[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཏང་གི་ཚོགས་ཆེན་བཅུ་དགུ་པ།>འབད་འབུངས་ཡར་བརྩོན།
  • བདེ་སྐྱིད་ཚོར་སེམས་དེ་བས་ཆེ། ཐོབ་ཚོར་དེ་བས་མང་དུ་ཕྱིན།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱིས་རྒྱུན་མཐུད་ངང་དམངས་འཚོ་ལེགས་གཏོང་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-23

    445093_yis_1508690900568.jpg

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་བཏང་བས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཟབ་ཏུ་སོང་ཞིང་། འདི་ནི་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་འཛམ་པ་གྲོང་ཚོའི་དབུལ་སྐྱོར་གནས་སྤོས་ས་ཚིགས་སུ་མང་ཚོགས་ཀྱིས་དགའ་ཚོར་ཆེན་པོས་རང་ཁྱིམ་གྱི་ཁང་པ་གསར་པའི་མདུན་དུ་པར་རྒྱག་པའི་གནས་ཚུལ་ཡིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཀྱིས“ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྦྱོང་དུས་སློབ་མཁན་ཡོད་པ་དང་། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ”བཅས་ཀྱི་བླང་བྱ་གཞིར་བཟུང་ཐོག་མཐའ་བར་གསུམ་དུ་དམངས་གཅེས་དང་། དམངས་བདེ། དམངས་ཕན་བཅས་ཀྱི་འདུ་ཤེས་རྒྱུན་འཛིན་གྱིས་ལོ་ལྟར་70%ཡན་གྱི་ནོར་ཤུགས་དམངས་འཚོའི་ཐད་གཏོང་རྒྱུ་མཐའ་འཁྱོངས་དང་གཙོ་བོ་ཞིང་འབྲོག་མང་ཚོགས་དང་། གཞི་རིམ། ཉམས་ཞན་ཚོགས་སྤྱི་བཅས་སུ་ཕྱོགས་པ་དང་འབྲེལ་ནུས་ཤུགས་ཡོད་རྒུས་དམངས་འཚོའི་བྱ་བ་སྟེ་ལོ་བཅོ་ལྔའི་རིན་མེད་སློབ་གསོ་དང་། “གཅིག་སྡུད་གཉིས” གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ཆ་སྙོམས་ཅན་བཅས་སྔོན་ལ་མངོན་འགྱུར་བྱས་པར་བརྟེན་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད།

    སློབ་གསོའི་ཞན་ཆ་གསབ་ནས་དེ་བས་མང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ།

    ཟླ་7ཚེས་12ཉིན་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ནས་ཡིན་པའི་སློབ་མ་རིག་འཛིན་ཆོས་བཟང་ལ་ཆིང་ཧྭ་སློབ་ཆེན་དུ་ཚུད་པའི་བརྡ་ཐོ་འབྱོར། ཡར་ཀླུང་གཙང་པོའི་སྟོད་རྒྱུད་དུ་གནས་པའི་ངམ་རིང་རྫོང་གིས་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་སློབ་གསོའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་སྤྱད་པར་བརྟེན་ཕུལ་བྱུང་སློབ་མ་མང་པོ་ཞིག་རི་གྲོང་ནས་སློབ་ཆེན་ཁག་ཏུ་ཚུད་ཅིང་། རིག་འཛིན་ཆོས་བཟང་གི་གཅེན་པོ་གཉིས་ཀྱང་སྔ་རྗེས་སུ་སྦྱངས་འབྲས་ཕུལ་བྱུང་གི་ཐོག་ནས་སློབ་ཆེན་དུ་ཚུད་ཡོད།

