[ English ] [ 中文 ]
0891-6325020
  • ལས་འགྲོའི་མདུད་པ་ཐེབས། གཏམ་སྙན་གང་སར་ཁྱབ།

    ——ལི་ཡུང་ཧུང་དང་དབྱངས་ལགས་དབར་གྱི་བརྩེ་དུང་གི་གཏམ་རྒྱུད་སྙན་མོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-18

    ངམ་རིང་རྫོང་སྟེང་མཐོང་གྲོང་ཚོ་ནས་རྫོང་གྲོང་བར་ལམ་ཐག་སྤྱི་ལེ་16ཡོད་པ་དང་། རྡོ་གཞུང་ཆུ་བོ་གྲོང་ཚོའི་ཉེ་འགྲམ་ནས་དལ་བུར་ཡར་ཀླུང་གཙང་པོར་འབབ་ཅིང་། གྲོང་ཚོ་དཀྱུས་མ་འདི་ནས་ང་ཚོས་ཡུལ་མི་ཚོས“ཨ་ཁུ་ལགས”ཞེས་འབོད་པའི་ལི་ཡུང་ཧུང་དང་ཁོང་གི་བཟའ་ཟླ་དབྱངས་ལགས་ལ་བཅར་འདྲི་བྱེད་ཐུབ་བྱུང་ལ། ཁོང་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་དང་མི་སེམས་འགུལ་བའི་བརྩེ་དུང་གི་གཏམ་རྒྱུད་རིང་མོ་ཞིག་དལ་བུར་བརྗོད་བྱུང་།

    ལོ་20ལྷག་ཙམ་གྱི་གོང་། ལི་ཡུང་ཧུང་ཕ་ཡུལ་གཅིག་པའི་མི་ཞིག་དང་འགྲོགས་ཏེ་ཕ་ཡུལ་ཧུའུ་པེ་ནས་ངམ་རིང་དུ་ཚོང་རྒྱག་པར་ཡོང་། ཐོག་མར་དཔུང་རྒྱུག་འཁྱེར་ནས་ཤང་དང་གྲོང་ཚོར་བསྐྱོད་དེ་གང་སར་ཚོང་ཙག་ཙིག་རྒྱག་པར་འགྲོ་གི་ཡོད། སྐད་ཆ་གོ་བརྡ་མི་འཕྲོད་པའི་ཁར་འཚོ་བ་དཀའ་ཚེགས་ཆེ་བ་དང་དགའ་ཉེ་སྤུན་མཆེད་ཀྱང་ཉེ་འགྲམ་དུ་མེད་པས། ལི་ཡུང་ཧུང་ལ་ཕ་ཡུལ་དུ་ལོག་རྒྱུའི་འདུན་པ་དྲག་པོ་སྐྱེས། ཉིན་ཞིག་སྟེང་མཐོང་གྲོང་ཚོར་ཅ་ལག་འཚོང་བར་ཡོང་ནས་རྫོང་གྲོང་དུ་ལོག་མ་ཐུབ་སྟབས། ཁྱིམ་ཚང་ཞིག་ཏུ་གནས་ཚང་གཡར་ནས་སྡོད་རྒྱུ་ལས་ཐབས་མེད་པར་གྱུར། གནས་ཚང་གཡོར་ས་དེ་ནི་ཏག་ཏག་དབྱངས་ལགས་ཀྱི་ཁྱིམ་རེད། ཕྱིས་སུ་ཅ་ལག་འཚོང་བར་ཐེངས་ཁ་ཤས་ཡོང་སྟེ་རྫོང་གྲོང་དུ་ལོག་མ་ཐུབ་རུང་། སྟེས་དབང་གིས་དབྱངས་ལགས་ཀྱི་ཁྱིམ་དུ་ཐེངས་མང་པོར་གནས་ཚང་གཡར་ནས་བསྡད། བུ་མོ་སེམས་བཟང་ཅན་དང་ལས་ལ་བརྩོན་པའི་ཕོ་གཞོན་གཉིས་རིམ་བཞིན་རྒྱུས་ལོན་བྱུང་ནས་བརྩེ་དུང་གི་མྱུ་གུ་ངང་གིས་འབུས།

    གཉེན་སྒྲིག་བྱ་རྒྱུའི་སྐོར་གླེང་སྐབས་དབྱངས་ལགས་ཀྱི་ཨ་མས་ཁས་གཏན་ནས་བླངས་མེད། འོན་ཀྱང་ལི་ཞའོ་ཧུང་དང་དབྱངས་ལགས་མཐར་འཇིག་རྟེན་མཐུན་འཇུག་གི་ལམ་དུ་བསྐྱོད་ལ། དབྱངས་ལགས་ཀྱི་ཨ་མ་བློ་བདེ་པོ་ཡོང་ཆེད། ཁོང་གཉིས་ཀྱི་གྲོས་བསྡུར་མང་པོ་བྱས་མཐར་ལི་ཡུང་ཧུང་སྟེང་མཐོང་གྲོང་ཚོར་མག་པར་ཡོང་རྒྱུའི་ཐག་བཅད།

