[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་མེ་བྱ་ལོའི་ལོ་གསར་ཆེད་སྒྲིག>ལོ་གསར་རིག་གནས།
  • ལོ་རྒྱུས་ཡུན་རིང་ལྡན་པའི་གྲགས་ཅན་གྲོང་ཁྱེར་གཞིས་རྩེ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-22

    པར་འདི་ནི་དགེ་ལུགས་པའི་དགོན་ཆེན་བཞིའི་ཡ་གྱལ་བཀྲ་ཤིས་ལྷུན་པོ་ཡིན་པ།

    པར་འདི་ནི་གནའ་ཉམས་དོད་པའི་གཞིས་རྩེའི་རྫོང་མཁར་ཡིན་པ།

    བོད་ལྗོངས་ཀྱི་གྲོང་ཁྱེར་ཨང་གཉིས་པ་སྟེ་གཞིས་རྩེ་གྲོང་ཁྱེར་ནི་བོད་ཀྱི་ནུབ་ངོས་སུ་གནས་ཤིང་། ད་བར་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། དེ་གར་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་དང་། འཛམ་གླིང་གི་ཟངས་སྐུ་ཆེ་ཤོས་བྱམས་པའི་སྐུ་བརྙན། ཏུན་ཧོང་གཉིས་པར་གྲགས་པའི་ས་སྐྱ་དགོན་པ། རྒྱལ་རྩེའི་དབྱིན་འགོག་གནའ་ཤུལ། མཛེས་སྡུག་ཡིད་དུ་འོང་བའི་སྐྱིད་གྲོང་ལུང་ཤུར། འཛམ་གླིང་གི་མཛེས་ལྗོངས་ཆེན་པོ་བཅུ་གཉིས་ཀྱི་གྲས་ཤིག་ཡིན་པའི་ཀརྨ་རོང་སོགས་ཡོད་པ་མ་ཟད། རིག་རྩལ་ཐད་ལྷ་རྩེའི་སྟོད་གཞས་དང་། དིང་རིའི་ལ་སྟོད་ལྷོ་གཞས། ས་དགའི་རྒྱ་གཞས་སོགས་དམིགས་བསལ་གྱི་སྣོད་བཅུད་ཁོར་ཡུག་ལྡན་པས། 1986ལོར་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་རེད། ལྷག་དོན་དུ་གནས་དེའི་མིང་བྱང་ལྟ་བུར་གྱུར་པའི་ཇོ་མོ་གླང་མ་ནི་བལ་བོད་གཉིས་ཀྱི་མཚམས་སུ་འགྱིང་ངེར་གནས་ཤིང་། རི་བོ་གངས་ཅན་ནམ་རིའི་རྒྱལ་པོ་རི་རབ་སྟེ་ཡོངས་གྲགས་སུ་རི་བོ་ཧི་མ་ལ་ཡར་འབོད་པའི་རི་རྒྱུད་ཀྱི་རི་བོ་གཙོ་བོ་དེ་རེད་ལ། མཐོ་ཚད་ལ་སྤྱི་ཁྲེ་8844.43ཡོད་པས་འཛམ་གླིང་གི་རི་བོ་མཐོ་ཤོས་ཡིན་པ་མ་ཟད། མཐའ་འཁོར་གྱི་སྤྱི་ལེ་20ཡི་ནང་མཐོ་ཚད་སྤྱི་ཁྲེ་7000ཡན་གྱི་རི་བོ་ཆེན་པོ་40ཡོད་པ་ནི་འཛམ་གླིང་ཐོག་གཉིས་སུ་མེད་ཅིང་། འགྲན་པའི་ཟླ་དང་བྲལ་བ་ཞིག་ཡིན་པ་སྨོས་མེད་རེད།

    ནང་ཆོས་རིག་གནས་དར་ཁྱབ་ཆེ་བའི་བོད་ཀྱི་ས་ཕྱོགས་གཞན་དང་འདྲ་བར་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་ཟབ་ཤོས་ནི་དགོན་པ་ཡིན་ཞིང་། ལྷག་དོན་བཀྲ་ཤིས་ལྷུན་པོ་དགོན་པ་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཡིན་པས། རིག་གནས་ལོ་རྒྱུས་ཀྱི་བྱུང་རིམ་དེ་བས་གཏིང་ཟབ་ལ་རྒྱ་ཆེ་བ་ཞིག་ཡོད།

    དགོན་པ་དེ་ནི་སྤྱི་ལོ་1447ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པས་བཞེངས་གནང་ཞིང་། དགོན་པ་དེར་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ་30ཙམ་ཡོད་པ་དང་། འཛུགས་སྐྲུན་གྱི་གཞི་ཁྱོན་རིམ་བཞིན་ཇེ་ཆེར་ཕྱིན་ནས་ད་ཆའི་གཞི་ཁྱོན་དེ་གྲུབ་པ་རེད།

