[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཏང་གི་ཚོགས་ཆེན་བཅུ་དགུ་པ།>འབད་འབུངས་ཡར་བརྩོན།
  • ཡིད་འོང་གི་བོད་ལྗོངས། རྒྱུན་མཐུད་ཀྱི་འཕེལ་རྒྱས།

    བོད་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-23

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ།


    ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་བསྐྲུན་པའི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཞིག་ཡིན་པས། དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་སྔར་བས་མང་བ་བསགས་ཏེ་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་འཚོ་བའི་དགོས་མཁོ་སྐོང་དགོས་ལ། སྣོད་བཅུད་ཐོན་རྫས་སྤུས་ལེགས་སྔར་བས་མང་པོར་བརྟེན་ནས་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོ་ཡང་སྐོང་དགོས”ཞེས་གསུངས། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་གི་ངོས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས“འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་སྤྱོད་དགོས”པ་ནི“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”གནས་ལུགས་གསལ་པོ་ཤེས་དགོས་པ་དང་བརྟན་སྲུང་བྱེད་དགོས།


    2010ལོ་ནས་བཟུང་། རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་སྔོན་དུ་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་འདུ་འགོད་ལག་ལེན་བསྟར་བ་དང་ལོ་གཅིག་རིང་ཚོད་ལྟའི་ལས་དོན་སྤེལ་བ་བརྒྱུད་ལྗོངས་ཡོངས་སུ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་ཞིང་པའི་དཔེ་དེབ་ཁང་དང་། ཕྱོགས་བསྡུས་རིག་གནས་ལུས་རྩལ་སྒྲིག་ཆས། གྲོང་ཚོ་རིམ་པའི་རླུང་འཕྲིན་རིག་གནས་ཐོན་ཁུངས་ཆ་འཕྲིན་མཉམ་སྤྱོད། སྐོར་སྐྱོད་གློག་བརྙན་ཞབས་ཞུ། གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས་འཐུས་ཚང་། སྤྱི་པའི་ཉི་ནུས། གྲོང་ཚོའི་གཞུང་ལམ་འཛུགས་སྐྲུན། གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་གཙང་སེལ། གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་འདུ་འགོད། གྲོང་ཚོའི་སྔོ་འགྱུར་མཛེས་གྱུར་འདུ་འགོད་བཅས་ནང་དོན་ཁག་བཅུ་གཙོ་གནད་ལག་ལེན་བསྟར་བ་རེད། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་བྱུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་ཡོད།


    ཉིན་ཤས་གོང་འཚོགས་པའི་2018ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན་འདུ་འགོད་ཀྱི་ལས་སྒྲུབ་ཇུས་གཞི་འདིང་བའི་ཚོགས་འདུའི་ཐོག རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་མཐའ་འཁོར་དང་། གཙང་པོའི་ངོགས་གཉིས། རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་གཞོགས་གཉིས་བཅས་གཙོ་གནད་འཛུགས་སྐྲུན་ས་ཁོངས་སུ་གཏན་འཁེལ་བྱས་ཏེ་མུའུ་ཁྲི་སྟོང་ཟིན་པའི་སྡོང་ཕྲུག་ར་བ་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་ས་བབ་སྨི་4300མན་གྱི་ས་ཁུལ་དུ་ལྗོན་ཤིང་མེད་པའི་ཤང་དང་གྲོང་རྡལ་དང་། ལྗོན་ཤིང་མེད་པའི་གྲོང་ཚོའི་ཚོགས་ཆུང་། སྔོ་ལྗང་མེད་པའི་སྒོ་ར། ལྗོན་ཤིང་མེད་པའི་ཞིང་དུད་བཅས་ཀྱི་སྣང་ཚུལ་མེད་པར་བཟོ་རྒྱུ་དང་ས་བབ་སྨི་4300ཡན་གྱི་ས་ཁུལ་དུ་ལྗོན་ཤིང་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་རྒྱུ་རེད། སྐབས་དེ་དུས་སྣོད་བཅུད་བཟང་བ་དང་། ཁོར་ཡུག་འཚོ་སྡོད་ལ་འཚམ་པ། གྲོང་ཚོ་གཙང་བ། བོད་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་ཡིད་འོང་གྲོང་གསེབ་ལྗོངས་ཡོངས་སུ་ཁྱབ་པར་བྱས་ནས་ཡིད་འོང་བོད་ལྗོངས་ཀྱི་སྐར་ཁུང་དུ་འགྱུར་རྒྱུ་རེད།


