[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>༢༠༡༦ལོའི་ལྷ་སའི་ཞོ་སྟོན།
  • 2016ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-09-09

    ཚེས་7ཉིན་གྱི་ཕྱི་དྲོར་2016ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། ཞོ་སྟོན་རིང་སྲོལ་རྒྱུན་ལྟར་གོས་སྐུ་བཀྲམས་པ་དང་ལྷ་མོ་འཁྲབ་པ་ཕུད་འདི་ལོ་བོད་ཀྱི་མིག་མངས་འགྲན་བསྡུར་དང་། “དྲ་ཐོག་གི་ཞོ་སྟོན”དྲིལ་བསྒྲགས་འོས་སྦྱོར། ཞོ་སྟོན་གྱི་རབ་དགའི་དུས་ཆེན་སོགས་བྱེད་སྒོ་གསར་པ་ཆེ་གྲས་9དང་ཆུང་བ་11གཉེར་བ་དེས་ཞོ་སྟོན་གྱི་བྱེད་སྒོར་ཞུགས་མཁན་མང་ཚོགས་ཇེ་མང་དུ་གྱུར་ཏེ་གྲོང་མི་མང་ཚོགས་ཀྱི་དུས་ཆེན་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ནས་སྒོ་དབྱེ་དང་། ཤེས་དཔལ། ཞི་མཐུན། དར་རྒྱས་བཅས་ལྡན་པའི“མཛེས་པའི་ཁྱིམ་གཞིས། སྐྱིད་པའི་ལྷ་ས”དང་། གནས་སྡོད་དང་། ཡུལ་སྐོར། ལས་གཏོད་བཅས་དང་འཚམས་པའི་དེང་རབས་ཅན་གྱི་ས་མཐོའི་གྲོང་ཁྱེར་ཞིག་སྐྱེ་བོ་ཀུན་གྱི་འདྲེན་བྱེད་དུ་མངོན་བཞིན་ཡོད།

    འབྲས་སྤུངས་དང་སེ་ར་དགོན་དུ་གོས་སྐུ་བཀྲམས་ནས་ལྷ་སའི་ཞོ་སྟོན་གྱི་འགོ་ཚུགས་ཤིང་། དད་ལྡན་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་འབུམ་ཁ་ཤས་མཇལ་བར་ཡོང་ནས་ལྷ་སའི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཡོང་བའི་སྨོན་འདུན་ཞུས་པ་རེད།

    ཞོ་སྟོན་སྐབས་གླིང་ཁ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད། ཞོ་སྟོན་གྱི་ཉིན་དང་པོར་གྲོང་མི་ཚོས་ཞོགས་སྔ་པོ་ནས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ནོར་བུ་གླིང་ཁར་འོང་ནས་གདན་བཏིང་བའི་ཐོག་འཐུང་བྱ་དང་བཟའ་བཅའ་སྣ་ཚོགས་བསྒྲིགས་ཏེ་ཉིན་བདུན་རིང་སྐྱིད་སྐྱིད་གཏོང་ཆེད་གྲ་སྒྲིག་བྱེད་ཀྱི་ཡོད། ནང་མི་ཚོས་དགའ་ཉེ་སྤུན་མཆེད་རྣམས་འབོད་དེ་ཞིམ་པའི་ཆང་རག་འཐུང་བཞིན་ཤོ་སྦག་རྒྱག་པ་དང་གླུ་ལེན་གར་འཁྲབ་ཀྱིས་གང་དགའ་གང་སྐྱིད་ལ་རོལ།

    ད་རེས་ཞོ་སྟོན་རིང་དུས་ཆེན་གྱི་འཛད་སྤྱོད་ཀྱི་རབ་དགའི་བྱེད་སྒོ་ཐོག་མར་སྤེལ་བའི་ནང་། ཐའེ་དབན་གྱི་དམངས་སྲོལ་རིག་གནས་དང་ཞིམ་ཟས་འགྲེམས་སྟོན་དང་། ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་འགྲེམས་སྟོན། ལྷ་སའི་རླངས་འཁོར་འགྲེམས་སྟོན། ལྷ་སའི་ས་ཁང་ཐོན་ལས་ཀྱི་འགྲེམས་སྟོན། ལྷ་སའི་གཉིས་གཏོད་ཐོན་ཟོག་དང་ཁྱད་ལྡན་ཚོང་ཟོག་འགྲེམས་སྟོན། ལྷ་སའི་སྤུས་རྟགས་དཀར་ཆུ་དང་། ཆང་རག འཐུང་ཆུ་འགྲེམས་སྟོན་བཅས་འགྲེམས་སྟོན་ཆེ་གྲས་དྲུག་སྒྲིག་འཛུགས་བྱས་པར་འགྲེམས་ཁྱོན་སྨི་ངོས་གྲུ་ཁྲི་1ཙམ་ཟིན་པའི་ནང་འགྲེམས་གནས་300ཙམ་བཀོད་སྒྲིག་བྱས་པ་དང་ཁེ་ལས་དང་ཚོང་པ་200ལྷག་ཙམ་ཞུགས་པ་དེ་དག་གིས་ལྟོགས་གསོས་དང་། ཞིང་ཞོར་ཐོན་ཟོག ཡུལ་ཟོག དཀར་ཆུ། ཆང་རག འཐུང་ཆུ། གྱོན་ཆས། རྒྱན་ཆ། གཉིས་གཏོད་ཐོན་ཟོག རླངས་འཁོར། རླངས་འཁོར་གྱི་སྒྲ་སྐྱེད། སྡོད་ཁང་། ཁང་པ་མཛེས་བཟོ་སོགས་ཀྱི་ཐོན་ཟོག་འཚོང་བ་དང་ཞབས་ཞུ་བསྒྲུབས་ཡོད།