    གཉེན་སྒྲིག་བྱས་ནས་འཚོ་བ་སྐྱེལ་སྐབས་ཐོག་མར་དགའ་རོགས་སྒྲིག་པ་ལྟར་སྐྱིད་ཀྱིས་ཁེངས་པའང་མིན་ཏེ། དབྱངས་ལགས་ལ་ད་དུང་སློབ་གྲྭ་འགྲིམ་བཞིན་པའི་གཅུང་མོ་གཉིས་དང་དབང་པོ་སྐྱོན་ཅན་གྱི་གཅུང་པོ་ཞིག་ཡོད། ལོ་ཉི་ཤུ་ལྷག་རིང་ཁྱིམ་གྱི་ངལ་དུབ་ཆེ་བའི་ལས་ཀ་ཚང་མ་ལི་ཡུང་ཧུང་གིས་བྱས་ཤིང་། རྒྱུན་དུ་གཅུང་མོ་གཉིས་སློབ་གྲྭར་སྐྱེལ་བ་དང་། དབང་པོ་སྐྱོན་ཅན་གྱི་གཅུང་པོར་ལྟ་སྐྱོང་བྱེད་པ། ནང་མིར་ལྟོ་དུས་གསུམ་བཟོ་དགོས་པ་ལ་སོགས་ཀྱི་ལས་ཀ་མང་པོ་ཡོད། སྟབས་ལེགས་པ་ཞིག་ལ་ལི་ཡུང་ཧུང་ལས་ཀར་འཇོན་པོ་ཡོད་པས། ཁོང་གིས་ཙག་ཙིག་ཚོང་ཁང་གཉེར་བ་དང་ལས་ཡུལ་དུ་གླ་པར་སྐྱོད་པ་རེད། སྐབས་དེར་ཁྱིམ་ཚང་གི་འབྱོར་འཁོས་ཞན་ཙམ་ཡོད་རུང་ནང་མི་ཚང་མས་དགའ་སྤྲོ་འཆམ་མཐུན་ངང་འཚོ་བ་སྐྱེལ་བཞིན་ཡོད།

    ཉེ་བའི་ལོ་ཤས་རིང་གྲོང་ཚོའི་ནང་སྔོ་ཚལ་དྲོད་ཁང་ཆེན་པོ་བསྐྲུན་པས་ལི་ཡུང་ཧུང་ལ་རང་གི་འཇོན་ཐང་ངོམ་ས་རག་པ་རེད། ས་བོན་འདེབས་པ་དང་། ལྗང་རྐང་འཛུགས་པ། ཆུ་རྒྱག་པ། གནོད་འབུ་གསོད་པ་བཅས་ལ་ལི་ཡུང་ཧུང་བྱང་ཆུབ་པོ་ཡོད། རང་ཁྱིམ་གྱི་དྲོད་ཁང་ཆེན་པོར་སྔོ་ཚལ་ཡག་པོ་བཏབ་རྗེས་ལི་ཡུང་ཧུང་གིས་གྲོང་ཚོའི་ནང་གི་ཁྱིམ་ཚང་གཞན་དག་ལ་ལག་རྩལ་བསླབས་པ་དང་། གྲོང་ཚོའི་ནང་སྔོ་ཚལ་འདེབས་འཛུགས་དུད་ཚང་ཆེན་པོ་གཞན་ཞིག་ཡོད་པ་དེ་ནི་ལི་ཡུང་ཧུང་གིས་ཚལ་འདེབས་སྟངས་བསླབས་པ་ལས་འཕེལ་རྒྱས་བྱུང་བ་རེད། སྔོ་ཚལ་དྲོད་ཁང་ཆེན་པོར་སྔོ་ཚལ་སྐྱེ་འཚར་བཟང་བས་གྲོང་པ་ཁྱིམ་མཚེས་ལ་འཚོང་བ་མ་ཟད། ད་དུང་ཤང་དང་རྫོང་གྲོང་དུའང་འཚོང་གི་ཡོད། དེ་ལྟར་ཁྱིམ་གྱི་འཚོ་བ་ཡང་ཇེ་ལེགས་སུ་ཕྱིན་ཡོད།

    ཕ་ཡུལ་དུ་ལི་ཡུང་ཧུང་ནི་སྨན་པ་རྐང་རྗེན་ཞིག་ཡིན་པ་དང་། སྟེང་མཐོང་གྲོང་ཚོར་སླེབས་རྗེས་ལི་ཡུང་ཧུང་ནི་གྲོང་ཚོ་ཡོངས་ཀྱི“མཁོ་ཆོད་སྨན་པར”གྱུར་ཡོད། ད་ཆ་སྟེང་མཐོང་གྲོང་ཚོའི་འབར་འབུར་ཆེ་བའི་ལམ་བུ་དག་ཨར་འདམ་ལམ་དུ་བསྐྲུན་པས། ཡུལ་མི་ཚོ་རྫོང་གྲོང་དུ་ནད་གཞི་ལྟ་བར་འགྲོ་བདེ་པོ་ཡོད་ནའང་། གལ་སྲིད་ནད་གཞི་ཡང་མོའམ་ཡང་ན་རྨས་སྐྱོན་ཆུང་ཆུང་ཕོག་ཚེ་ལི་ཡུང་ཧུང་གི་སར་ལྟ་བར་འགྲོ་གི་ཡོད་ལ། གྲོང་ཚོའི་ཡུལ་མི་སྤུན་མཆེད་ཚོས་ལི་ཡུང་ཧུང་རང་ཁྱིམ་གྱི་གཅེན་གཅུང་ལྟ་བུར་བརྩི་ཡི་ཡོད།

    བཟའ་མི་བུ་ཕྲུག་གང་དུ་ཡོད་ན་ཁྱིམ་ཚང་ཡང་དེ་གར་ཡོད་པས། ད་ཆ་ཕ་ཡུལ་དུ་ལོག་འདོད་མི་འདུག 2017ལོར་ངའི་བུ་ཆུང་ཕ་ཡུལ་ཧུའུ་པེའི་ཀྲུང་ནན་ནོར་དཔལ་སྲིད་ཁྲིམས་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། བུ་རྟག་དུ་ངའི་ཕ་ཡུལ་དུ་ལོག་གི་ཡོད་པས། ང་རང་ལོག་པ་དང་ཁྱད་མེད་ཅེས་ལི་ཡུང་ཧུང་གིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།