    སྣོད་བཅུད་ཐོན་ཁུངས་ཇེ་ལེགས་སུ་ཕྱིན་པ།


    ཟླ་བཅུ་པའི་ཟླ་མཇུག་ཏུ་ལྷུན་གྲུབ་རྫོང་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲུང་ཁྲུང་སྐེ་ནག་རིམ་གྱིས་མང་དུ་འགྲོ་བཞིན་ཡོད། “ང་ཆུང་དུས་ནས་འདི་གར་འཚར་ལོངས་བྱུང་བ་ཞིག་ཡིན། ཁྲུང་ཁྲུང་སྐེ་ནག་གིས་སྐྲག་སྣང་མེད་པར་སྐབས་རེ་ངའི་སྒོ་རར་ཟས་འཚོལ་བར་ཡོང་གི་འདུག ཉེ་བའི་ལོ་ཤས་རིང་འདི་གའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་མུ་མཐུད་འཕར་བཞིན་ཡོད་པ་དང་སྦྲགས་ཁོར་ཡུག་ཀྱང་ལེགས་སུ་འགྲོ་བཞིན་ཡོད”ཅེས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཉེ་འགྲམ་དུ་གཞིས་ཆགས་པའི་གྲོང་མི་དོན་གྲུབ་ཀྱིས་བཤད།


    རང་ལྗོངས་རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་དང་གཙང་པོ་དང་ཆུ་བོའི་ཆུ་འགོ་ཡིན་པས། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་ལ་སུས་ཀྱང་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་གྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་རྒྱལ་ཡོངས་ཀྱི་སྔོན་དུ་ཡར་ཀླུང་གཙང་པོའི་ཆུ་འགོ་དང་ལྷ་ས་སྐྱིད་ཆུའི་ཆུ་འགོའི་སྣོད་བཅུད་ནུས་པའི་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱས་ཏེ་ཡར་ཀླུང་གཙང་པོ་དང་ལྷ་ས་སྐྱིད་ཆུ་སོགས་གཙང་པོ་དང་ཆུ་བོའི་ཆུ་འགོའི་ཁུལ་གྱི་སྣོད་བཅུད་ནུས་པ་སླར་གསོ་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་བས། ལྗོངས་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲངས་འབོར་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་ལོ་རྒྱུས་རང་བཞིན་གྱི་གསར་དུ་འཕར་ཡོད།


    “ད་ཆ་རང་ལྗོངས་སུ་རིགས་ཁག་གི་འདམ་ར་སྤྱི་ཆིང་ཁྲི་652.9ཡོད་པ་དག་གིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་5.3%བཟུང་ནས་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། རང་བྱུང་འདམ་ར་སྲུང་སྐྱོང་བྱེད་ཚད་68.14%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་དེ་ནི་འདམ་རའི་གདོད་མའི་སྣོད་བཅུད་རང་སོར་གནས་ཚད་ཡག་ཤོས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་རེད”ཅེས་རང་སྐྱོང་ལྗོངས་ནགས་ལས་ཐིང་གི་ཏང་ཙུའི་ཁོངས་མི་སྐོར་གཟིགས་པ་ཟླ་བ་ཚེ་རིང་གིས་ངོ་སྤྲོད་བྱས།


    ལྷོ་ཁའི་མངའ་ཁོངས་སུ་རྒྱུག་པའི་ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་སྐྱེས་པའི་སྔོ་ལྗང་ནགས་ཚལ་དག་མཐོང་དུས་མི་རྣམས་ལ“སྔོ་ལྗང་ལྕགས་རི་རིང་པོ”ལྟར་གྱི་སྣང་བ་ཞིག་སྟེར་སྲིད། ནགས་ཁུལ་དེ་ནི་རྒྱ་ཁྱོན་ལ་མུའུ་ཁྲི་50ཟིན་པ་དང་རིང་ཚད་ལ་སྤྱི་ལེ་250ལྷག་ཙམ་ཟིན་པའི་ལྗང་མདོག་སྲུང་ཡོལ་ཞིག་རེད། དེས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་དང་གནམ་གཤིས་ཆ་རྐྱེན་ནུས་ལྡན་ངང་ལེགས་སུ་ཕྱིན་ཏེ་ཡར་ཀླུང་ས་གཞི་ཆེན་པོ་སྲུང་སྐྱོང་བྱེད་བཞིན་ཡོད།


