[ English ] [ 中文 ]
0891-6325020
  • འབྲུ་རྡོག་རེ་རེ་ལས་ཐོག་མའི་བསམ་འདུན་མངོན་པ།

    —— རང་སྐྱོང་ལྗོངས་ཀྱི་དུས་རབས་ཀྱི་མིག་དཔེ་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཞིབ་འཇུག་པ་ཡུས་ཏའེ་ལིན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    659153_yis_1568002455940.jpg

    འདི་ནི་2017ལོར་ཡུས་ཏའེ་ལིན་གྱིས་པ་སྣམ་རྫོང་དཔའ་རྩལ་ཤང་གི་ཞིང་པར་ནས་སོན་འདེབས་སྟངས་སློབ་བཞིན་པ།

    ཡུས་ཏའེ་ལིན་གྱི་ངོས་ནས་བརྗོད་ན་ནས་ནི་ཁོང་དང་མི་ཚེ་གཅིག་འགྲོགས་པའི་ས་བོན་དང་ལྗང་པ་རེད་ལ། ཁོང་གི་སེམས་ནུས་དང་། ཕུགས་བསམ། རེ་བ་བཅས་གཅིག་ཏུ་འདུས་པའི་གཅེས་ནོར་ཞིག་ཀྱང་རེད། 

    བགྲང་བྱ་34ཡི་རིང་ཉིན་མཚན་བལྟོས་མེད་བློ་རྩེ་གཅིག་སྒྲིམ་ངང་བྱ་གཞག་ལ་བརྩོན་པ་དང་། མུའུ་ཁྲི་200ཡི་ཞིང་ས་གཤིན་པོའི་ཐོག་རེ་བའི་ས་བོན་བཏབ་ཡོད་ལ། ཁོང་གིས་ནས་ཞིང་དུ་བཞག་པའི་རྐང་རྗེས་རེ་རེ་ནི་འབད་འཐབ་ཀྱི་རྐང་རྗེས་ཡིན་པ་དེ་བས་ཀྱང་སྨོས་མེད་རེད།

    རྩ་ཞྭ་དང་། རྒྱབ་ཁུར། ཆུ་ལྷམ་བཅས་ནི་ཡུས་ཏའེ་ལིན་གྱི་ལུས་དང་ཁ་བྲལ་ཐབས་མེད་པའི་ནོར་བུ་གསུམ་ཡིན་ཞིང་། སྒོར་400ལྷག་ཙམ་སྤྲད་པའི་ཕྱི་གོས་ནི་ཁོང་གི་རིན་གོང་མཐོ་ཤོས་ཀྱི་གྱོན་གོས་རེད། འཕྲིན་ཡིག་དང་། གློག་འཕྲིན། ཁ་པར། སྐད་འཕྲིན་བཅས་ནི་ཁོང་གིས་ཐག་རིང་ནང་མིར་འབྲེལ་བ་བྱེད་ས་ཡིན་པ་དང་། ཁོང་གིས་ས་མཐོའི་ས་གཞི་ཆེན་པོའི་ཐོག་དཀའ་ཚེགས་ཀྱིས་ལས་ཀ་བསྒྲུབས། ཉི་ཟླ་དང་། ཞིང་ནང་མུ་ཁ། ཁ་བ་བུ་ཡུག་བཅས་ཀྱིས་དཔང་པོ་བྱེད་ཐུབ། བྱ་དགའ་མང་པོའི་ཁྲོད་ཡུས་ཏའེ་ལིན་གྱིས་དགའ་ཤོས་བྱེད་པ་ནི་བོད་རིགས་མང་ཚོགས་ཚོས་ཁོང་ལ“ནས་ཀྱི་རྒན་ཡུས་ལགས”ཞེས་འབོད་པ་དེ་རེད། 

    ནད་བཅོས། ཕྲུ་གུའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་ལྟར་ཞིང་ནང་མུ་ཁར་ལྟ་ཞིབ་བྱས་པ།

    2019ལོའི་ཟླ་7ཚེས་4ཉིན་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་པ་ཞོལ་གྲོང་ཚོར་འདི་ལོའི་དབྱར་ཁར་ཡུན་རིང་མ་འབབ་པའི་ཆར་པ་འབབ་འགོ་ཚུགས། 

    ཡུས་ཏའེ་ལིན་ཕྲུ་གུ་ཞིག་དང་འདྲ་བར་སྤྲོ་སྣང་ཆེན་པོ་བྱུང་ནས་པ་ཞོལ་གྲོང་ཚོར་གནས་པའི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་པ་སྣམ་ཚོད་ལྟའི་ས་ཚིགས་ཀྱི་ཐོག་སོ་གཉིས་པའི་ཕྱོགས་སུ་རྒྱུག་སྟེ་ཆར་ཟིམ་ཁྲོད་ནས་ཐག་རིང་དུ་རྒྱང་ལྟ་བྱས། 