    “ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་མཐོ་རྒྱུགས་དཀྱུས་མའི་སློབ་བསྡུའི་འཆར་གཞིའི་ནང‘དབུལ་པོའི་ཆེད་དོན་འཆར་གཞི’དང་‘གྲོང་གསེབ་ཀྱི་ཆེད་དོན་འཆར་གཞི’བཟོས་ཏེ་ཡིག་རྒྱུགས་གཏོང་མཁན་ཞིང་འབྲོག་པ་དང་ཁྱིམ་ཚང་དབུལ་པོར་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པར་བརྟེན། འདི་ལོ་ཞིང་འབྲོག་ཁུལ་གྱི་རྒྱུགས་སྤྲོད་སློབ་མའི་བསྡུར་ཚད་བཅུ་ཆ་བརྒྱད་ཟིན་ཡོད”ཅེས་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གི་ཡོན་ཀྲང་ཁང་ལེང་ཧྭ་ཡིས་བརྗོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཀྱིས་སློབ་གསོ་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་པ་དང་འབྲེལ་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཏུ་བཞག་ནས་སྤྱི་པའི་ནོར་སྲིད་ནས་སློབ་གསོར་མ་དངུལ་གཏོང་ཤུགས་མང་དུ་བཏང་བ་དང་། སློབ་གསོའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་བཟོས་ནས་བཏོན་པ། “སློབ་གྲྭར་འགྲོ་འདོད་པ་དང་། སློབ་གྲྭར་འགྲོ་ཐུབ་པ། སློབ་གྲྭ་ཡག་པོ་སྒྲིམ་ཐུབ་པ”བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བཅས་བྱས་པར་བརྟེན་ཞིང་འབྲོག་པ་དང་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་སློབ་གྲྭར་བསྐྱོད་པའི་འདུན་པ་གྲུབ་ཡོད། མིག་སྔར་བོད་དུ་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་སློབ་གསོའི་བར་གྱི་ལོ་བཅོ་ལྔའི་རིན་མེད་སློབ་གསོའི་མ་ལག་བསྐྲུན་ཟིན་པས་ཞིང་འབྲོག་པའི་བུ་ཕྲུག་ཚོས་ཟ་མ་དང་། ཉལ་ཁང་། སློབ་ཡོན་བཅས“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་སློབ་ཡོན་མི་དགོས་པར་སློབ་ཆེན་དུ་བསྐྱོད་ཆོག་གི་ཡོད།

    “‘འགན་ལེན་གསུམ’དང་རིན་མེད་སློབ་གསོ་ལག་བསྟར་བྱས་པར་བརྟེན་སློབ་མའི་ཁྱིམ་བདག་གི་ཁུར་པོ་ཡང་དུ་ཕྱིན་པ་དང་། སློབ་གྲྭས་ཀྱང་ལུགས་མཐུན་ངང་ལྟོ་ཆས་ཀྱི་འཚོ་བཅུད་ཚད་གཞི་བཟོ་རྒྱུར་གཙིགས་ཆེན་བྱས་ནས་མར་དང་། རྩམ་པ། སྒོ་ང། འོ་མ། སྔོ་ཚལ། ཤིང་འབྲས་སོགས་བཟའ་བཅའ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་ཀྱི་ཡོད། ཁྱིམ་བདག་གིས་ཕྲུ་གུ་སློབ་གྲྭར་བསྐྱལ་ན་འགྲིག་པ་དང་འཚོ་བ་དང་སློབ་སྦྱོང་ལ་སེམས་ཁྲལ་གང་ཡང་བྱེད་དགོས་ཀྱི་མེད། ཕྲུ་གུ་སློབ་གྲྭར་གཏོང་ཚད་ཀྱང་ལོ་རེ་ལས་མ་འདས་པར་མང་དུ་ཕྱིན་ཡོད”ཅེས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སློབ་འབྲིང་གི་དགེ་རྒན་ཀུན་བཟང་རྡོ་རྗེས་བརྗོད།

    ནང་སའི་བོད་ལྗོངས་འཛིན་གྲྭ་ནི་བོད་ཀྱི་སློབ་གསོའི་ཁ་གསབ་བྱེད་ཐབས་དང་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་རེད། ནང་སའི་བོད་ལྗོངས་འཛིན་གྲྭ་གཉེར་ནས་ལོ་32རིང་རང་སྐྱོང་ལྗོངས་ལ་འབྲིང་རིམ་ཆེད་ལས་ཡན་གྱི་ཤེས་ལྡན་མི་སྣ་ཁྲི་4ཙམ་གསོ་སྐྱོང་བྱས་ཏེ་བོད་ཀྱི་སློབ་ཕྲུག་ཚོར“ཤེས་བྱའི་མཁའ་ལམ”བསྐྲུན་ཡོད། ད་ཆ་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་བོད་ཀྱི་སློབ་མ་ཚོས་རང་ཉིད་ཀྱི་ཕ་ཡུལ་དུ་ནང་སའི་བོད་ལྗོངས་འཛིན་གྲྭ་དང་འདྲ་བའི་ཕུལ་བྱུང་སློབ་ཁྲིད་ལོངས་སྤྱོད་ཐུབ་ཀྱི་ཡོད།