    ལྷ་མོ་ནི་སྐབས་རིམ་བྱུང་གི་ཞོ་སྟོན་ལ་མེད་དུ་མི་རུང་བ་ཞིག་ཡིན། ལྷ་མོར་དགའ་བའི་མིའི་འདོད་པ་སྐོང་ཆེད། ཞོ་སྟོན་གྱི་ཉིན་བདུན་རིང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དང་། མལ་གྲོ་གུང་དཀར་རྫོང་། སྙེ་མོ་རྫོང་དང་གཞིས་རྩེ་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱི་ལྷ་མོ་ཚོགས་པས་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ་རེས་མོས་བྱས་ཏེ་ལྷ་མོ་འཁྲབ།

    ཡིག་གཟུགས་དང་རི་མོའི་སྒྱུ་རྩལ་འགྲེམས་སྟོན་ནི་ལྷ་སའི་ཞོ་སྟོན་གྱི་ནང་དོན་གལ་ཆེན་གྲས་ཤིག་ཡིན་ཞིང་། ད་རེས་ཡིག་གཟུགས་དང་། རི་མོ། པར་རིས་བཅས་ཀྱི་བརྩམས་ཆོས་180ལྷག་ཙམ་འགྲེམས་སྟོན་བྱས་ཡོད།

    “ཞོ་ལྡག་པ་དང་མིག་མངས་རྩེད་ནས་བོད་ཀྱི་རིག་གནས་ལ་མྱོང་རོལ་དང་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་འབུལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མིག་མངས་འགྲན་བསྡུར་དང་འཁྲབ་སྟོན་ཐེངས་དང་པོ་ལྷ་སའི་ཀྲུའུ་ཙེ་ཀུའེ་སློབ་གསོའི་སློབ་ཁང་ཆེ་མོའི་ནང་གཉེར་བར་ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་དང་སློབ་འབྲིང་ཁག་ནས་ཡོང་བའི་སློབ་མའི་འཐུས་མི་139བྱེད་སྒོར་ཞུགས་ཏེ་བོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཤེས་ཚོར་ཐུབ་ཡོད།

    འདི་ལོའི་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་འོས་སྦྱོར་དང་གཅིག་སྡུད་གན་རྒྱ་འཇོག་པའི་མཛད་སྒོར་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་50ལ་གན་རྒྱ་བཞག་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་305.94ཟིན་པ་ལས་དངོས་སུ་མིང་རྟགས་བཀོད་པའི་རྣམ་གྲངས་37ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར་217.59ཟིན་པ་དང་། གན་རྒྱ་འཇོག་རྩིས་ཡོད་པའི་རྣམ་གྲངས་13ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར་88.35ཟིན་ཡོད།

    བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཟླ་9ཚེས་6ཉིན་བར་ཞོ་སྟོན་གྱི་རབ་དགའི་བྱེད་སྒོར་ལྟད་མོ་བ་མི་ཐེངས་ཁྲི་8.6སླེབས་པ་དང་ས་གནས་ས་ཐོག་ཏུ་སྒོར་ཁྲི་650ལོན་པའི་ཚོང་འགྲིག་པ་དང་གྲོས་མོལ་འདོད་མཐུན་ཡོད་པ་སྒོར་ཁྲི་7600ཟིན་ཏེ་བསྡོམས་སྒོར་ཁྲི་8250ལྷག་ཙམ་གྱི་ཚོང་འགྲིག་ཡོད། དེའི་ནང་ཞིམ་ཟས་འགྲེམས་ཁུལ་དུ་སྒོར་ཁྲི་125དང་རླངས་འཁོར་འགྲེམས་ཁུལ་དུ་སྒོར་ཁྲི་400ལྷག་ཙམ་གྱི་ཚོང་འགྲིག་པ་དང་། སྒོར་ཁྲི་120ལྷག་ཙམ་གྱི་འདོད་མཐུན་ཚོང་འགྲིག་པ། ས་ཁང་ཐོན་ལས་དང་ཁང་པ་མཛེས་བཟོ་ཁུལ་དུ་སྒོར་ཁྲི་100ལྷག་ཙམ་གྱི་ཚོང་འགྲིག་པ། ཁང་པ་76ཚོང་རྒྱུའི་གྲོས་མཐུན་ཁ་ཆད་བྱས་ནས་སྒོར་ཁྲི་7500ལྷག་ཙམ་གྱི་འདོད་མཐུན་ཚོང་འགྲིག་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།