    “ལྟོས་དང་། ‘ཡུར་བུ་པ་ཏྲའི་རིས་ལྟར་བཀྲ་བ་དང་། ཞིང་ཁ་ཤོ་གྲུ་བཞི་འདྲ་བ། ལྕང་མ་རྣམས་གྲལ་ལྟར་འགྲིག་པ་མ་ཟད། དེང་རབས་ཅན་གྱི་ཆུ་འདྲེན་སྒྲིག་བཀོད་ཀྱི་འགན་ལེན་ཡོད་པས་དུས་འགོར་ཆར་ཆུ་འབེལ་པོ་མེད་ནའང་འདི་ལོའི་ནས་ཀྱི་ལྗང་པ་སྐྱེ་ཚུལ་ཡག་པོ་ཡོད་པའི་ཁར་ཆར་པ་དུས་ཐོག་ཏུ་བབས་པས་འདི་ལོ་ཡང་ལོ་ལེགས་ཡོང་རྒྱུ་རེད་འདུག”ཅེས་ཡུས་ཏའེ་ལིན་གྱིས་མདུན་ཕྱོགས་སུ་མཛུབ་མོ་གཏད་དེ་དགའ་སྤྲོའི་ངང་བཤད། 

    ཕྱི་དྲོ་གནམ་དྭངས་པ་དང་ཡུས་ཏའེ་ལིན་གྱིས་བྲེལ་འཚུབ་ངང་ཁྱིམ་གྱི་སྒོ་དོན་ནས་པ་སྣམ་རྫོང་དཔའ་རྩལ་ཤང་གི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་གྲོགས་པོ་རྙིང་པ་བཀྲ་དབང་བཙལ་ཏེ་མཉམ་དུ་ལྗང་པ་སྐྱེ་ཚུལ་ལ་ལྟ་བར་བསྐྱོད། 

    བཀྲ་དབང་དང་ཡུས་ཏའེ་ལིན་ནི་ངོ་ཤེས་ནས་ལོ་14སོང་བའི་གྲོགས་པོ་རྙིང་པ་རེད། བཀྲ་དབང་གི་མིག་ནང་རྩ་ཞྭ་དང་འགྱིག་ལྷམ་གྱོན་པ་དང་། དོར་མ་ཡར་ཙམ་བརྫེས་ཏེ་གོམ་སྟབས་མགྱོགས་པའི་ཡུས་ཏའེ་ལིན་ནི་ས་ཆ་དེར་རྒྱུས་མངའ་ཟབ་ཤོས་ཀྱི་མི་ཞིག་རེད། 

    2006ལོར་བཀྲ་དབང་དང་ཡུས་ཏའེ་ལིན་ཐོག་མར་ངོ་ཤེས་པ་དང་། ལོ་དེར་ཡུས་ཏའེ་ལིན་དང་ཁོང་གི་ཚོགས་པ་པ་སྣམ་ཚོད་ལྟའི་ས་ཚིགས་སུ་ཐེངས་དང་པོ་ཡོང་ནས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ལས་རོགས་ཚོའི་ལས་མཇུག་བསྐྱངས་ཏེ་ནས་སོན་སྣ་ཁ་བརྒྱ་ལྷག་ཙམ་མུ་མཐུད་འདེབས་གསོ་དང་། ལྟ་ཞིབ། བསྡུར་བ་བཅས་བྱས་པ་མ་ཟད། མཐར“བོད་ནས་ཨང་2000པ”བདམས་ཏེ་གཞི་ཁྱོན་ཆེན་པོའི་དཔེ་སྟོན་ཁྱབ་གདལ་བཏང་ནས་ལོ་14ལས་ཀ་དེ་བྱས་ཡོད། 

    ལོ་14ཡི་རིང་ཚ་གདུག་དང་ཆར་རླུང་ལ་མ་འཛེམས་པར་ཞིང་ནང་མུ་ཁར་བསྐྱོད་དེ་ཉེ་འགྲམ་གྱི་ལས་རོགས་ཁག་ཐེངས་གསུམ་བཞི་ཙམ་བརྗེས་ནའང་ཡུས་ཏའེ་ལིན་གྱིས་ཚོད་ལྟ་དང་ཁྱབ་གདལ་གྱི་འཐབ་ཕྱོགས་དང་པོ་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ཡོད། 

    ཞིང་ནང་དུ་སླེབས་རིམ་བཞིན་ཡུས་ཏའེ་ལིན་གྱིས་ལག་ཆ་འཁྱེར་ནས་ལས་ལ་བྲེལ་འགོ་ཚུགས་པ་དང་། ཁོང་གིས་སྐབས་བསྟུན་ངང་སྨི་ངོས་གྲུ་གཅིག་གི་ཁྱབ་ཁོངས་ཀྱི་ལྗང་པ་སྐྱེ་ཚུལ་ལ་བརྟག་དཔྱད་བྱེད་ཀྱི་ཡོད། དེར་ལག་རྩལ་དགོས་ཀྱི་ཡོད་ལ་ལུས་ཤུགས་ཀྱང་དེ་བས་དགོས་ཀྱི་ཡོད། 

    མིག་སྔར་ནས་ཀྱི་ལྗང་པ་ཆུང་ཆུང་ཡིན་པས་ནས་ཀྱི་ལྗང་པའི་གྲངས་འབོར་རྩིས་གསལ་པོ་རྒྱག་ཐུབ་པ་དང་། ནད་ཀྱི་གནོད་འཚེ་དང་གནོད་འབུའི་གནས་ཚུལ་གསལ་པོ་མཐོང་ཆེད་ཡུས་ཏའེ་ལིན་གྱིས་ལག་པ་འདམ་བག་ནང་བཅུག་པ་དང་པུས་མོ་གཉིས་ས་ལ་བཙུགས་ནས་ཆུ་ཚོད་ཕྱེད་ཀ་སོང་ནའང་ཡར་ལངས་ཀྱི་མེད། 

