[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཏང་གི་ཚོགས་ཆེན་བཅུ་དགུ་པ།>འབད་འབུངས་ཡར་བརྩོན།
  • གཟེངས་སུ་ཐོན་པའི་གྲུབ་འབྲས། དགའ་བར་འོས་པའི་ལོ་ཟླ།

    ​ —— ལོ་ལྔའི་རིང་གི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-22

    རྨང་གཞིའི་སྒྲིག་བཀོད་ཀྱི་འགག་གནད་ཆེས་ཆེར་བསལ་བ།

    —— ཕྱིར་སྐྱོད་སྐབས་འགྲིམ་འགྲུལ་སྟབས་སྔར་བས་བདེ་རུ་ཕྱིན་པ། རྒྱལ་ཁབ་ཀྱིས་རྨང་གཞིའི་སྒྲིག་བཀོད་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བས་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ། མདོང་ལམ་བཅས་ཀྱིས་གཙོས་པའི་ཕྱོགས་བསྡུས་ཀྱི་སྐྱེལ་འདྲེན་མ་ལག་ཅིག་གཞི་རྩའི་ཆར་ཆགས་པ་སྟེ། གཞུང་ལམ་ཐད། ཁྲོན་བོད་གཞུང་ལམ་གྱི་བོད་ལྗོངས་དུམ་བུ་དང་ཤིན་བོད་གཞུང་ལམ་ལ་ཁྱོན་ཡོངས་ནས་སྣུམ་ནག་བཏིངས་པ་དང་། ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ། གོང་དཀར་གནམ་ཐང་ནས་རྩེད་ཐང་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་ཐུབ་ཉེར་ཡོད་པ་བཅས་ཀྱིས་བོད་ལ་རིམ་པ་མཐོ་བའི་གཞུང་ལམ་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ཡོད། མེ་ཏོག་གཞུང་ལམ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་དེས་རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་མཐའ་མའི་ལོ་རྒྱུས་མཇུག་འགྲིལ་ཞིང་། 2016ལོའི་ལོ་མཇུག་བར་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་8.21ཟིན་པ་དེ་2011ལོ་ལས་30.5%འཕར་ཡོད། ལྕགས་ལམ་ཐད། མཚོ་བོད་ལྕགས་ལམ་གྱི་ལྷ་ས་ནས་གཞིས་རྩེའི་བར་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་དང་། ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་སྐྲུན་འགོ་བརྩམས་ནས་བོད་ཀྱི་ལྕགས་ལམ་གྱི་བྱ་གཞག་འཕེལ་རྒྱས་མྱུར་བའི་དུས་མཚམས་སུ་སླེབས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད། 2016ལོའི་ལོ་མཇུག་བར་མེ་འཁོར་གྱིས་སྐྱེལ་འདྲེན་བྱས་པའི་ལམ་ཚད་བསྡོམས་འབོར་སྤྱི་ལེ་954ཟིན་ཡོད། མཁའ་འགྲུལ་ཐད། ད་ཆ་མཁའ་ལམ་ཤར་གཏོང་ཐུབ་པའི་གནམ་ཐང་5ཡོད་པས་ལྷ་ས་གོང་དཀར་གནམ་ཐང་གིས་ལྟེ་བ་བྱས་པ་དང་། ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། མངའ་རིས་ཀྱི་དགུན་ས། གཞིས་རྩེ་ཞི་བདེ་གནམ་ཐང་གིས་ཡན་ལག་ལམ་བྱེད་པའི་དམངས་སྤྱོད་གནམ་ཐང་ཆེན་པོ་ལྔའི་དྲ་བ་ཞིག་ཆགས་ཡོད། 2016ལོར་བོད་དུ་ལས་གཉེར་བྱས་པའི་མཁའ་འགྲུལ་ཀུང་སི་དགུ་ཡོད་པ་དེ་དག་གིས་རྒྱལ་ཁབ་ཕྱི་ནང་དུ་མཁའ་འགྲུལ་ལམ་ཐིག་71བཏོད་དེ་གྲོང་ཁྱེར་41ལ་འཕུར་གྱི་ཡོད། 