    སྨན་པ་དང་སྨན་དཀོན་པའི་གནས་ཚུལ་ཐག་གཅོད་བྱུང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་བྱེད་ཐབས་ཇེ་ཡངས་སུ་ཕྱིན་པ།

    “ཨེམ་རྗེ་ཝང་ལགས། སང་ཉིན་བདག་འཕྲོད་བསྟེན་ཁང་དུ་ཁྱེད་ཀྱི་སར་ན་ཚ་ལྟ་བར་ཡོང་གི་ཡིན”གཞིས་རྩེའི་གཉའ་ནང་རྫོང་གྲོང་དུ་སྐྱོད་སྐབས་ཁོང་གི་རྣ་བར་ཐོས་མང་ཤོས་ནི་སྐད་ཆ་འདི་དག་རེད། དེ་ནི་བོད་རིགས་སྤུན་ཟླ་ཚོས་བོད་སྐྱོར་སྨན་པར་དུས་ཆད་བྱས་ནས་ནད་ལྟ་བའི་བྱེད་ཐབས་ཤིག་ཏུ་གྱུར་ཟིན།

    ཝང་ཡུང་ཧྥང་ནི་གཡན་ཐའེ་ཡི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་རུ་ཁག་གི་སྨན་པ་རེད། བོད་སྐྱོར་བྱེད་རིང་། ཁོང་ཚོས་ཚན་ཁག་གི་རྨང་གཞིའི་ཤེས་བྱ་དང་རྒྱུན་མཐོང་ནད་དང་ཐོན་མང་བའི་ནད་བརྟག་དཔྱད་དང་སྨན་བཅོས་ཀྱི་ལས་དོན་སྤེལ་བ་དང་རིགས་གཅིག་མཁས་ཅན་རེར་ས་གནས་དེ་གའི་སྨན་པ་གཉིས་ནས་གསུམ་བར་བཀོད་སྒྲིག་བྱས་ཏེ“གཅིག་འཁྲིད་གཅིག”དང“གཅིག་གིས་མང་པོ་འཁྲིད་པའི”བྱེད་ཐབས་ལ་བརྟེན་ནས་གསོ་སྦྱོང་བྱས་པར་བརྟེན་ས་གནས་ལ“ནམ་ཡང་གནས་ཐུབ་པའི”སྨན་བཅོས་རུ་ཁག་གཅིག་གསོ་སྐྱོང་ཐུབ་ཡོད།

    “བོད་སྐྱོར་སྨན་པ་སླེབས་རྗེས། རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་ནད་ལྟ་བར་ཡོང་མཁན་མང་དུ་ཕྱིན་སོང་། དེ་སྔ་རྒྱུན་དུ་གཞིས་རྩེ་གྲོང་ཁྱེར་རམ་ཡང་ན་དིང་རི་རྫོང་དུ་ནད་ལྟ་བར་འགྲོ་མཁན་གྲོང་མི་ཡང་རྫོང་འཕྲོད་བསྟེན་ཁང་དུ་ནད་ལྟ་བར་ཡོང་གི་འདུག ད་ཆ་རྫོང་དང་ཤང་གི་ཡུལ་མི་ཚོས་བོད་སྐྱོར་སྨན་པ་ཚང་མ་ངོ་ཤེས་ཀྱི་ཡོད”ཅེས་གཉའ་ནང་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ཡོན་ཀྲང་གཞོན་པ་སྐལ་བཟང་དགྲ་འདུལ་གྱིས་བརྗོད།

    ཁག་གཉིས་པའི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་324ཡིས་འབད་འཐབ་བྱས་པ་བརྒྱུད། སྨན་བཅོས་རོགས་སྐྱོར་གཞན་བརྟེན་ནས་རང་བརྟེན་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་། ཐག་རིང་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་བྱེད་ཐབས་ཇེ་ཡངས་སུ་ཕྱིན་པ་དང་། “1+7”རོཌ་སྐྱོར་ཐོབ་པའི་སྨན་ཁང་ཡང་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད།