    “མི་ན་ཚེ་ནད་གཞི་བལྟས་ནས་སྨན་ཟ་དགོས་པ་ཇི་བཞིན་ཞིང་ལས་ལོ་ཏོག་ལའང་དེ་ལྟར་བྱེད་དགོས། འོན་ཀྱང་ལོ་ཏོག་གིས་སྐད་ཆ་ཤོད་མི་ཤེས་སྟབས་ང་ཚོས་དེར་བརྟག་དཔྱད་ཞིབ་ཕྲ་བྱེད་དགོས། ལོ་ཏོག་དེ་དག་ལ་གཡོག་བྱེད་བྱ་རྒྱུ་ནི་ཕྲུ་གུ་ཞིག་ལས་ལྷག་པ་བྱེད་དགོས”ཞེས་ནས་ཀྱི་སྐོར་གླེང་སྐབས་སྐད་ཆ་ཤོད་རྒྱུར་དགའ་པོ་མེད་པའི་ཡུས་ཏའེ་ལིན་ལ་སྐད་ཆ་ཆུ་རྒྱུག་རྒྱུག་ཤོད་རྒྱུ་ཡོད་པ་རེད། 

    ཡུན་རིང་པོ་ཞིང་ནང་མུ་ཁར་ཞིང་པར་ལག་རྩལ་མཛུབ་ཁྲིད་དང་ཞབས་འདེགས་ཞུས་ནས་ཁ་ལག་ཟ་བའི་དུས་ཚོད་ངེས་གཏན་མེད་པས་ཡུས་ཏའེ་ལིན་ལ་ཕོ་བའི་ནད་ཚབས་ཆེན་ཕོག་ཡོད། འོན་ཀྱང་ཁོང་གིས་ཞིང་ལས་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་ཐོག་མཐའ་བར་གསུམ་དུ་འབད་འཐབ་བྱས་ནས་ཞིང་ནང་མུ་ཁར་སྐྱོད་ཡོད། ཡུས་ཏའེ་ལིན་གྱིས་ཞིང་ལས་ལག་རྩལ་ངེས་པར་དུ་ཞིང་དུད་ཁྲོད་དུ་ཁྱབ་གདལ་གཏོང་དགོས། དུས་ཚོད་དང་མཚམས་ཚིག་གལ་ཆེན་སྐབས་ངས་ས་ཆ་དེ་གའི་ཞིང་པར་བཀོལ་སྤྱོད་བྱེད་སྟངས་བསླབས་ནས་ལག་རྩལ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད། 

    ཚོད་ལྟ། “ཕམ་ཁ”ཚོད་ལྟ་བྱེད་སར་འཇོག་པ་དང“རྒྱལ་ཁ”ཞིང་ནང་དུ་འཇོག་པ། 

    པ་ཞོལ་གྲོང་ཚོའི་ཞིང་ནང་མུ་ཁར་ཞིང་པ་མང་པོ་ཞིག་གིས་ཡུས་ཏའེ་ལིན་དང་སྐད་ཆ་ཤོད་ཀྱི་ཡོད། “ང་ཚོའི་ཞིང་ལས་ལག་རྩལ་མི་སྣས་ཚང་མར་སོན་བཟང་འཁྱེར་ཏེ་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱས་པས་ས་གནས་དེ་གའི་མང་ཚོགས་ཀྱིས་ང་ཚོ་མཐོང་སྐབས་ཧ་ཅང་དགའ་པོ་བྱེད་ལ་ང་ཚོ་ངོ་མི་ཤེས་མཁན་མེད”ཅེས་ཡུས་ཏའེ་ལིན་གྱིས་གད་མོ་དགོད་བཞིན་བཤད། 

    2007ལོ་ནི“བོད་ནས་ཨང་2000པ”དཔེ་སྟོན་འདེབས་འཛུགས་བྱས་པའི་ལོ་དང་པོ་རེད། 1994ལོ་ནས་བཟུང་རྒྱུད་འདྲེས་འདེམས་གསོ་བྱས་པ་ནས་2013ལོར་ཞིབ་བཤེར་གཏན་འབེབས་བྱས་པའི་བར་ལོ་19སོང་བ་དང་ལྷུ་ཚིགས་དང་འགག་སྒོ་མང་པོ་བརྒྱུད་རྗེས། “བོད་ནས་ཨང་2000པ”གཞི་ནས་འདེབས་ཐུབ་པ་དང་། དེར་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཚན་ཞིབ་མི་སྣ་མི་རབས་འགའི་སེམས་ནུས་འདུས་ཡོད་པས་དེའི་ཁྲོད་ཀྱི་དཀའ་སྡུག་ནི་ཡུས་ཏའེ་ལིན་ལ་མྱོང་ཚོར་ཟབ་མོ་ཡོད། 