    —— ནུས་རྒྱུ་འགན་ལེན་སྔར་བས་ནུས་ལྡན་བྱུང་བ། ཆུ་གློག་གིས་གཙོས་ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་སོགས་ནུས་རྒྱུ་མང་པོ་ཕན་ཚུན་གསབ་རེས་བྱེད་པའི་ནུས་རྒྱུ་གསར་པའི་མ་ལག་ཅིག་སྤྱིར་ན་ཆགས་པ་དང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གྱི་འཕེལ་རིམ་ཀྱང་མགྱོགས་སུ་ཕྱིན་ཡོད་པ་སྟེ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལ་རང་བྱུང་སོལ་རླངས་གཅིག་སྡུད་མཁོ་སྤྲོད་ཐུབ་པ་དང་། ནག་ཆུ་ས་ཁུལ་གྱི་ནག་ཆུ་གྲོང་རྡལ་དང་མངའ་རིས་ས་ཁུལ་གྱི་སེང་གེ་འབབ་གྲོང་རྡལ་ལ་གཅིག་སྡུད་དྲོད་རླངས་མཁོ་སྤྲོད་ལས་གྲྭ་སྤྱོད་འགོ་ཚུགས་ནས་ས་བབ་མཐོ་བའི་རྫོང་ཁག་གཅིག་ལ་དྲོད་རླངས་མཁོ་སྤྲོད་ཀྱི་ལས་གྲྭ་ལག་ལེན་བསྟར་མགྱོགས་སུ་བཏང་ཡོད། ཆུ་གློག་གིས་གཙོས་ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་སོགས་ནུས་རྒྱུ་མང་པོ་ཕན་ཚུན་གསབ་རེས་བྱེད་པའི་ནུས་རྒྱུ་གསར་པའི་མ་ལག་ཅིག་སྤྱིར་ན་ཆགས་ཤིང་། 2014ལོར་རང་ལྗོངས་སུ་གློག་ཤུགས་མཁོ་སྤྲོད་དོ་མཉམ་བྱུང་ཡོད། 2016ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་226.6ཟིན་པ་དེ་2011ལོ་ལས་ལྡབ་1.29འཕར་ཡོད། 

    —— འཕྲིན་གཏོང་སྔར་བས་མགྱོགས་སུ་ཕྱིན་པ། འཕྲིན་གཏོང་དང་དྲ་རྒྱའི་ཆ་འཕྲིན་ཐད་ནང་ས་དང་དུས་མཉམ་འཕེལ་རྒྱས་བྱུང་སྟེ་འོད་ཁྲིད་ཚི་སྐུད་དང་། སྲུང་སྐར། དྲ་རྒྱ་བཅས་ཀྱིས་གཙོས་པའི་དེང་རབས་ཀྱི་འཕྲིན་གཏོང་དྲ་བའི་མ་ལག་ཅིག་རིམ་བཞིན་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་སྟེ་མཐོ་སྒང་སྲུང་སྐར་དང་། འོད་ཁྲིད་ཚི་སྐུད། དྲ་རྒྱ། ཆ་འཕྲིན་བཅས་ཀྱི་དུས་རབས་གསར་པར་སླེབས་ནས་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་ནུས་ལྡན་ངང་མཁོ་སྤྲོད་དང་འཕྲིན་གཏོང་གི་ཞབས་འདེགས་འཇོན་ཐང་ཕྱོགས་ཡོངས་ནས་མཐོ་རུ་སོང་ཡོད་ལ། ནང་ས་དང་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་མི་ཆད་པར་ཟབ་ཏུ་སོང་ཡོད། ལྗོངས་ནང་ཁུལ་དང་ལྗོངས་ཕྱིའི་དབར་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི“གྲངས་ཀའི་བར་ཁྱད”ཇེ་ཆུང་དུ་ཕྱིན་ཞིང་། 2016ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་ཚང་མར་འོད་ཁྲིད་ཚི་སྐུད་ཁྲིད་ནས་སྲིད་འཛིན་གྲོང་ཚོར་སྒུལ་བདེའི་བརྡ་རྟགས་སྤྱིར་ན་ཁེབས་པ་དང་རྒྱལ་ལམ་དང་། ཞིང་ཆེན་ལམ། ལྕགས་ལམ། གནམ་ཐང་བཅས་ལ་མྱུར་ཚད་མགྱོགས་པའི་སྒུལ་བདེའི་འཕྲིན་གཏོང་ཁེབས་ཚད་སོ་སོར་90%དང་། 64% 90% 100%བཅས་ཟིན་པ་དང་Aརིམ་པ་དང་དེ་ཡན་གྱི་མཛེས་ལྗོངས་ཁུལ་ལ་སྒུལ་བདེའི་འཕྲིན་གཏོང་ཡོངས་སུ་ཁེབས་པ། མཐའ་མཚམས་རྫོང་དང་། མཐའ་མཚམས་ཤང་། མཐའ་མཚམས་ཞིབ་བཤེར་ས་ཚིགས། མཐའ་མཚམས་གྲོང་ཚོ་བཅས་ལའང་སྒུལ་བདེའི་འཕྲིན་གཏོང་ཡོངས་སུ་ཁེབས་ཡོད། 3Gདྲ་རྒྱ་བོད་ཀྱི་གྲོང་ཁྱེར་དང་། ས་ཁུལ། རྫོང་མཁར། ཤང་དང་གྲོང་རྡལ་བཅས་ཚང་མར་ཁེབས་པ་དང་སྲིད་འཛིན་གྲོང་ཚོ་83.6%ལ་དྲ་ཆེན་ཁྲིད་པ་དང་རང་སྐྱོང་ལྗོངས་གྲོང་གསེབ་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་གསར་སྤེལ་བྱས་ནས་བསྐྲུན་པ་བཅས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་ཡོད། 

