[ English ] [ 中文 ]
0891-6325020
  • ཀྲི་པུས་ཕྱུག་འགྱུར་སྣེ་ཁྲིད་བྱས་། ཡོང་འབབ་དབྱར་མཚོ་རྒྱས་ཤིང་འཕེལ་།

    ——— མེ་ཏོག་རྫོང་བདེ་ཞིང་གྲོང་ཚོས་ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བའི་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-10

    མེ་ཏོག་རྫོང་བདེ་ཞིང་གྲོང་ཚོའི་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གིས་མི་དམངས་ཀྱི་རེ་སྒུག་དང་བསྟུན་པ་དང་དུས་རབས་ཀྱི་བླང་བྱར་གཞིགས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་འགན་ཨང་དང་པོ་དེར་དམ་པོར་དམིགས་ནས། ཏང་དང་མི་དམངས་མང་ཚོགས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཞི་མཐུན་གྱི་རྨང་གཞི་བརྟན་པོར་འཛུགས་པ། སྟོབས་ཤུགས་ཀྱི་འབྱུང་རྩ་མཁོ་འདོན་བྱེད་པ་བཅས་ལ་བརྟེན་ནས་འཕེལ་རྒྱས་སྐུལ་འདེད་གཏོང་བའི་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་ཡོད་པ་རེད།

    “བདེ་ཞིང་གྲོང་ཚོ་ཉིད་མེ་ཏོག་རྫོང་གི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་དང་པོ་དེ་ཡིན་པའི་ངོས་ནས་བརྗོད་ན། ཉེ་བའི་ལོ་ཤས་རིང་ཁོང་ཚོས་རྩ་འཛུགས་ཀྱི་ནུས་པར་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ལས་བྱེད་པའི་འགན་འཁྲིའི་འདུ་ཤེས་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་ཏེ་འགན་འཁྲི་འཁུར་སེམས་དེ་ཏང་ཡོན་གྱི་རང་རྟོགས་དང་འགན་འཁྲི་ཞིག་ལ་གྱུར་བར་བྱས་པས་གྲོང་ཚོ་ཡོངས་ཀྱི་རྣམ་པར་གཞི་རྩའི་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ་སྔོ་ཞིང་དྭངས་བའི་རི་ཀླུང་དང་། ཞི་མཐུན་མཉམ་གནས། རྒས་དུས་འཚོ་བརྟེན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ་བཅས་ཀྱི་སྣོད་བཅུད་ཁྱིམ་གཞིས་དང་ཞི་མཐུན་ཁྱིམ་གཞིས་བསྐྲུན་པས་ཞིང་འབྲོག་མང་ཚོགས་ཀྱི་བསྔགས་བརྗོད་ཟབ་མོ་ཐོབ་ཡོད”ཅེས་མེ་ཏོག་རྫོང་གི་རྫོང་དཔོན་གཞོན་པ་ཝང་ཀུའེ་ལན་གྱིས་བཤད།

    “གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་ངོས་ནས་ངས་གྲོང་ཚོའི‘ཨུ་ལྷན་གཉིས’ཚན་ཁག་དང་དེ་བཞིན་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་གྱི་སྣེ་ཁྲིད་ནས་ཏང་ཡོན་གྱི་ཚད་གཞི་ལག་བསྟར་ནན་ཏན་བྱས་ཏེ་སྦྱངས་པ་གོ་ཆོད་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ་རྩ་འཛུགས་ཐུགས་བློ་བདེ་པོ་དང་མང་ཚོགས་བློ་ཡིད་འཚིམ་པ་ཞིག་ཡོང་བ་བྱ་རྒྱུ་ཡིན”ཞེས་བདེ་ཞིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་གིས་གསར་འགོད་པར་བཤད་པ་དང་། ཁོང་གིས་མིག་སྔར་གྲོང་ཚོ་ཡོངས་ལ་ཁྱོན་དུད་ཚང་94དང་མི་391ཡོད་པའི་ནང་ཏང་ཡོན་62ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་འགོ་ཁྲིད་འོག་བདེ་ཞིང་གྲོང་ཚོའི་ཏང་ཀྲི་པུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། རང་སྐྱོང་ལྗོངས་དང་ཉིང་ཁྲི་གྲོང་ཁྱེར་གྱི་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གྱུར་བར་བྱས་ཏེ“རིགས་ལྔའི”ཏང་རྩ་འཛུགས་དམ་འཛིན་བྱ་གཞིར་བྱས་ནས་ཏང་ཡོན་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་ཏང་ཀྲི་པུའི་གོང་བུ་སྒྲིལ་ཤུགས་ལ་ཤུགས་སྣོན་བརྒྱབ་པས་རང་ངོས་དོ་དམ་དང་རང་ངོས་འཕེལ་རྒྱས་རིམ་བཞིན་མངོན་འགྱུར་ཐུབ་ཡོད་ཅེས་བཤད།