    “‘བོད་ནས་ཨང་2000པའི’ཆེད་ང་ཚོའི་ཞིང་འབྲོག་ཚན་རིག་ཁང་གི་ཚན་ཞིབ་མི་སྣས་དཀའ་ལས་མང་པོ་བརྒྱབ་པ་ཡིན། སྐབས་དེ་དུས་ཚོད་ལྟར་སྤྱོད་པའི་ས་བོན་བརྒྱ་ཕྲག་ཡོད་པ་དང་། འདེབས་འཛུགས་བྱས་རྗེས་ང་ཚོས་ཉིན་ལྟར་ནམ་ལངས་མ་ཐག་ཞིང་ནང་དུ་ལྟ་ཞིབ་དང་ཟིན་ཐོ་བཀོད་པར་སྐྱོད་ནས་ཉིན་གང་ལུས་ཀྱི་ཡོད། ཉིན་130ཡི་སྐྱེ་འཚར་དུས་འཁོར་ནང་ང་གཅིག་པུས་གྲངས་གཞི་ཁྲི་2ཙམ་ཐོ་བཀོད་དེ་ཚོད་ལྟ་གྲངས་མེད་བྱས་མཐར‘བོད་ནས་ཨང་2000པ’བཏོད་ཐུབ་བྱུང”ཞེས་ཡུས་ཏའེ་ལིན་གྱིས་བརྗོད་པ་དང་། ཁོང་གི་ཟིན་བྲིས་དེབ་ཁ་ཕྱེ་སྐབས་སྟེང་དུ་གྲངས་གཞི་དང་བརྟག་དཔྱད་ཀྱི་འབྲས་བུ་འབོར་ཆེན་ཞིབ་ཚགས་པོས་བཀོད་ཡོད་པ་དང་། “བོད་ནས་ཨང་2000པ”སྐྱེད་སྲིང་བྱེད་རིང་ཡུས་ཏའེ་ལིན་གྱིས་དེབ་དེ་འདྲ་མང་པོ་ཞིག་བྲིས་ཡོད། 

    ནས་ཀྱི་སོན་བཟང་རྡོག་པོ་རེ་རེ་ཐོན་པར་ཚང་མ་ནི་རྒྱུད་འདྲེས་དང་ཚོད་ལྟ་སྟོང་ཕྲག་མང་པོ་དང་ལོ་བཅུ་གྲངས་ཀྱི་འཚོལ་ཞིབ་ལས་བྱུང་བ་ཞིག་རེད། “2016ལོ་ཁོ་ནར་ང་ཚོས་ས་བོན་ཁག་བརྒྱ་གྲངས་ཙམ་དོར་ནས་ཕམ་ཁ་ཚང་མ་ཚོད་ལྟའི་ཞིང་ནང་དུ་བཞག་པ་དང་། ཞིང་ཁ་དངོས་སུ་གཏོར་བ་ནི་སོན་བཟང་ཤ་སྟག་ཡིན་པས་ཞིང་པར་འབབ་འཕར་ཡོང་ངེས་རེད”

    2007ལོར་ཡུས་ཏའེ་ལིན་གྱིས་ཡིད་ཆེས་ལྡབ་བརྒྱའི་ཐོག་ནས་དཔའ་རྩལ་ཤང་དཀྱིལ་མཁར་གྲོང་ཚོར་སྐྱོད་དེ་ཐོན་སྐྱེད་དཔེ་སྟོན་སྤེལ་རྩིས་བྱེད་སྐབས་མི་སུ་ཞིག་གིས་ཀྱང་ས་བོན་གསར་པ་དེ་འདེབས་འདོད་བྱེད་ཀྱི་མེད། 

    གྲོང་ཚོ་ཨུ་ལྷན་གྱི་ལས་བྱེད་པ་ཡིན་པའི་བུ་ཆུང་གིས་བསམ་གཞིག་མང་པོ་བྱས་མཐར་ཁྱིམ་གྱི་མུའུ་47ཡོད་པའི་ཁྲོད་ནས་མུའུ་2སྤྱད་དེ“བོད་ནས་ཨང་2000པ”ཚོད་འདེབས་ཐོག་མར་བྱས། 

    “ས་བོན་དེ་ས་བོན་གཞན་དག་དང་འདྲ་པོ་འདུག དངོས་འབྲེལ་ཐོན་འབབ་ཡག་ཏུ་འགྲོ་སྲིད་དམ”ཞེས་བུ་ཆུང་གིས“བོད་ནས་ཨང་2000པར”ལྟ་བཞིན་ཡིད་ཆེས་ལ་མ་ཆེས་ངང་དེ་ལྟར་བཤད། 

    ཡུས་ཏའེ་ལིན་གྱིས་ཐོས་མ་ཐག་དངངས་འཚབ་ལངས་ནས་གདེང་ཚོད་ཆེན་པོས“གལ་ཏེ་ས་བོན་དེ་ཁྱེད་ཀྱིས་དེ་སྔོན་བཏབ་པ་ལས་ཐོན་འབབ་ཞན་པ་ཡོད་ན་ངས་ཁྱེད་ཀྱི་གྱོང་གུན་གསབ་ཆོག གལ་ཏེ་ཐོན་འབབ་དེ་ལས་མང་བ་བྱུང་ན་ཁྱེད་ཀྱིས་ང་ལ་ཨ་རག་ཉོ་དགོས”ཞེས་བཤད། 