    རྟེན་གྱི་གཙོ་བོ་ནི་རྗེ་བཙུན་ཤེས་རབ་སེང་གེའི་དགོངས་རྫོགས་སུ་བཞེངས་པའི་གསེར་ཟངས་ཀྱི་ཐུབ་པ་བདུད་འདུལ་མ་དང་། རྗེ་དགེ་འདུན་གྲུབ་པའི་དབུ་ཐོད་དང་པུར་ཐལ་བཞུགས་པའི་དངུལ་གདུང་རྣམ་རྒྱལ་མཆོད་རྟེན། རྗེ་ཙོང་ཁ་པའི་སྐུ་རྟེན་གྱིས་གཙོས་པའི་ལི་རྙིང་གི་སྐུ་སྟོང་ཕྲག་བརྒལ་བ། གསེར་ཟངས་ལས་གྲུབ་པའི་བྱམས་མགོན་གྱི་སྐུ་སྤྱི་ཁྲེ་26ཙམ་ཡོད་པའི་འཛམ་གླིང་གི་ཟངས་སྐུ་ཆེ་ཤོས་དེས་ཐོག་དྲངས་པའི་སྐུ་རྒྱུ་གསེར་ཟངས་དང་སྨན་འདམ་སོགས་ལས་གྲུབ་པའི་སྐུ་འདྲ་སྟོང་ཕྲག་བརྒལ་བ། དེ་བཞིན་ཞལ་ཐང་རྙིང་པ་དང་། གོས་ཆེན་རྙིང་མ་སྣ་ཚོགས་ལས་གྲུབ་པའི་གོས་སྐུ་ཆེ་མོ། ཤིང་ཏ་ལའི་ལོ་མའི་རྒྱ་དཔེ། གོང་མས་བསྩལ་བའི་འཇའ་ས་དང་ཐམ་ག འཕན། གོང་མ་ཆན་ལུང་རབ་བྱུང་ཆ་བྱད་ཅན་གྱི་འདྲ་ཐང་། གཡང་ཊིའི་ལྷུང་བཟེད་སོགས་མང་དུ་ཡོད།

    《པདྨ་བཀའ་ཐང》ལས། མྱང་སྨད་ཉི་མ་མདོ་རུ་རྫོང་ཞིག་ཆགས་ཞེས་པ་ལྟར་ཉི་མ་རིའམ་ཉི་རྩེ་རི་བོའི་ཤར་ངོས་ཀྱི་གླང་ཆེན་ཉལ་འདྲའི་རི་ལྡེབས་སུ་ཆགས་པའི་དགོན་པ་དེའི་ལྷ་ཁང་དང་ཆོས་ཁང་ཚང་མ་སྟར་དུ་ཆགས་ནས་ཧ་ཅང་བརྗིད་ཉམས་དང་ལྡན་པ་ཞིག་ཡོད། དགོན་པ་དེའི་འཛུགས་སྐྲུན་གཙོ་བོ་ཁག་གསུམ་ལ་ཕྱེ་བའི་རྒྱང་ནས་གསེར་ཟངས་ཀྱི་རྒྱ་ཕིབས་ཁག་གསུམ་མཇལ་བ་དེ་དག་ནི་རྒྱལ་བ་བྱམས་པའི་སྐུ་བརྙན་ཆེ་ཤོས་ཀྱི་བྱམས་ཁང་དང་། གཅིག་ནི་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པ་བར་གྱི་གདུང་རྟེན་མཉམ་དུ་བཞུགས་སུ་གསོལ་བའི་ལྷ་ཁང་། གཅིག་ཤོས་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་གདུང་རྟེན་ལྷ་ཁང་བཅས་རེད།

    མིང་གྲགས་ཀུན་ལ་ཁྱབ་པའི་བཀྲ་ཤིས་ལྷུན་པོ་དགོན་པའི་གཟིགས་མོ་ཆེ་མོའི་གར་འཆམ་ཀྱང་ལོ་རྒྱུས་ཀྱི་རླབས་རྒྱུན་དྲག་པོའི་ཁྲོད་དུ་མ་ནུབ་པར་ད་བར་གནས་ཡོད། དེ་ནི་སྤྱི་ལོ་1617ལོར་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཞི་པ་བློ་བཟང་ཡེ་ཤེས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་སྔགས་པ་གྲྭ་ཚང་གསར་འཛུགས་གནང་བ་དང་། སྤྱི་ལོ་1647ལོར་དགུང་ལོ་དོན་བརྒྱད་ལ་སོན་པའི་པཎ་ཆེན་མཆོག་གིས་བསམ་ཡས་དགོན་པའི་གུ་རུ་མཚན་བརྒྱད་ཀྱི་འཆམ་ལ་དཔེ་གཟིགས་མཛད་དེ་ད་ལྟའི་བོད་ཟླ་12པའི་ཚེས་29ཉིན་གྱི་དགུ་ཟློག་གི་འཆམ་དེ་ཉིད་གསར་གཏོད་མཛད་པར་གྲགས། དེ་རྗེས་སྤྱི་ལོ་1862ལོར་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་གིས་སྔགས་པ་གྲྭ་ཚང་གི་དེ་སྔའི་འཆམ་གྱི་རྨང་གཞིའི་ཐོག ཚལ་གུང་ཐང་དང་། ལྷོ་བྲག བསྟན་རྒྱས་གླིང་། ཚེ་མཆོག་གླིང་སོགས་ཀྱི་འཆམ་ལས་ལེགས་ཆ་བཏུས་ཏེ་འཐུས་སྒོ་ཇེ་ཚང་དུ་བཏང་གནང་བ་རེད། འཆམ་གྱི་ནང་དོན་ཐད་ཆོས་སྐྱོང་སྲུང་མའི་གཟུགས་བརྙན་འཁྲབ་པ་ཙམ་མ་ཟད། སེང་གེ་དང་། འབྲོང་རྒོད། ཚེ་རིང་རྣམ་དྲུག་གི་གཟུགས་བརྙན་སོགས་ཡོད་པས། སྒྱུ་རྩལ་གྱི་རིན་ཐང་ཆེས་མཐོ་བའི་གཙང་གི་གཟིགས་མོ་ཆེ་མོ་ཞེས་སྐད་ཀྱིས་ཆོད་པ་དེ་བྱུང་ནས་བཀྲ་ཤིས་ལྷུན་པོ་དགོན་པའི་བརྗིད་ཉམས་དང་ལྷན་དུ་བསྡོངས་་ནས་ཡངས་པའི་ས་གཞིར་ཁྱབ་པའོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།