    མཛེས་ཤིང་ལྟ་ན་སྡུག་པའི་སེར་གླིང་མཚོ་ནི་ཀུན་གྱིས་ཤེས་ངེས་རེད། དེ་གར་རྩྭ་ཆུ་འཛོམས་པ་དང་ནོར་ལུག་ཁྱུ་དང་ཁྱུ་ཅི་དགར་རོལ་བཞིན་ཡོད། སྔོ་བསང་གི་ནམ་མཁའི་འོག་སེར་གླིང་མཚོ་ལས་སྔོ་མདངས་འཕྲོ་བ་དང་། ཁྲུང་ཁྲུང་སྐེ་ནག་གི་ཁྱུ་རྩེད་འཇོར་རོལ་བ། གཙོད་ཁྱུ་གང་དགའ་གང་སྐྱིད་ངང་ཕར་རྒྱུག་ཚུར་རྒྱུག་བྱེད་པ་ལ་སོགས་ནི་སེར་གླིང་མཚོ་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱུན་གཏན་གྱི་རྣམ་པ་ཞིག་རེད། ས་མཐོའི་མཐོ་གྲང་རྩྭ་ཐང་སྣོད་བཅུད་མ་ལག་ཁྲོད་དུ་སེར་གླིང་མཚོ་ནི་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་སྲོག་ཆགས་རིགས་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་ལ། འཛམ་གླིང་ཐོག་གི་ཁྲུང་ཁྲུང་སྐེ་ནག་གི་རང་བྱུང་སྲུང་སྐྱོང་ཁུལ་ཆེ་ཤོས་ཤིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་སྣོད་བཅུད་མ་ལག་ནུས་ལྡན་ངང་སྲུང་སྐྱོང་བྱས་པ་ལས་སེར་གླིང་མཚོའི་རྒྱ་ཁྱོན་གནམ་མཚོ་ལས་བརྒལ་ནས་རང་ལྗོངས་ཀྱི་མཚོ་ཆེ་ཤོས་སུ་གྱུར་ཡོད།


    སྣོད་བཅུད་ཤེས་དཔལ་གྱི་དམ་དྲག་རྣམ་པ་རྒྱུན་འཁྱོངས་བྱེད་པ།


    ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་མ་བཏང་ནས་ཁོར་ཡུག་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཡིད་རྟོན་གདེང་འཇོག་བྱེད་པ་དང་། ཆ་འཕྲིན་བཙན་ཤེད་ཀྱིས་ཁྱབ་བསྒྲགས་བྱེད་པ། ཆད་པ་ནན་པོ་གཅོད་པ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ལུགས་བསྟན་ཡོད།


    2013ནས་2016ལོ་བར་རང་ལྗོངས་ཀྱིས་ཆུ་གློག་གསར་སྤེལ་དང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ། བཟོ་ལས་གླིང་ཁུལ་སོགས་འཆར་འགོད་ཀྱི་ཁོར་ཡུག་དཔྱད་དཔོག་གི་ཡིག་ཆ་60ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་དཔྱད་དཔོག་ཡིག་ཆ་ཁྲི་2.7ལྷག་ཙམ་ལ་ཞིབ་མཆན་བཀོད་པ། རང་བྱུང་སྲུང་སྐྱོང་ཁུལ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་3ཁས་མ་བླངས་པ་བཅས་ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ་ཁོར་ཡུག་དཔྱད་དཔོག་བྱེད་ཚད་100%ཟིན་ཡོད་ཅེས་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ཏང་ཙུའི་ཧྲུའུ་ཅི་ཧུའུ་ཝུའེ་མིན་གྱིས་ངོ་སྤྲོད་བྱས།