    ལོ་མཇུག་ཏུ་བུ་ཆུང་ཁྱིམ་ལ་ཞིང་ཁ་མུའུ་2ནས་ནས་རྒྱ་མ་480ཏག་ཏག་བསྡུ་རྒྱུ་བྱུང་ཡོད། བུ་ཆུང་གིས་དགའ་སྤྲོའི་ངང་རང་ཁྱིམ་གྱིས་བསྙལ་བའི་ནས་ཆང་འཁྱེར་ནས་ཡུས་ཏའེ་ལིན་ཆང་འཐུང་བར་གདན་དྲངས། དེ་ནས་བཟུང“བོད་ནས་ཨང་2000པ”དཔའ་རྩལ་ཤང་དུ་སྐད་གྲགས་ཆོད་ཡོད། 

    2008ལོར་དཔའ་རྩལ་ཤང་གིས“བོད་ནས་ཨང་2000པ”མུའུ་30ལྷག་ཙམ་བཏབ་པ་དང་། 2009ལོར་མུའུ་600ལྷག་ཙམ་བར་མང་དུ་བཏང་ཡོད། 2010ལོར་མུའུ་8000ལྷག་ཙམ་བཏབ་པས་དབྱིབས་རྩིས་སྟར་གྲངས་ཀྱི་འཕར་སྣོན་བྱུང་ཡོད། 2018ལོར་དཔའ་རྩལ་ཤང་ཡོངས་སུ“བོད་ནས་ཨང་2000པ”འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་1.2ཟིན་ཡོད་པ་རེད། 

    2013ལོར་རང་སྐྱོང་ལྗོངས་ཀྱིས“བོད་ནས་ཨང་2000པའི”ནས་སོན་གསར་པ་དཔེ་སྟོན་ཁྱབ་གདལ་གཏོང་རྒྱུ་དེ་ཉིད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ནང་བཅུག་ནས་ལྗོངས་ཡོངས་སུ་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། སོན་བཟང་དེ་དག་མང་ཆེ་བ་དཔའ་རྩལ་ཤང་ནས་འཁྱེར་ཡོང་བ་ཞིག་རེད། 

    “ད་ཆ་ང་ཚོས་འབྲུ་རིགས་ཐོན་སྐྱེད་མི་བྱེད་པར་སོན་བཟང་འདེབས་ཀྱི་ཡོད”ཅེས་བཀྲ་དབང་གིས་དེ་ལྟར་བཤད་པ་དང་། ད་ཆ་དཔའ་རྩལ་ཤང་དེ་ཉིད་ལྗོངས་ཡོངས་ཀྱི་ནས་སོན་བཟང་དཔེ་སྟོན་རྟེན་གཞི་ཆེ་ཤོས་སུ་གྱུར་པ་དང་། སོན་བཟང་གི་གོང་ཚད་འབྲུ་རིགས་ལས་མཐོ་བ་ཡོད་པས། “བོད་ནས་ཨང་2000པའི”སོན་བཟང་དེ་ཉིད་ཤང་ཡོངས་ཀྱི་ཞིང་པའི་ཡོང་འབབ་ཡོངས་ཁུངས་གཙོ་བོར་གྱུར་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཉེ་བའི་ལོ་ལྔའི་རིང་། དཔའ་རྩལ་ཤང་གིས་ཕྱི་ཕྱོགས་ལ“བོད་ནས་ཨང་2000པའི”སོན་བཟང་རྒྱ་མ་ཁྲི་1800ལྷག་ཙམ་བཙོངས་པར་ཡོང་འབབ་སྒོར་ཁྲི་5000ལྷག་ཙམ་བྱུང་ཡོད། 

    2018ལོའི་ལོ་མཇུག་བར། བོད་ཀྱི་ནས་འདེབས་ཁྱོན་མུའུ་ཁྲི་211ལྷག་ཙམ་བར་འཕར་བ་དང་། ནས་ཀྱི་ཐོན་འབབ་ཏུན་ཁྲི་80ལྷག་ཟིན་པའི་ཁྲོད་འདེབས་ཁྱོན་ཆེ་ཤོས་ནི“བོད་ནས་ཨང་2000པ”ཡིན་པ་རེད། 

    ཡུལ་ཏའེ་ལིན་གྱིས་ལོ་34མཐའ་འཁྱོངས་བྱས་ནས་ཞིང་ལས་ཚན་རྩལ་ཞིང་པ་ཁྲི་སྟོང་མང་པོའི་ཁྲོད་དུ་ཁྱབ་གདལ་བཏང་བ་དང་། དཔྱད་རྩོམ་མཚོ་བོད་ས་མཐོའི་ས་གཞི་ཆེ་མོའི་ངོས་སུ་བྲིས་ཡོད། 

    ཁྱབ་གདལ། སོན་བཟང་ས་མཐོར་ཁྱབ་གདལ་བཏང་ནས་ཞིང་པའི་ཧུར་སེམས་འཕེལ་བར་བྱས་པ། 

    ལོ་34ཡི་རིང་ཡུས་ཏའེ་ལིན་ལ་སྔ་རྗེས་སུ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་རྟགས་དང་། རྒྱལ་ཡོངས་ཕུལ་བྱུང་ཚན་རྩལ་ལས་དོན་པ། རྒྱལ་ཡོངས་ཞིང་འབྲོག་ཉ་ལས་ལོ་ལེགས་བྱ་དགའི་བྱ་དགའ་རིམ་པ་གཉིས་པ། བོད་རང་སྐྱོང་ལྗོངས་ཚན་རྩལ་བྱ་དགའི་བྱ་དགའ་རིམ་པ་དང་པོ་སོགས་ཚན་རིག་ལག་རྩལ་བྱ་དགའ་སྣ་ཚོགས་17ལྷག་རག་ཡོད། འདི་ལོ་བོད་རང་སྐྱོང་ལྗོངས་ཀྱིས་ཁོང་ལད་དུང“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲད་ཡོད། 