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“མི་རིགས་ཁག་གི་མང་ཚོགས་ལ་ན་ཚ་ཉུང་ཙམ་ཕོག་པ་དང་། ནད་ལྟ་ཐུབ་པ། སྨན་བཅོས་ཡག་པོ་བྱེད་དགོས་པ”བཅས་ཀྱི་བླང་བྱ་བཏོན་ཡོད། 2017ལོའི་ལོ་འགོར། ལྗོངས་ཡོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་དང་བོད་སྨན་སྡེ་ཁག་ཁྱབ་ཚད་89%ཟིན་པ་དང་སྦྲུམ་མ་སྨན་ཁང་དུ་ཕྲུ་གྲུ་བཙའ་ཚད་92%ཟིན་ཡོད། བོད་སྐྱོར་སྨན་བཅོས་རུ་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་ལྗོངས་ཡོངས་རིམ་པའི་སྨན་ཁང་གཏོད་འཛུགས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པ། སྨན་བཅོས་ཞབས་ཞུའི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ། སྨན་ཁང་དོ་དམ་གྱི་སྒྱུར་བཅོས་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།

    སྤྱི་ཚོགས་འགན་ལེན་ལ་སྐུལ་མ་ཐེབས་པ་དང་བདེ་སྐྱིད་འཚོ་བར་འགན་ལེན་བྱུང་བ།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས། རྒན་རྒོན་ལ་ལས་མ་ཎི་ལག་འཁོར་བསྐོར་བ་དང་། ལ་ལ་བལ་གསེད་པ། ལ་ལ་མཉམ་དུ་བསྡད་ནས་སྒོ་རའི་ནང་ཉི་མ་སྲོ་བཞིན་སྐད་ཆ་ཤོད་བཞིན་འདུག

    ཉལ་ཁྲིའི་ཐོག་བསྡད་པའི་ལོ་70ལ་སླེབས་པའི་རྒད་པོ་དཔལ་འབྱོར་གྱིས་དགའ་སྤྲོའི་ངང་ཐོག་མར་སྤོ་སྐབས་ས་མ་འཕྲོད་ཙང་། གཉིད་ཁུག་ཁག་པོ་འདུག ཡིན་ནའང་ཉིན་གཉིས་ཙམ་བསྡད་རྗེས་གོམས་ནས་དེ་ནས་བྲལ་ཕོད་ཀྱི་མི་འདུག དེ་སྔ་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེ་བ་དང་ད་ལྟ་ལྟར་གྱི་སྡོད་ཁང་ཡག་པོ་འདི་འདྲར་སྡོད་མྱོང་མེད་ཅེས་བརྗོད།

    དཔལ་འབྱོར་ནི་འབྲོག་པ་ཞིག་ཡིན་པ་དང་། ཕྲུ་གུ་དང་བཟའ་ཟླ་མེད་ལ་ཁྲག་ཤེད་ཀྱང་མཐོ་པོ་ཡོད། ཁོང་སྡོད་སའི་ཁང་པ་ནི་མི་གཉིས་སྡོད་སའི་ཁང་པ་ཡིན་པ་དང་རྒྱ་ཁྱོན་སྨི་ངོས་གྲུ་40ཙམ་ཡོད་པའི་ནང་ཉལ་ཁྲི་དང་། སྒྲོག་ཙེ། ཆ་སྒམ། བརྙན་འཕྲིན་བཅས་ཡོད་པ་མ་ཟད་ད་དུང་ཁང་པའི་ནང་དྲོད་རླངས་མ་ལག་བསྒར་ཡོད། བསྙེན་བཀུར་ལྟེ་གནས་སུ་ད་དུང་སྨན་བཅོས་ཁང་དང་། བྱེད་སྒོ་ཁང་། ཟ་ཁང་། གཅེས་སེམས་སྒོ་རྩིས་ཚོང་ཁང་སོགས་སྤྱི་པའི་སྒྲིག་བཀོད་ཆ་ཚང་པོ་འདུག