    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གཙོ་བོ་སྔོན་འགོག་ལ་རག་ལུས་པས་རང་ལྗོངས་ཀྱིས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས“ཐར་པར་གཏན་ནས་མི་གཏོང་བའི”དམ་དྲག་རྣམ་པ་མཐའ་འཁྱོངས་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་ཁ་ཆད་དང་། དུས་བཀག་དག་ཐེར། སྒོ་བརྒྱབ་ནས་ཐོན་སྐྱེད་བྱེད་མཚམས་འཇོག་པ་སོགས་བྱེད་ཐབས་ནན་པོ་སྤྱད་དེ་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་བས། ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་ལ་ཕན་འབྲས་ཐོབ་ཡོད། 2013ལོ་ཚུན་རང་ལྗོངས་ཀྱིས་ཐེར་འདོན་གོང་ཞུ་བྱས་པའི་ཁོར་ཡུག་གི་གནད་དོན་1200ལྷག་ཙམ་བདག་སྤྲོད་བྱས་པ་དང་ཐག་གཅོད་བྱེད་ཚད་100%ཟིན་པ་དང་། ཁོར་ཡུག་ཁྲིམས་འགལ་གྱི་གྱོད་གཞི་610ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ། སྲིད་འཛིན་ཆད་པ་310ལྷག་ཙམ་བཅད་པ། ཁྱོན་དངུལ་ཆད་ཁྲི་2000ལྷག་ཙམ་བཏང་བ། གྱོད་གཞི་14བཙན་ཉར་བྱས་པ། ཁེ་ལས་19སྒོ་བརྒྱབ་པ་བཅས་རེད།


    རང་ལྗོངས་སུ་ད་ཆ་རང་བྱུང་རྩྭ་ར་མུའུ་དུང་ཕྱུར་12.3ཡོད་པ་དེས་ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་68%བཟུང་ཡོད། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཡང་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་གལ་ཆེན་ཞིག་རེད། 2009ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་བྱ་དགའི་ཁ་གསབ་མ་དངུལ་ལག་བསྟར་བྱས་ཚུན་ན་ནིང་ལོ་མཇུག་བར་རང་ལྗོངས་ཀྱིས་རྒྱལ་ཁབ་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་64ལྷག་ཙམ་དོན་འཁྱོལ་བྱས་པ་དེ་ན་ནིང་གི་རྩྭ་ཐང་གི་ཁ་གསབ་དང་བྱ་དགའི་མ་དངུལ་ཁོ་ནས་ཞིང་འབྲོག་པའི་སྤྱིའི་ཡོང་འབབ་ཀྱི་10.6%བཟུང་བ་དེས་རང་ལྗོངས་ཀྱི་རྩྭ་ཐང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།


    མཁའ་རླུང་གཙང་ལ་ཆུ་བོ་ཤང་ཤང་དུ་རྒྱུག་པའི་གྲི་གུ་རྩྭ་ཐང་དུ་རྐྱང་དང་གཙོད་ཁྱུ་ཡིས་གང་དགའ་གང་སྐྱིད་ངང་གངས་ལྗོངས་ས་མཐོའི་ཉི་འོད་ལོངས་སུ་སྤྱོད་ཅིང་།


    444759_yis_1508604187689.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་རྩྭ་ཐང་དུ་འཚོ་སྡོད་བྱེད་མཁན་རྐྱང་དང་གཙོད་ཡིན་པ།


    444755_yis_1508604120859.jpg

    བོད་ཀྱི་སྣོད་བཅུད་ཐོན་ཁུངས་ཇེ་ལེགས་སུ་འགྲོ་བ་དང་བོད་དུ་དགུན་སྒྲོལ་ལ་སླེབས་པའི་དུས་བྱ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ལོ་ལྟར་ཟླ་11པར་ཁྲུང་ཁྲུང་སྐེ་ནག་འབོར་ཆེན་རི་ཀླུང་ཁྲི་སྟོང་མང་པོ་བརྒལ་ནས་བོད་དུ་དགུན་སྒྲོལ་ལ་ཡོང་གི་ཡོད། འདི་ནི་ཞོགས་པའི་སྟག་མགོ་ཆུ་མཛོད་ཁྲུང་ཁྲུང་སྐེ་ནག་ཚོགས་ཀྱི་དགའ་ཚལ་དུ་གྱུར་པ།

    444756_yis_1508604122154.jpg

    འདི་ནི་ཁམ་བུའི་མེ་ཏོག་གིས་བརྒྱན་པའི་ཉིང་ཁྲིའི་གྲོང་གསར་ཡིན་པ།


    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།