    རང་སྐྱོང་ལྗོངས་ཀྱི་དུས་རབས་ཀྱི་མིག་དཔེའི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་རྗེས་ཡུས་ཏའེ་ལིན་གྱིས་གྱོན་ཆས་འགའ་ཤས་བསྡུ་གསོག་རགས་ཙམ་བརྒྱབ་རྗེས་བྲེལ་འཚུབ་ངང་རྡོག་ཐོན་བྱེད་འགོ་ཚུགས། “ངལ་གསོ་དང་། དུས་ཆེན། གཟའ་ཉི་མ། ལོ་གསར་གནམ་གང་སོགས་གཏོང་ཁོམ་མི་འདུག ལས་ཀ་ཡོད་ཕྱིན་ང་རང་གྲོང་གསེབ་ཏུ་སྡོད་རྒྱུ་གོམས་གཤིས་སུ་གྱུར་འདུག”ཅེས་ཡུས་ཏའེ་ལིན་གྱིས་དེ་ལྟར་བཤད། 

    པ་སྣམ་ཚོད་ལྟའི་ས་ཚིགས་ཀྱི་བཅའ་སྡོད་བྱ་ཡུལ་དུ་ཡུས་ཏའེ་ལིན་འགྲོ་མ་མྱོང་བའི་ཁྱིམ་ཚང་གཅིག་ཀྱང་མེད་པ་དང་། པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་ཉེ་འགྲམ་གྱི་རི་མགོ་ཚང་མར་ཡུས་ཏའེ་ལིན་སླེབས་མྱོང་། 

    པ་ཞོལ་གྲོང་ཚོར་ཡོང་རིམ་བཞིན་ཡུས་ཏའེ་ལིན་གྱིས་འཚོ་བའི་མཁོ་ཆས་ཏོག་ཙམ་འཁྱེར་ནས་གྲོང་མི་ཆོས་འཕགས་ཁྱིམ་དུ་འགྲོ་བ་དང་ཆོས་འཕགས་ཀྱིས་ཡུས་ཏའེ་ལིན་ཡོང་རིམ་བཞིན་ཁོང་ལ་རང་ཁྱིམ་ཀྱི་ནས་ལས་བྱུང་བའི་རྩམ་པ་རས་ཕད་ཆུང་ངུ་རེ་བསྐུར་གྱི་ཡོད། ལོ་བཅུ་གྲངས་ཁ་ཤས་རིང་རྒྱུན་བསྐྱངས་ནས་བསྐུར་བའི་རྩམ་པ་རས་ཕད་བཅུ་ཕྲག་དེ་དག་ལས་ཡུས་ཏའེ་ལིན་དང་ཆོས་འཕགས་ཁྱིམ་བར་གྱི་མཛའ་གྲོགས་མཚོན་ཡོད། 

    ཆོས་འཕགས་ནི་པ་ཞོལ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པ་དང་། མི་རིང་བའི་གོང་ཁྱིམ་གསར་པར་སྤོས་ཡོད། ཡུས་ཏའེ་ལིན་ཡོང་གི་ཡོད་པ་ཐོས་རྗེས་ཆོས་འཕགས་ཀྱིས་ལམ་སེང་ཚོད་ལྟའི་ས་ཚིགས་སུ་བསྐྱོད་ནས་ཡུས་ཏའེ་ལིན་རང་གི་ཁང་པ་གསར་པར་ལྟ་བར་གདན་དྲངས། 

    2006ལོར་ཆོས་འཕགས་ཁྱིམ་གྱིས་ནས་མུའུ་བདུན་བརྒྱད་ཙམ་བཏབ། ཐོན་འབབ་དམའ་བས་ལོར་ནས་རྒྱ་མ་3000ལས་ཟིན་གྱི་མེད། “རྒན་ཡུས་ལགས”ཀྱི་རོགས་རམ་འོག་ཆོས་འཕགས་ཁྱིམ་གྱིས“བོད་ནས་ཨང་2000པ”བཏབ་པས་ཐོན་འབབ་ལོ་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ཡོད། 

    “ད་ཆ་ཁྱིམ་དུ་ས་ཞིང་མུའུ་24ཡོད་པ་དེ་དག་ཚང་མར‘རྒན་ཡུས་ལགས’ཀྱིས་བསྣམས་ཕེབས་པའི‘བོད་ནས་ཨང་2000པ’བཏབ་ཡོད། ན་ནིང་ནས་སོན་རྒྱ་མ་ཁྲི་2ཙམ་བསྡུས་པར་ཁྲོམ་རའི་གོང་ཚད་སྒོར་ཁྲི་6ཡས་མས་ཟིན་གྱི་འདུག་པས། 2018ལོར་ངེད་ཁྱིམ་དབུལ་སྒྲོལ་བདེ་བླག་བྱུང་སོང”ཞེས་བཤད་པ་དང་། ཆོས་འཕགས་ཀྱིས་ཡུས་ཏའེ་ལིན་ཁྱིམ་གྱི་འབྲུ་མཛོད་ལ་ལྟ་བར་འཁྲིད་ནས་ནས་དོ་པོ་རྣམས་སྟོན་བཞིན་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར། 