    དམངས་འཚོ་དམངས་ཕན་འགན་ལེན་གང་ལེགས་ཐུབ་པ། 

    —— གཞི་རྩའི་སྤྱི་པའི་ཞབས་འདེགས་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་བྱ་གཞག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་བཏང་བ་དང་། བདེ་ཐང་བོད་ལྗོངས་ཀྱི་བྱ་སྤྱོད་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། གཞི་རྩའི་སྤྱི་པའི་ཞབས་འདེགས་ཆ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་དང་འཕྲོད་བསྟེན་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་སྟེ་རིན་མེད་སྨན་བཅོས་ཀྱིས་རྨང་གཞི་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཞིང་འབྲོག་པ་ཡོངས་ལ་ཁྱབ་པ་དང་དགོན་སྡེའི་གྲྭ་བཙུན་སོགས་ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་སུ་བཅུག་ཡོད། སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་ལོ་15ཡི་རིན་མེད་སློབ་གསོ་རྒྱལ་ཡོངས་ཀྱི་སྔོན་ལ་མངོན་འགྱུར་བྱུང་ཡོད། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ཐབས་ལམ་ཆེ་རུ་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མ་ཁག་གཅིག་ལྗོངས་ཕྱི་རོལ་ཏུ་ལས་ཞུགས་ཐུབ་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཤོར་བྱེད་ཚད་2.5%ཙམ་ནང་ཚོད་འཛིན་བྱས་པས་ལས་ཞུགས་དུས་བབ་བརྟན་པོ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་ལེན་གྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་ནས་དྭ་ཕྲུག་ས་ཁུལ(གྲོང་ཁྱེར)རིམ་པའི་བྱིས་པའི་ཕན་བདེ་ཁང་དུ་གཅིག་སྡུད་ཀྱིས་གསོ་བཞིན་ཡོད་པ་དང་དགོན་སྡེའི་གྲྭ་བཙུན་གྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་བཙུགས་པས། སྤྱི་ཚོགས་ཀྱི་འགན་བཅོལ་ཁག་ལ་ཞུཌ་མཁན་མི་གྲངས་ཁྲི་300ཟིན་ཡོད། 