    གྲོང་ཚོའི་ལས་བྱེད་པའི་ཞབས་ཞུའི་ནུས་པ་དང་། ལས་ཀའི་ནུས་པ། རིག་གནས་ཆུ་ཚད་བཅས་མཐོ་རུ་གཏོང་ཆེད། བདེ་ཞིང་གྲོང་ཚོས་ཐོག་མཐའ་བར་གསུམ་དུ་སློབ་གསོར་དམ་འཛིན་བྱ་རྒྱུ་ལྷོད་གཡེང་སྤུ་ཙམ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་ཚོའི་ལས་བྱེད་པའི་རིག་གནས་བྱང་ཚད་མཐོ་རུ་གཏོང་བ་དང་། ཆབས་ཅིག་ཏང་ཡོན་གྱི་སློབ་གསོ་དེའི་ནང་བཅུག་ནས་འཆར་གཞི་ཡོད་ལ་གཙོ་གནད་ཡོད་པའི་སྒོ་ནས་དུས་བཀག་གསོ་སྦྱོང་བྱས་པ་དང་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ཧུར་ཐག་ཞུགས་པས་སློབ་སྦྱོང་གི་རྣམ་པ་ཟབ་པ་དང་ལས་ཀའི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད།

    རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། ཧྥུའུ་ཅན་ཞིང་ཆེན་གྱི་དེ་སྔའི་བོད་སྐྱོར་ལས་དོན་རུ་ཁག་གི་ཐུགས་ཁུར་འོག་བདེ་ཞིང་གྲོང་ཚོས་ཇ་ལོ་དང་། ཤིང་ཏོག་ངང་ལག ཡིའུ་ཙི། རི་སྐྱེས་ལེ་མོན་བཅས་ཀྱིས་གཙོ་བོར་བྱས་པའི་དཔེ་མཚོན་གྱི་ཚ་བའི་ས་ཁུལ་གྱི་དཔལ་འབྱོར་ནགས་ཚལ་སྔ་རྗེས་སུ་བསྐྲུན་ཡོད་པ་དང་། ད་ཆ་གྲོང་ཚོ་ཡོངས་སུ་ལག་ཤེས་བཟོ་རྩལ་པ་8དང་སྔོ་ཚལ་དྲོད་ཁང་ཆེ་མོ་7ཡོད་པ་དང་དུད་ཚང་གཉིས་ཀྱི་མང་ཚོགས་ཀྱིས་དངུལ་བུན་གཡར་ནས་ཞིང་ཁྱིམ་སྒོ་རྩིས་ཚོང་ཁང་བཙུགས་པ་དང་། ད་དུང་དུད་ཚང་གཉིས་ཀྱི་མང་ཚོགས་ཀྱིས་མོན་པའི་ཁྱད་ལྡན་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་སྐྱོང་བྱས་ཡོད་པ་རེད། 2017ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་8800ལྷག་ཙམ་བྱུང་བ་དང་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་8036བྱུང་སྟེ་གཞི་རྩའི་ཆར་དབུལ་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།

    ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གོང་རིམ་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་དང་། ཞིང་ཞོར་ཐོན་རྫས་ཕྱིར་ཚོང་ཁང། ཚ་ཁུལ་ཤིང་འབྲས་འཐུ་ས་སོགས་རྣམ་གྲངས་བརྩོན་ལེན་བྱས་པས་ད་ལྟ་གཞི་རྩའི་ཆར་ལས་མཇུག་འགྲིལ་ཡོད་པ་རེད།

    བདེ་ཞིང་ཤང་གིས་ད་དུང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལྟེ་བའི་ལས་ཀར་བརྩིས་པ་དང་། གྲོང་མིས་གྲོང་སྲོལ་དམངས་ཆིངས་ལ་སྲུང་བརྩི་ནན་པོ་ཞུ་བ། ཁྲིམས་ལུགས་དྲིལ་བསྒྲགས་དང་། ཁོར་ཡུག་བཅོས་སྒྲིག འབྲུབ་འགོག་གེགས་སེལ་སོགས་བྱེད་ཐབས་དོན་འཁྱོལ་ནན་པོ། ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར། མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ་བཅས་བྱས་ནས་མཐའ་དར་དམངས་ཕྱུག་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད།

    བརྩོན་འགྲུས་ལྡན་ན་འབྲས་བཟང་ཐོབ་པར་ངེས། བདེ་ཞིང་གྲོང་ཚོའི་ཏང་ཡོན་ལས་བྱེད་མང་ཚོགས་ཡོངས་ཞུགས་པ་དང་དཀའ་སྤྱད་འབད་འཐབ་བྱས་པར་བརྟེན་མོན་པའི་ཡུལ་སྲོལ་གོམས་གཤིས་ཀྱི་རིག་གནས་དང་ཞིང་སྡེའི་རིག་གནས་བཀྲག་མདངས་འཚེར་སར་བྱས་ཏེ་རི་དང་། ཆུ། ཆུ་མིག གནས་སྡོད་བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་རིག་གནས་ཁྱད་ལྡན་གྲོང་ཚོ་དང་ཡིད་དབང་འཕྲོག་པའི་ཞི་མཐུན་བདེ་སྐྱིད་ལྡན་པའི་གྲོང་ཚོ་ཞིག་ཏུ་གྱུར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།