    ལོ་34ལས་ཀ་བྱེད་རིང་། ཡུས་ཏའེ་ལིན་གྱིས་སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་། པ་སྣམ་རྫོང་། རྒྱལ་རྩེ་རྫོང་། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་། ཁ་ཆུབ་རུས། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སོགས་རྫོང(ཆུས)16ལ་བསྐྱོད་དེ་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་ཐེངས་117བྱས་པ་དང་། ཞིང་པ་མི་ཐེངས་ཁྲི་5.5ལྷག་ཙམ་གསོ་སྦྱོང་བྱས་པ། ཚན་རིག་ཁྱབ་གདལ་གྱི་དཔྱད་གཞི་ཁྲི་4ལྷག་ཙམ་སྤྲད་པས། ཞིང་པས་ཚན་རིག་དང་མཐུན་པའི་ངང་ཞིང་ཁ་འདེབས་མཁན་གྱི“སྙིང་ཉེ་བ”དང“ནང་མི”ཞེས་འབོད་ཀྱི་ཡོད། 

    རྒྱུན་འཛིན། བོད་ལྗོངས་རང་གི་ཕ་ཡུལ་དུ་བརྩིས་ནས་ཐོག་མའི་བསམ་འདུན་ཡུན་ནས་ཡུན་དུ་གནས་པར་བྱས། 

    ས་བཟུང་རྒྱ་ཁྱོན་མུའུ་40ལྷག་ཙམ་ཟིན་པའི་པ་སྣམ་ཚོད་ལྟའི་ར་བའི་ཁང་མིག་གཅིག་ཅན་གྱི་སྨི་ངོས་གྲུ་20ལྷག་ཙམ་ལས་མེད་པའི་ཁང་པ་དེ་ནི་ཡུས་ཏའེ་ལིན་སྡོད་ས་རེད། དེའི་ནང་ཉལ་ཁྲི་གཅིག་དང་། སྒྲོག་རྩེ་གཅིག རས་ཀྱི་སྟབས་བདེའི་གོས་སྒམ་ཞིག་བཅས་ལས་མེད། 

    ཡུས་ཏའེ་ལིན་གྱི་དྲན་ཤེས་ནང་རང་ཉིད་བྱིས་པ་ཡིན་དུས་ཉིང་ཁྲིའི་ཉང་ཆུ་གཙང་པོའི་འགྲམ་དུ་རབ་ཏུ་བཞད་པའི་པད་ཁའི་མེ་ཏོག་དང་ད་དུང་ཁོང་གི་ཕ་མ་དང་གཅེན་གཅུང་བཞི་ཡོད། 

    ཡུས་ཏའེ་ལིན་གྱི་ཡབ་ཡུས་ཧྲེ་ཁྲའོ་ནི་དམག་སྡེ་བཅོ་བརྒྱད་པའི་གྲས་ཡིན་པ་དང་། བོད་ལ་ཞི་བས་བཅིངས་འགྲོལ་དང་། ཁྲོན་བོད་གཞུང་ལམ་འཛུགས་སྐྲུན། དམངས་གཙོའི་བཅོས་སྒྱུར། རང་སར་ལས་སྒྱུར་དང་ས་རྒོད་བསློགས་ནས་ཞིང་ཁ་འདེབས་པ་སོགས་ཁོང་གི་ཡབ་ཡུས་ཧྲེ་ཁྲའོ་ཡིས་བོད་ཀྱི་འཕོ་འགྱུར་ཆེན་པོ་བདེན་དཔང་གནང་བ་དང་དེའི་ནང་ཞུགས་ཡོད། 

    ཡུས་ཏའེ་ལིན་གྱིས་ཉིང་ཁྲིར་སློབ་ཆུང་དང་། དམའ་འབྲིང་། མཐོ་འབྲིང་བཅས་འགྲིམས་ཡོད། སློབ་ཚན་གྲོལ་རྗེས་ལས་ཀ་དང་པོ་དེ་ནང་ལ་ལོག་རྒྱུ་དེ་མིན་པར་ཞིང་ཁའི་ནང་འགྲོ་རྒྱུ་དེ་རེད། གང་ལགས་ཤེ་ན་ཕ་མ་གཉིས་ཀ་ཞིང་ཁའི་ནང་ལས་ཀར་ཕྱིན་ནས་ནང་ལ་མི་མེད་པས་རེད། 

    1985ལོར་སློབ་ཆེན་ཐོན་རྗེས་ཡུས་ཏའེ་ལིན་གྱིས་བོད་དུ་ལོག་རྒྱུའི་གདམ་ག་བྱས་ཏེ་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དུ་ལས་ཀར་ཞུགས། 