    —— མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། 2016ལོར་གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་9094ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་27802ཟིན་ནས་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མགྱོགས་མྱུར་འཕར་བ་དང་བསྟུན་ནས་གྲོང་མིའི་འཛད་སྤྱོད་བྱེད་སྟངས་སྣ་མང་ཅན་དུ་གྱུར་ཡོད་ལ། འཁྱག་སྒམ་དང་། བརྙན་འཕྲིན། གློག་ཀླད། གོས་འཁྲུད་འཕྲུལ་ཆས། རླངས་འཁོར། ལག་ཐོཌ་ཁ་པར་སོགས་ཀྱི་འཛད་སྤྱོད་དངོས་པོ་མི་སེར་དཀྱུས་མའི་ཁྲོད་དུ་ཁྱབ་ཡོད། 

    444181_yis_1508432175725_s.jpg

    ↑ ཆེས་མཛེས་པའི་ལྗོངས་གཟིགས་ལམ་ཆེན་ཏེ། ལྷ་ཉིང་རིམ་མཐོའི་གཞུང་ལམ(དུས་ཐེངས་གཉིས་པ)ཡིན་པ། 

    དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་པ། 

    —— དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱས་པས། དཔལ་འབྱོར་བསྡོམས་འབོར་ལོ་རེ་བཞིན་སྐས་རིམ་གསར་པར་སླེབས་ནས2015ལོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཆིག་སྟོང་གི་འགག་སྒོ་ཆེན་པོ་ལས་ཚད་བརྒལ་བྱུང་བ་དང་། 2016ལོར་སྒོར་དུང་ཕྱུར་1150.07ཟིན་ཡོད། ལོ་ལྔའི་རིང་ལོ་རེར་ཆ་སྙོམས་འཕར་ཚད་11%མཐོ་རུ་ཕྱིན་པ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་9.1%འཕར་ཡོད། འཕར་ཚད་ལོ་24བསྟུད་མར་གྲངས་གནས་གཉིས་ཡན་འཕར་བ་རྒྱུན་འཁྱོངས་ཐུབ་པ་དང་། 2014ལོ་ནས་2016ལོའི་བར་ལོ་གསུམ་བསྟུད་མར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་གསུམ་གྱི་ནང་དུ་ཚུད་ཡོད།

    —— སྤྱི་ཚོགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་རྩ་འཇོག་པའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། རྒྱལ་ཁབ་ཀྱིས་བོད་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་གལ་ཆེ་བ་དང་ཤུགས་རྐྱེན་ཟབ་པའི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཁག་གཅིག་སྔ་རྗེས་སུ་བཀོད་སྒྲིག་བྱས་ཡོད། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མ་འཇོག་གི་ཡར་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མ་འཇོག་གྲུབ་ཆ་ལེགས་སྒྲིག་བྱས་པ་དང་མ་དངུལ་གཏོང་ཤུགས་ཆེ་རུ་ནུས་ལྡན་བཏང་ནས་མ་དངུལ་བསྡུ་སྒྲིལ་བྱ་ཐབས་གསར་གཏོད་ཧུར་ཐག་བྱས་པ་དང་། མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་ཆེར་བཏང་བས་སྤྱི་ཚོགས་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་རྩ་འཇོག་ཤུགས་རྒྱུན་མཐུད་ཆེ་རུ་ཤུགས་ཆེན་ཕྱིན་ཏེ་ལོ་ལྔའི་རིང་རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་རྩ་སྒོར་དུང་ཕྱུར་5745.86བཞག་པས། ལྗོངས་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕར་བར་ཡར་སྐུལ་ནུས་ལྡན་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། 