    དཔལ་འབྱོར་ནི་2015ལོའི་ཟླ་6པར་རྒན་གསོ་ཁང་དུ་ཐོག་མར་སྤོ་མཁན་རྒན་རྒོན80ལྷག་ཙམ་ནང་གི་གྲས་ཤིག་ཡིན་ཞིང་། ད་ཆ་འདི་གར་འགན་ལེན་ལྔའི་རྒན་རྒོན་212ཚེ་མཇུག་གི་བདེ་སྐྱིད་འཚོ་བ་སྐྱེལ་བཞིན་ཡོད་པ་དང་ལོ་ཆེ་ཤོས་87རེད།

    གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ཡོན་ཀྲང་སྤེན་པ་སྒྲོན་མས་འགན་ལེན་ལྔའི་གཅིག་སྡུད་རྒན་གསོ་ཁང་གི་ཇུས་འགོད་དང་། འཆར་འགོད། གནས་འདེམས་བཅས་ནས་ཞབས་ཞུའི་བར་ས་གནས་འདི་གའི་དམངས་ཀྱི་གོམས་གཤིས་དང་ཟུང་འབྲེལ་བྱས་ཡོད། རྒན་རྒོན་གྱི་བཟའ་བཅའ་དང་། སྡོད་ཁང་། གྱོན་ཆས། སྨན་བཅོས། རྗེས་འཇུག་བཅས་ཚང་མ་འགན་ལེན་བྱེད་པ་མ་ཟད་། ཆེད་མི་བཀོད་སྒྲིག་བྱས་ནས་ལྟ་རྟོག་ཀྱང་བྱེད་ཀྱི་ཡོད་ཅེས་བཤད།

    “བདེ་སྐྱིད་རྒན་གསོའི”འདུ་འགོད་ནི་ལྷོ་ཁ་གྲོང་ཁྱེར་གྱི་དམངས་སེམས་འདུ་འགོད་ཆེ་གྲས་བཅུའི་གྲས་ཡིན་ཞིང་། མིག་སྔར་གྲོང་ཁྱེར་ཡོངས་སུ་ཁྱོན་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ཁང་13ཡོད་པ་དང་འགན་ལེན་ལྔའི་རྒན་རྒོན་གཅིག་སྡུད་བསྙེན་བཀུར་བྱེད་ཚད་100%ཟིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱིས་དམངས་འཚོ་ལེགས་བཅོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་རང་མོས་ལྟར་འགན་ལེན་ལྔའི་དུད་ཚང་གི་མི་ཧྲེང་རྒན་རྒོན་ཁྲི་1.14གཅིག་སྡུད་བྱས་ཏེ་རྫོང་ཡན་གྱི་རྒན་གསོ་ཁང་དུ་གཅིག་སྡུད་བསྙེན་བཀུར་བྱས་ནས་བདེ་སྐྱིད་འཚོ་བ་སྐྱེལ་ཐུབ་པ་བྱས་ཡོད།

    “ལོ་མང་རིང་། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས‘དམངས་གཅེས་དང་། དམངས་བདེ། དམངས་ཕན’བཅས་ཀྱི་ལས་ཀའི་འདུ་ཤེས་འོག་དམངས་འཚོ་ལེགས་གཏོང་གི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ལྷག་པར་དུ‘རྒན་རྒོན་དང་བྱིས་པ’སྟེ་སྤྱི་ཚོགས་ཐོག་སེམས་ཁུར་དང་རོགས་སྐྱོར་མཁོ་ཤོས་ཀྱི་དམིགས་བསལ་མི་ཚོགས་ལ་དོ་ཁུར་བྱས་ཤིང་། ‘གཅིག་སྡུད་གཉིས’ཀྱི་བསྙེན་བཀུར་རྨང་གཞིར་བྱས་ཏེ་དམངས་འཚོ་འགན་ལེན་བྱེད་སྟངས་གསར་པ་བཟོས་ནས་དམངས་སྲིད་སྤྱི་པའི་ཞབས་ཞུ་དོ་དམ་དང་འགན་ལེན་གྱི་ནུས་པ་ཆེ་རུ་བཏང་ཡོད”ཅེས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་སུན་ཅུན་ཧྲན་གྱིས་བཤད།

