[ English ] [ 中文 ]
0891-6325020
  • སེ་འབྲུའི་གོང་བུ་བཞིན་དུ་རྡོག་རྩ་གཅིག་ཏུ་བསྒྲིལ།

    ཆབ་མདོ་གྲོང་ཨུད་གཞུང་ལས་ཁང་གིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ”ཅེས་པའི་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-13

    གླེང་གཞི།

    ཆབ་མདོ་གྲོང་ཨུད་གཞུང་ལས་ཁང་ལ་ད་ཆ་ལས་བྱེད་ལས་བཟོ་120ལྷག་ཙམ་ཡོད་པ་དག་ནི་མེས་རྒྱལ་གྱི་ས་གནས་ཁག་ནས་ཡོང་བ་དང་། རྒྱ་རིགས་དང་། བོད་རིགས། ཀེ་ལའོ་རིགས། ཐུའུ་ཅ་རིགས་སོགས་ཡོད། དུས་ཡུན་རིང་པོའི་ནང་། ཆབ་མདོ་གྲོང་ཨུད་གཞུང་ལས་ཁང་གིས་གྲོང་ཨུད་བློ་བདེ་བའི་སོ་སྲུང་ཡག་པོ་བྱས་པ་དང་། གྲོང་ཨུད་ཀྱི་ལྟེ་བའི་ལས་ཀར་དམ་པོར་དམིགས་ཁར་སྤྱི་ཡོངས་ལ་ཞབས་ཞུ་དང་། འགན་འཁྲི་གཙང་སྒྲུབ། ལས་དོན་ཏན་ཏིག་སྒྲུབ་པ། ལམ་བཟོའི་རྡོ་བྱེད་ཕོད་པ། ཕན་ཚུན་རྒྱབ་སྐྱོར་དང་གཞོགས་འདེགས། སེ་འབྲུ་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་སོགས་ལས་བྱེད་ལས་བཟོ་ཀུན་གྱིས་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་པ་དང་སྲུང་སྐྱོང་པ་ཧུར་ཐག་བྱས་ནས་ཉེ་འཁོར་གྱི་དོན་དག་ཆུང་ཙག་ནས་བསྒྲུབས་ཏེ་མི་རིགས་མཐུན་སྒྲིལ་གྲོང་ཨུད་གཞུང་ལས་ཁང་གི་ལས་བྱེད་ལས་བཟོའི་ཁྲག་རྒྱུན་ནང་སིམས་ནས། མི་རིགས་ཁག་གི་ལས་བྱེད་པ“ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ”པའི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་བཏོད་ཡོད།

    མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་བླ་སྲོག་བསྐྲུན།

    “ཏང་སྲིད་ལས་ཁུངས་ཀྱི་གཞུང་ལས་ཁང་གི་ལས་སྒོའི་གསོ་སྦྱོང”ནི་ཆབ་མདོ་གྲོང་ཨུད་གཞུང་ལས་ཁང་གིས་2010ལོ་ཚུན་ཡུན་རིང་གཉེར་བའི་ཆེད་ལས་ཀྱི་གསོ་སྦྱོང་ཞིག་ཡིན་པ་དང་། གྲོང་ཨུད་གཞུང་ལས་ཁང་དང་གྲོང་ཁྱེར་ཐད་གཏོགས་ཚན་པར་ལས་སྒོའི་རྐང་འཛིན་པ་ཁག་གཅིག་གསོ་སྐྱོང་བྱས་པ་རེད།

