ་བྱུང་བ་དང་། དུད་ཚང་དབུལ་པོར་འབབ་འཕར་སྒོར་ཁྲི་12.6ལྷག་ཙམ་བྱུང་ཡོད་པ་རེད།

    ཇ་ལོའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཆབས་ཅིག མེ་ཏོག་གྲོང་རྡལ་གྱིས་ཀྲི་པུའུ་དང་ཏང་ཡོན་དང་། ཁེ་ལས་དང་ཞིང་དུད་ཟུང་འབྲེལ་བྱས་ཏེ། ཤིང་ཏོག་ཡིའུ་ཙི་དང་། ངང་ལག སྔོ་ཚལ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས་ཧུར་ཐག་བྱས་པ་དང་། མེ་རི་གྲོང་ཚོའི་ཤིང་ཏོག་ཡིའུ་ཙིའི་རྟེན་གཞི་དང་དེ་བཞིན་དམག་སྡེ་གྲོང་ཚོའི་ངང་ལག་འདེབས་འཛུགས་དང་། ཡ་གདུང་གྲོང་ཚོའི་འབྲས་ཞིང་དགུན་བསྙལ་རིང་སྔོ་ཚལ་ཚོད་འདེབས་སོགས་ཀྱི་རྣམ་གྲངས་ཀྱིས་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། འདི་ལོའི་ཚུན་དུ། ཡ་གདུང་གྲོང་ཚོའི་འབྲས་ཞིང་དགུན་བསྙལ་རིང་སྔོ་ཚལ་འདེབས་འཛུགས་རྟེན་གཞི་དེ་སྔའི་མུའུ་54རྨང་གཞིའི་ཐོག་མགྱོགས་མྱུར་རྒྱ་སྐྱེད་བྱས་པས། མིག་སྔར་མུའུ་300ཙམ་ཟིན་ནས་དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་3000ལྷག་ཙམ་ཟིན་ཡོད་པ་རེད། དེ་དང་དུས་མཚུངས། མེ་ཏོག་གྲོང་རྡལ་གྱིས་གཏོགས་ཁོངས་ཀྱི་སྲིད་འཛིན་གྲོང་ཚོ་7འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ཁོངས་སུ་བཅུག་ནས་མིག་སྔར་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། མེ་རི་དང་། དམག་སྡེ། ཡ་རང་བཅས་སྲིད་འཛིན་གྲོང་ཚོ་གསུམ་གྱིས་མུའུ་387ཟིན་པའི་ཚད་གཞི་མཐོན་པོའི་ཞིང་ཁ་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་པ་མ་ཟད། ད་དུང་མེ་ཏོག་ཨ་མའི་མི་རིགས་ཁྱད་ལྡན་ཆེད་ལས་མཉམ་ལས་ཁང་དང་། མོན་པ་ཨ་མའི་ཞིང་དུད་སྤྲོ་སྐྱིད་ཁང་དང་བུད་མེད་ཀྱི་སུར་པན་རྟེན་གཞི་སོགས་གཏོད་རྒྱུར་ཤུགས་བརྒྱབ་པ་རེད།

    གཞན་ཡང་། མེ་ཏོག་གྲོང་རྡལ་གྱིས་རིན་ཆེན་སྤུངས་དང་ལྷ་གོང་མཛེས་ལྗོངས་ཁུལ་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་སྣོད་བཅུད་ཡུལ་སྐོར་བཏོད་དེ་མི་རིགས་གྲོང་ཚོ་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྐྲུན་པ་རེད། དེ་དང་ཆབས་ཅིག ས་གནས་དེ་གའི་མང་ཚོགས་ལ་རང་གི་བེད་མེད་དུ་བསྐྱུར་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་བདེ་སྡོད་ཁང་པ་ལྷག་མ་མགྲོན་ཁང་དང་ཞིང་པའི་ལག་ཤེས་ཐོན་རྫས་ཡུལ་སྐོར་ཚོང་ཟོག་ལ་བསྒྱུར་ནས། ཡུལ་སྐོར་བར་ཞབས་ཞུ་སྤུས་ལེགས་མཁོ་འདོན་གྱིས་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་དམངས་སྲོལ་རིག་གནས་བརྒྱུད་བསྒྲགས་བྱ་རྒྱུའི་བསྔགས་སྐུལ་བྱས་པ་རེད།

    མང་ཚོགས་ཀྱི“རང་བརྟེན”ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། མེ་ཏོག་གྲོང་རྡལ་གྱིས་ས་གནས་དེ་གའི་མང་ཚོགས་ལ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱེད་དགོས་པ་མ་ཟད། ད་དུང་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་རྒྱན་གོས་དང་། ཁྱད་ལྡན་ལག་ཤེས་ཐོན་རྫས། སྨྱུག་བསླས་ལག་རྩལ་སོགས་ཀྱི་གསོ་སྦྱོང་རྣམ་གྲངས་རྒྱ་ཁྱབ་ངང་སྤེལ་རྒྱུའི་སློབ་གསོ་ཁྲིད་སྟོན་ཧུར་ཐག་བྱས་པ་རེད། དེ་དང་ཆབས་ཅིག ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་མའི་སློབ་གསོ་ཁྲིད་སྟོན་ལས་དོན་ཡང་ཡག་པོ་བསྒྲུབས་ནས། ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་མར་རང་ཉིད་ཀྱིས་སྦྱངས་པའི་ཆེད་ལས་ཤེས་བྱར་བརྟེན་ནས་ཆེད་ལས་འདེབས་འཛུགས་མཉམ་ལས་ཁང་དང་རྒྱན་གོས་ཚོང་ཁང་སོགས་འཛུགས་རྒྱུའི་ཁྲིད་སྟོན་བྱས་པ་རེད།

    རྒྱང་སྐྱོད་ལམ་བུ་གསར་པའི་ཐོག མེ་ཏོག་གྲོང་རྡལ་གྱི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ཐོག ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེའུ་གསར་རྐྱང་ཞིག་བརྩམས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།