    སྨན་བཅོས་འགན་ལེན་སྲིད་ཇུས་འཐུས་སྒོ་ཚང་དུ་སོང་ནས་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་གཞིས་རྐྱེན་པས་བསྐྱར་དུ་དབུལ་པོ་ཆགས་པའི་བོད་ཀྱི་ཞིང་འབྲོག་མང་ཚོགས་ཇེ་ཉུང་དུ་འགྲོ་གི་ཡོད། “ཏང་དང་རྒྱལ་ཁབ་ལས་ལྷག་པ་གང་ཡང་མི་འདུག ཏང་དང་རྒྱལ་ཁབ་མེད་ན་རང་གི་ཁང་པ་བཙོངས་ཀྱང་སྨན་རིན་འདང་ས་མ་རེད” 2013ལོར་པ་སངས་ཀྱི་ཟླ་བོ་ཚེ་རིང་བྱམས་པར་ཕོ་སྐྲན་ཕོག་པ་ཤེས། སྨན་ཁང་དུ་སྔ་རྗེས་སུ་སྨན་བཅོས་ཐེངས་གཉིས་བྱས་པར་ཁྱོན་སྨན་རིན་སྒོར་ཁྲི་23ཙམ་སོང་། སྨན་བཅོས་འགན་བཅོལ་ནས་རྩིས་ཞུ་བྱས་པ་དང་ནད་ཆེན་སྨན་བཅོས་རོགས་སྐྱོབ་ཀྱི་དངུལ་སྒོར་ཁྲི་3.8བྱུང་བས། ཁྱོན་རྩིས་ཞུ་བྱས་འབོར་90%ལྷག་ཙམ་ཟིན་ཡོད།

    མིག་སྔའི་བར་བོད་ཀྱི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་གྲངས་ཁྲི་1.96ཟིན་པ་དང་། སྤྱི་ཚོགས་འགན་ལེན་མ་ལག་རྩ་བའི་ཆ་ནས་ཆགས་པ། སྤྱི་ཚོགས་འགན་བཅོལ་སྣ་ཚོགས་ལ་ཞུགས་མཁན་མི་ཐེངས་ཁྲི་300ཟིན་ཡོད། གཞན་ཡང་ཡུལ་གཞན་དུ་སྨན་བཅོས་དོ་དམ་ཞབས་འདེགས་ཞུ་སྟངས་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ་དང་། ནད་ཆེན་འགན་བཅོལ་དང་། སྨན་བཅོས་སྐྱོབ་རོགས། ནད་གཞི་སྟབས་བསྟུན་སྐྱོབ་བཅོས་སོགས་ཀྱི་ལམ་ལུགས་སྔར་བས་བཙུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཁྱབ་ཅིང་ཕན་ཚུན་གཅིག་ཏུ་སྦྲེལ་བའི་གཞི་རྩའི་སྨན་བཅོས་འགན་ལེན་དྲ་བ་ཞིག་རྩ་བའི་ཆ་ནས་ཆགས་ཡོད།

    རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ཅང་གོ་ཅེ་ཡིས་2017ལོར་རང་སྐྱོང་ལྗོངས་ནོར་སྲིད་ནས་སྒོར་དུང་ཕྱུར་300བཏང་ནས་ཞིང་འབྲོག་པར་མུ་མཐུད་གཟིགས་སྐྱོང་བྱ་རྒྱུ་ཡིན། “འབྱུང་འགྱུར་ང་ཚོས་དམངས་འཚོ་ལེགས་སུ་གཏོང་རྒྱུ་མུ་མཐུད་འཕེལ་རྒྱས་ཀྱི་གནས་བབ་ཨང་དང་པོར་བཞག་སྟེ་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། སློབ་གསོའི་ཞན་ཆ་གསབ་པ། སྨན་པ་དཀོན་ཅིང་སྨན་ཉུང་བའི་ཞྭ་མོ་འབུད་པ། སྤྱི་ཚོགས་འགན་ལེན་གྱི་བདེ་འཇགས་དྲ་བ་བརྟན་དུ་གཏོང་བ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དཀའ་གནད་ཐག་གཅོད་ཡག་པོ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།