    ནམ་རྒྱུན་གྱི་ལས་ཀའི་ནང་ཆབ་མདོ་གྲོང་ཨུད་གཞུང་ལས་ཁང་གིས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་དུས་བཀག་གམ་ཡང་ན་དུས་ངེས་མེད་ནང་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་། བཅའ་ཁྲིམས་ཁྲིམས་སྲོལ། ཆེད་ལས་ཀྱི་ཤེས་བྱ། ཚན་རིག་རིག་གནས་ཀྱི་ཤེས་བྱ་བཅས་ནང་དོན་གཙོ་བོར་བྱས་པའི་སློབ་སྦྱོང་བྱས་ཏེ། ལས་བྱེད་ལས་བཟོའི་ཕྱོགས་བསྡུས་ཀྱི་བྱང་ཚད་རིམ་བཞིན་མཐོ་རུ་སོང་བ་དང་། མི་རིགས་ཁག་གི་ལས་བྱེད་ལས་བཟོའི་བློ་གཅིག་སེམས་གཅིག་དང་འོ་ཆུ་མཉམ་འདྲེས་ཀྱི་བློ་རྩ་སྔར་བས་བརྟན་དུ་སོང་ནས་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་སྔར་བས་རང་རྟོགས་སུ་གྱུར་ཡོད།

    གཞན་ཡང་། ཆབ་མདོ་གྲོང་ཨུད་གཞུང་ལས་ཁང་གིས“ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”དང“མི་རིགས་མཐུན་སྒྲིལ་ཟླ་བ”སོགས་ཀྱི་དུས་མཚམས་སུ་མི་རིགས་མཐུན་སྒྲིལ་གྱི་ཏང་ཡོན་གདོང་ལེན་བྱ་སྤྱོད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དང་། མི་རིགས་སྲིད་ཇུས། མི་རིགས་བཅའ་ཁྲིམས་ཁྲིམས་སྲོལ་སོགས་གཞི་རྩའི་ཤེས་བྱ་དྲིལ་བསྒྲགས་བྱས་པ་མ་ཟད། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་དང“ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔ”ཡི་སློབ་གསོ་སྤེལ་ནས་ལས་བྱེད་ལས་བཟོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཆགས་པར་བྱས་ཡོད།

    མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་སྙན་དབྱངས་དཀྲོལ།

    མི་རིགས་མཐུན་སྒྲིལ་བྱེད་པར་སྐྱེ་བོ་ཀུན་ཧང་སངས་པའི་དོན་ཆེན་སྒྲུབ་དགོས་པའི་ངེས་པ་མེད། གྲོང་ཨུད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་དེ་ནམ་རྒྱུན་གྱི་འཚོ་བ་དང་། ལས་ཀ དེ་བཞིན་སློབ་སྦྱོང་བཅས་སུ་དོན་འཁྱོལ་མཐའ་འཁྱོངས་བྱས་པ་སྟེ།

    གྲོང་ཨུད་གཞུང་ལས་ཁང་གི་ཏང་ཡོན་བྱེད་སྒོ་ཁང་དུ་དཔེ་དེབ་དང་། མིག་མངས། གསོ་རླུང་བཟོ་ཆས་སོགས་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ལས་བྱེད་ལས་བཟོར་སྤྲོ་སྣང་ལྡན་པའི་སློབ་སྦྱོང་དང་སྤེལ་རེས་ཀྱི་ལས་སྟེགས་ཤིག་བསྐྲུན་པ་དང་།

    བོད་རིགས་ལས་བྱེད་ལས་བཟོ་དང་རྒྱ་རིགས་དང་དེ་བཞིན་མི་རིགས་གཞན་དག་གི་ལས་བྱེད་ལས་བཟོའི་དབར་ཁ་སྐད་སློབ་སྦྱོང་རོགས་རེས་ཆ་སྒྲིག་བྱས་ནས་མཉམ་དུ་སློབ་སྦྱོང་དང་ཡར་རྒྱས་བྱུང་བ།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐབས་བོད་རིགས་ལས་བྱེད་ལས་བཟོས་རྒྱ་རིགས་དང་མི་རིགས་གཞན་དག་གི་ལས་བྱེད་ལས་བཟོ་རང་ཁྱིམ་དུ་གདན་དྲངས་ནས་ལོ་གསར་བཏང་བ་དང་། རྒྱ་རིགས་ལས་བྱེད་པས་བོད་རིགས་དང་མི་རིགས་གཞན་དག་གི་ལས་བྱེད་པ་རང་ཁྱིམ་དུ་གདན་དྲངས་ནས་དཔྱིད་གསར་དུས་ཆེན་བཏང་ནས་མི་རིགས་ཁག་གི་ལས་བྱེད་ལས་བཟོའི་དབར་གྱི་བརྩེ་དུང་ཟབ་ཏུ་ཕྱིན་ཡོད།

    མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་གླུ་གཞས་ལེན།

    དཔའ་ཤོད་རྫོང་གླ་སྐེ་ཤང་གླ་སྐེ་གྲོང་ཚོ་ནི་གྲོང་ཨུད་གཞུང་ལས་ཁང་གི་བཅའ་སྡོད་བྱ་ཡུལ་ཡིན་ཞིང་། གྲོང་ཨུད་གཞུང་ལས་ཁང་གིས་གྲོང་སྡོད་ལས་དོན་རུ་ཁག་ལ་མཐོང་ཆེན་པོ་བྱས་པ་དང་དེ་ཉིད་ལས་བྱེད་ལས་བཟོར་སྦྱོང་བརྡར་དང་མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་ཡུལ་དུ་བརྩི་གི་ཡོད།

    གྲོང་ཨུད་གཞུང་ལས་ཁང་གིས་ན་གཞོན་རྒྱ་རིགས་ལས་བྱེད་པ་ཕུལ་བྱུང་དང་མི་རིགས་ལས་བྱེད་པ་གླ་སྐེ་གྲོང་ཚོར་གྲོང་སྡོད་ལས་དོན་བསྒྲུབ་པར་མངགས་པ་དང་། གླ་སྐེ་ཤང་ལ་འཕེལ་རྒྱས་འཆར་འགོད་བཟོ་རོགས་དང་། གླ་སྐེ་གྲོང་ཚོའི་ཡུལ་སྐོར་དཔལ་འབྱོར་དངོས་ཚན་གཏོད་པ། ཆུ་དང་གློག་དང་དེ་བཞིན་འཕྲིན་གཏོང་ལས་གྲྭ་འཛུགས་སྐྲུན་སོགས་བྱས་ཡོད། བཅའ་སྡོད་བྱ་ཡུལ་དུ་དབུལ་སྒྲོལ་དཀའ་སེལ་གྱི་མ་དངུལ་སྒོར་ཁྲི་20བཏང་ནས་བཅའ་སྡོད་བྱ་ཡུལ་གྱི་བུད་མེད་དབུལ་པོར“སྐྱེད་མའི་སྦྲག་བསྐུར”སྤྲད་ཡོད། བཅའ་སྡོད་བྱ་ཡུལ་ལ་སྒོ་རྩིས་ཚོང་ཁང་གཉེར་རོགས་བྱས་ནས་དམངས་ཕན་ཞབས་ཞུ་ཁྱབ་གདལ་དང་མང་ཚོགས་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཀྱིས་གླ་སྐེ་གྲོང་ཚོར“འབྱོར་ཕྱུག་དང་། སྣོད་བཅུད། ཞི་མཐུན”བཅས་ཀྱི་མིང་བྱང་བཏོད་པ་རེད།

    ལོ་མང་རིང་། ཆབ་མདོ་གྲོང་ཨུད་གཞུང་ལས་ཁང་གིས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་རྒྱུན་འཁྱོངས་ལྷོད་མེད་ངང་སྤེལ་བ་དང་། མི་རིགས་ཁག་གི་ལས་བྱེད་ལས་བཟོས་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་སྒྲིལ་གྱིས་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་བླ་སྲོག་བཏོད་པ་དང་། མི་རིགས་མཐུན་སྒྲིལ་གྱི་དབྱངས་སྙན་དཀྲོལ་བ། མི་རིགས་མཐུན་སྒྲིལ་གྱི་གླུ་གཞས་བླངས་པ་བཅས་བྱས་ཏེ་ཞི་མཐུན་མཉམ་གནས་དང་སེམས་ཤུགས་གཅིག་སྒྲིལ་གྱི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་སྲ་བརྟན་དང་གོང་འཕེལ་བཏང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།