    ལང་ཚོའི་གཟི་བྱིན་འབར་བའི་ལོ་ཟླའི་ནང་ཡུས་ཏའེ་ལིན་གྱིས་བོད་ཀྱི་ཞིང་ལས་ལོ་ཏོག་གི་ས་བོན་གྱི་ཐོན་ཁུངས་གསར་བརྗེ་དང་གྲངས་གཞིའི་མཛོད་འཛུགས་པའི་རྣམ་གྲངས་གཙོ་སྐྱོང་དང་ལེགས་གྲུབ་བྱས་པ་དང་། གྲོ་ཐོན་ཁུངས་5000གི་ཁྱད་ཆོས་དང་ངོ་བོ་གསལ་འབྱེད་དང་རྒྱུད་སྤེལ་མཛོད་འཇུག་བྱས་པ། གྲོའི་རིགས་ཀྱི་ཐོན་ཁུངས་500ལྷག་ནང་འདྲེན་བྱས་པ། ཞིང་ལས་ལོ་ཏོག་གི་ཐོན་ཁུངས་5000གསར་བརྗེ་བྱས་པ། སྤུས་ལེགས་ཀྱི་ཐོན་ཁུངས་ཁག་གཅིག་འདེམས་སྒྲུག་བརྒྱབ་ནས་ལྗོངས་ཕྱི་ནང་གི་འབྲེལ་ཡོད་སྐྱེ་དངོས་ལག་རྩལ་ཞིབ་འཇུག་དང་སློབ་ཁྲིད་སོགས་ལ་སྤྱད་པ། ཞིང་ལས་ལོ་ཏོག་གི་ས་བོན་གྱི་ཐོན་ཁུངས་ཁྲི་1ལྷག་ཙམ་ཉར་ཚགས་ཡག་པོ་བྱས་པ་མ་ཟད། བོད་ཀྱི་ཞིང་ལས་ལོ་ཏོག་གི་ས་བོན་གྱི་ཐོན་ཁུངས་གྲངས་གཞིའི་མཛོད་ཐོག་མའང་བཙུགས་ཡོད། ཞིང་ལས་ཚན་རིག་གི་ཞིབ་འཇུག་ལ་གཞོལ་བས་ཡུས་ཏའེ་ལིན་གྱིས་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་བརྟན་དུ་སོང་ཡོད་ལ། ཁོང་དང་ཚོགས་པས་མཉམ་དུ“བོད་ནས་ཨང་2000པའི”སོན་གསར་ཞིབ་སྤེལ་ཁྱབ་གདལ་ཐད་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་རྨང་གཞི་བརྟན་པོ་བཏིང་ཡོད། 

    ཡབ་ཡུས་ཧྲེ་ཁྲའོ་ཡིས་བོད་དུ་དུས་རབས་ཕྱེད་ཀ་ཙམ་ཕྱག་ལས་གནང་བ་དང་། 1995ལོར་དགུང་ལོ་62ལ་ཕེབས་སྐབས་གཞི་ནས་རྒན་ཡོལ་ཞུས་ཏེ་ཕ་ཡུལ་སི་ཁྲོན་དུ་ལོག ཡབ་ཀྱིས་བུ་ལྔ་པོ་ཚང་མ་བོད་དུ་བསྡད་ནས་སྒྱུར་བཅོས་སྒོ་དབྱེའི་རླབས་རྒྱུན་ཁྲོད་ཀྱི་བོད་ལྗོངས་འཛུགས་སྐྲུན་བྱེད་མཁན་ཞིག་ཏུ་གྱུར་བའི་རེ་བ་བཏོན་གནང་ཡོད། 

    1960ལོར་བོད་ནས་ཀྱི་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་12.9ཟིན་པ་དང་། 1975ལོར་ཐོན་འབབ་ཏུན་ཁྲི་23.6ཟིན་པ། 2001ལོར་ཏུན་ཁྲི་62.8ཟིན་པ། 2018ལོར་ཏུན་ཁྲི་81.4ཟིན་པ་སོགས“བོད་ནས་ཨང་336པ”དང“ཧི་མ་ལ་ཡ་ཨང་4པ”ནས“བོད་ནས་ཨང་320པའི”བར་དང་དེ་ནས“བོད་ནས་ཨང་2000པ”དང“ཧི་མ་ལ་ཡ་ཨང་22པའི”བར་ཡུས་ཏའེ་ལིན་དང་འདྲ་བའི་ཚན་རྩལ་པ་མང་པོས་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་བློ་ལ་འཆང་ནས་དམིགས་འབེན་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོས་ཏེ་ཐོན་འབབ་མཐོ་ལ་སྤུས་ཀ་ལེགས་པའི་ནས་ཀྱི་སོན་གསར་ཁག་དང་ཁག་བྱས་ནས་འདེམས་གསོ་བྱས་ཏེ་སོན་བཟང་ས་མཐོའི་ཞིང་ཐང་དུ་སྟོར་བས་གཞི་ནས“ཀྲུང་གོ་བའི་ལྟོ་ཕོར་རང་གི་ལག་ཏུ་བརྟན་པོ་བཟུང་ཐུབ་པ”བྱུང་ཡོད་ལ། དེ་སྔ་གྲོད་པ་རྒྱོང་བྱེད་ཀྱི་ནས་དེ་ཉིད་ད་ཆ་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་ནོར་བུ་ལྟ་བུར་གྱུར་ཡོད། 

    ཡུས་ཏའེ་ལིན་ཞེས་པར་མི་གཅིག་གི་མིང་ཙམ་མིན་པར། ཁོང་དང་འདྲ་བར་མི་རབས་ནས་མི་རབས་བར་བོད་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་གཞི་ཚུགས་པའི་ཚན་རྩལ་ལས་དོན་པ་དག་ཡིན། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།