[ English ] [ 中文 ]
0891-6325020
  • བོད་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་འཁྲུངས་སྐར་ལ་དགའ་སྤྲོའི་ངང་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-03

    ཟླ་7ཚེས་1ཉིན་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཏང་རྩ་འཛུགས་ཀྱིས་སྤེལ་བཞིན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་དམ་པོར་དམིགས་ཏེ། བྱེད་སྒོ་སྣ་ཚོགས་སྤེལ་ནས་ཏང་དབུ་བརྙེས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ལྗོངས་ཏང་ཨུད་རྩ་འཛུགས་པུའུ(སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང)ཡིས་ལས་ཁུངས་ཀྱི་རྫོང་ཁྲུའུ་རིམ་པ་དང་དེ་ཡན་གྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་བློ་མཐུན་ཐན་ཀོན་སན་གྱི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་པ་དང། གསར་བརྗེ་པ་རྒན་རབས་ཚོར་རྗེས་དྲན་ཟབ་མོ་ཞུས་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”སྐོར་གྱི་ས་གནས་ས་ཐོག་གི་སློབ་ཁྲིད་ཉན་པ། དེ་རྗེས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བཅས་བྱས་པ་མ་ཟད། ཏང་ཡོན་ལ་ཐོག་མའི་བསམ་འདུན་དང་འགན་འཁྲི་མ་བརྗེད་པར་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་རྒན་རབས་པ་ཚོས་བཏོད་པའི་རླབས་ཆེན་བྱ་གཞག་དར་སྤེལ་གཏོང་དགོས་པའི་ཁྲིད་སྟོན་ཡང་བྱས་པ་རེད།

    རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང”བ་སྟེ་ཏང་དབུ་བརྙེས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ནས་ལྗོངས་ནོར་སྲིད་ཐིང་གི་2018ལོ་དང་2019ལོའི་ལོ་འཁོར་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་དོན་ལས་དོན་པ་སོགས་ལ་གཟེངས་བསྟོད་བྱས་པ་རེད།

    ལྗོངས་ཁྲིམས་འཛིན་ཐིང་གིས་རྒྱལ་དར་སྒྲེང་བའི་མཛད་སྒོ་དང་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གི་བྱེད་སྒོ་སྤེལ་བ་མ་ཟད། མི་སྣ་ཡོངས་སྒྲིག་འཛུགས་བྱས་ནས་ཐིང་ལས་ཁུངས་ཀྱི་འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་རུ་ཁག་གི་ནང་སྦྱོང་ལ་ལྟད་མོའང་བལྟས་པ་རེད།

    ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཆེད་འགན་འཁུར་མཁན་ཏང་དོན་ལས་བྱེད་པ་ཚོས་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི“ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་དྲན་གསོ་ཁང་དུ་ཡོང་སྟེ། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཆེད་འགན་འཁུར་མཁན་ཏང་དོན་ལས་བྱེད་པས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུ་བ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས“ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ”བརྗོད་དོན་གཙོ་བོར་བྱས་ཏེ། ཏང་གི་སློབ་ཚན་ཐེངས་གཅིག་འཁྲིད་པ་དང་། ཏང་གི་སྒྲིག་ཡིག་སློབ་སྦྱོང་ཐེངས་གཅིག་བྱེད་པ། གཟེངས་བསྟོད་ཐེངས་གཅིག་བྱེད་པ། ཆབ་སྲིད་ཀྱི་སྐྱེས་སྐར་ཐེངས་གཅིག་གཏོང་བ། གསར་བརྗེའི་གླུ་གཞས་ཤིག་ལེན་པ། སྔོན་གཤེགས་དཔའ་བོའི་བང་སོར་གུས་མཇལ་ཐེངས་གཅིག་ཞུ་བ། དྲན་གསོ་ཁང་ལ་ལྟ་སྐོར་ཐེངས་གཅིག་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

    ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་ཏང་རྩ་འཛུགས་ཀྱི་ཏང་ཡོན་རྒན་གྲས་ཚོས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་ཏང་ཡོན་གསར་པའི་ཏང་ཞུགས་དམ་བཅའ་འཇོག་པའི་བྱེད་སྒོ་སྤེལ་ཞིང་། ཏང་ཡོན་རྒན་གྲས་ཚོས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་དང་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་ཏང་རྩ་འཛུགས་ཀྱི་གྲ་སྒྲིག་ཏང་ཡོན་105ཡིས་ཏང་ཞུགས་དམ་བཅའ་བཞག་པ་རེད།

    རང་ལྗོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་བརྒྱ་ཙམ་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཏང་དབུ་བརྙེས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

    རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སྙན་ངག་གྱེར་འདོན་གྱི་བྱེད་སྒོ་སྤེལ་ཞིང་། ཐིང་ཁོངས་གཏོགས་ཀྱི་ཏང་ཡོན་ཡོངས་ཀྱིས《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》དང《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པའི་མཉམ་གཞས་བླངས་པ་མ་ཟད། ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་སྙན་ངག་གྱེར་འདོན་འགྲན་བསྡུར་ཡང་བྱས་པ་རེད།

    ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་2018ལོའི་ལོ་འཁོར་གྱི“སྔོན་ཐོན་ཀྲི་པུའུ་3དང་། ཕུལ་བྱུང་ཏང་ཡོན་9 ཕུལ་བྱུང་ཏང་དོན་ལས་བྱེད་པ་4”བཅས་ལ་གཟེངས་བསྟོད་བྱས་པ་དང་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་རེད།

    རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་ཏང་ཡོན་གྱི་ཆབ་སྲིད་ཁས་ལེན་གྱི་དམ་བཅའ་འཇོག་པ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་། ང་ནི་ཚན་རྩལ་པ་ཡིན་པས་སྤོབས་པ་ཆེ”ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་ཏེ་བོད་ཀྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་བློ་གྲོས་དང་སྟོབས་ཤུགས་སྔར་བས་གཅིག་ཏུ་བསྒྲིལ་ཡོད།

    རང་སྐྱོང་ལྗོངས་ཆུ་དཔྱད་ཅུས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་དམ་པོར་དམིགས་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ས་གནས་ཀྱི་སློབ་གསོའི་ཐོན་ཁུངས་སྔོག་འདོན་བྱས་ནས“བདུན་གཅིག”ལ་རྟེན་འབྲེལ་ཞུ་བའི་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་རེད།

    ལྷ་ས་གྲོང་ཁྱེར་གྱིས་ཏང་ཡོན་དང་ལས་བྱེད་པ་150ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ལྷུན་གྲུབ་རྫོང་གི་ཏང་ཡོན་ཏང་གཤིས་ཀྱི་སློབ་གསོའི་རྟེན་གཞིར(ལྷུན་གྲུབ་ཞིང་ར་གནས་ཡུལ་རྙིང་པ)བསྐྱོད་ནས་ཏང་དབུ་བརྙེས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུ་བ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    གཞིས་རྩེ་གྲོང་ཁྱེར་གྱིས་རྔམ་བརྗིད་ལྡན་པའི་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོ་འཚོགས་པ་དང་དེ་གར་ཡོད་པའི་ཏང་ཡོན་གསར་པ་དང་རྒན་གྲས་ཚོས་ཏང་ཞུགས་དམ་འཇོག་དང་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་མ་ཟད། “གསར་བརྗེའི་གླུ་གཞས”ལེན་པའི་བྱེད་སྒོ་ཡང་སྤེལ་བ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས“ཐོག་མའི་བསམ་འདུན་སྲུང་བ་དང་། ཏང་གི་བླ་སྲོག་གཏོད་པ། ཀུན་སེམས་གཅིག་མཐུན་གྱིས་ལོ་70འཁོར་བའི་འཁྲུངས་སྐར་ལ་ཕྱག་རྟགས་འབུལ་བ”བཅས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ནས་རྒྱ་ཆེའི་ཏང་ཡོན་གྱི་འགན་འཁྲི་ཁུར་སེམས་དང་སེམས་ནུས་འགྲིལ་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།

    ཉིང་ཁྲི་གྲོང་ཨུད་ཀྱི་ཏང་གི་སློབ་གྲྭའི་ཏང་ཀྲི་པུས་སློབ་གྲྭ་ཡོངས་ཀྱི་ཏང་ཡོན་41ལ་མཉམ་སྡེབ་ཐོག“ཆབ་སྲིད་ཀྱི་སྐྱེས་སྐར”བཏང་ཞིང་། ཏང་ཡོན་མི་རེ་ངོ་རེར་སྐྱེས་སྐར་གྱི་རྟེན་འབྲེལ་གཱ་རེ་སྤྲད་ནས་སྐྱེས་སྐར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས། ཏང་ཡོན་བློ་མཐུན་ཚོར་ཏང་ནང་ཞུགས་པའི་ཐོག་མའི་བསམ་འདུན་མ་བརྗེད་པར་ཆབ་སྲིད་ཀྱི་ངེས་ཤུགས་སྔར་བས་བརྟན་དུ་གཏོང་རྒྱུའི་དྲན་སྐུལ་ཡང་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་རྣམ་པ་སྣ་ཚོགས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་98འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད།

    ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གིས“གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འཁོད”ཅེས་པ་དང“བདུན་གཅིག”བསུ་བའི་རྒྱལ་གཅེས་ཀྱི་གླུ་གཞས་འགྲན་བསྡུར་བྱས་ཤིང་། གསར་བརྗེའི་གླུ་གཞས་རེ་རེ་ལས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱི་ཏང་གཅེས་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བ་རེད།

    མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གིས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ་རྫོང་རིག་གནས་ཐང་ཆེན་དུ“གསར་བརྗེའི་གླུ་གཞས་བླངས་ཏེ་ཏང་དབུ་བརྙེས་ནས་ལོ་98འཁོར་བར་བསུ་བ་ཞུ་བའི”བྱེད་སྒོ་སྤེལ་བ་མ་ཟད། རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོ་ཡང་འཚོགས་པ་རེད། བྱེད་སྒོ་སྤེལ་རིང་རྫོང་ཡོངས་ཀྱི་གྲ་སྒྲིག་ཏང་ཡོན་གྱི་འཐུས་མི་10ཡིས་དམར་མདངས་བཀྲ་བའི་ཏང་དར་མདུན་དུ་བསྒམ་ནན་ངང་ཏང་ཞུགས་དམ་བཅའ་བཞག་པ་དང་ཏང་ཡོན་རྒན་གྲས་ཚོས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།