    —— ས་གནས་ཀྱི་ནོར་ཤུགས་རྒྱུན་མཐུད་ངང་མགྱོགས་མྱུར་འཕར་བ། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ཀྱི་ནོར་སྲིད་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། རང་སྐྱོང་ལྗོངས་ཀྱིས་དུས་འབྲིང་གི་ནོར་སྲིད་འཆར་འགོད་དོ་དམ་ལག་བསྟར་བྱས་པས་ནོར་སྲིད་ཀྱི་རྒྱང་ལྟའི་རང་བཞིན་དང་རྒྱུན་མཐུད་རང་བཞིན་དེ་བས་ཆེ་རུ་ཕྱིན་པ་དང་། ནོར་སྲིད་ཀྱི་ཡོང་འབབ་ཆེས་ཆེར་འཕར་བ། ནོར་སྲིད་ཀྱི་གཏོང་སྒོའི་གཞི་ཁྱོན་ཆེ་རུ་ཕྱིན་པ། དམངས་འཚོ་དང་། ཞིང་ལས་ལ་རྒྱབ་སྐྱོར། སྤྱི་ཚོགས་བྱ་གཞག་དང་སྣོད་བཅུད་ཤེས་དཔལ་སོགས་ཀྱི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་ཕྱིན་པ། ས་ཁུལ་དབུལ་པོ་དང་། མཐའ་འཚམས་ས་ཁུལ། ཡོང་འབབ་དམའ་བའི་ཚོགས་སྤྱི་བཅས་ལ་ནོར་སྲིད་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་པས། རང་ངོས་འཕེལ་རྒྱས་དང་རང་ངོས་འགན་ལེན་བྱེད་པའི་འཇོན་ཐང་ཆེ་རུ་མངོན་གསལ་ཕྱིན་ཡོད། 

    ཁྱད་ལྡན་ལེགས་ལྡན་གྱི་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ། 

    —— ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ། ཞིང་ལས་ལ་ཤུགས་སྣོད་དང་། ཞིང་པར་ཕན་སྦྱོར། ཞིང་ཁུལ་ལ་རྒྱབ་སྐྱོར་བཅས་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། “ཞིང་གསུམ”ལ་གཏོང་ཆ་གཏོང་ཤུགས་དང་ཚན་རྩལ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་བོར་འཛིན་པ་བཅས་བྱས་ནས་ས་མཐོའི་ཞིང་འབྲོག་ཐོན་རྫས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སོན་བཟང་དང་རྒྱུད་བཟང་ཕྱུགས་རིགས་ཁྱབ་གདལ་བཏང་བ། ཁྲེང་ཀོན་ཆུས་དང་། བསམ་གྲུབ་རྩེ་ཆུས། སྨན་གླིང་རྫོང་བཅས་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པའི་མཉམ་འདྲེས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བས། ཞིང་འབྲོག་ཐོན་རྫས་ཀྱི་ཐོན་འབབ་རྒྱུན་མཐུད་བརྟན་པོའི་ངང་འཕར་བ་དང་། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། དེང་རབས་ཅན་གྱི་ཞིང་འབྲོག་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། འབྲུ་རིགས་ཐོན་སྐྱེད་ལོ་བསྟུད་མར་ལོ་ལེགས་བྱུང་ནས་2015ལོར་ཏུན་ཁྲི་100ཟིན་ཡོད། 

    —— ཁྱད་ལྡན་ལེགས་ལྡན་གྱི་ཐོན་ལས་རིམ་བཞིན་སྟོབས་ཆེར་ཕྱིན་པ། ཁྱད་ལྡན་ལེགས་ལྡན་གྱི་ཐོན་ལས་དང་འཐབ་ཇུས་འདེགས་སྐྱོར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ནས་ཐོན་ལས་རིམ་སྤོར་སྒྱུར་བཀོད་ལ་རོགས་སྐྱོར་བྱས་པ་དང་། དྭངས་གཙང་ནུས་རྒྱུ། གནོད་མེད་བཟའ་བཏུང་ཐོན་རྫས། བོད་ཀྱི་གསོ་བ་རིག་པའི་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ལེགས་ལྡན་གྱི་གཏེར་ལས་སོགས་ཁྱད་ལྡན་ལེགས་ལྡན་གྱི་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། ཁེ་ལས་ཀྱིས་སྒྲིག་གཞི་མཉམ་སྤྱོད་ཀྱི་ལས་སྟེགས་ཞིབ་བཟོ་དང་སྲོལ་རྒྱུན་ཐོན་ལས་རིམ་སྤོར་སྒྱུར་བཀོད་ལ་སྐུལ་འདེད་གཏོང་རྒྱུར་ལྕག་སྐུལ་བྱས་ཡོད། 

    444180_yis_1508432174010_s.jpg

    དེ་འདྲའི་ཨ་ཕོ་འབྲོག་པའི་སྐྱིད་མདོག་ལ་ཨང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།