[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>༢༠༡༦ལོའི་ལྷ་སའི་ཞོ་སྟོན།
  • གླིང་གཏོང་སྤྲོ་སྐྱིད་ལ་དགའ་བའི་ས་མཐོའི་མི་རིགས།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཆུང་བདག་གིས    |    སྤེལ་དུས།   2016-09-03

    བོད་མི་རིགས་ནི་བློ་བག་ཡངས་པས་གླུ་གར་ལ་དགའ་བ་དང་གླིང་གཏོང་སྤྲོ་སྐྱིད་ལ་རོལ་རྒྱུར་དགའ་བའི་མི་རིགས་ཤིག་ཡིན་སྟབས། རྣམ་ཀུན་ནས་དུས་ཆེན་མང་ལ་དགའ་ཉེ་སྤུན་མཆེད་རྣམས་མཉམ་དུ་འཛོམས་ནས་དགའ་དགའ་སྤྲོ་སྤྲོ་བྱེད་པའི་གོམས་གཤིས་ལྡན་ཡོད་ལ། ཕྱི་རོལ་གྱི་ཡུལ་ལྗོངས་ཉམས་སུ་མྱོང་རྒྱུར་དེ་བས་དགའ་པོ་ཡོད་པ་ནི་ལོ་རྒྱུས་ཀྱི་ཤོག་ལྷེ་ཚང་མའི་ངོས་ནས་མཐོང་རྒྱུ་ཡོད་པ་ཞིག་ཡིན། ལྷག་དོན་དུ་ལོ་གཅིག་དུས་གཅིག་གི་ཞོ་སྟོན་སྐབས་སུ་སྐྱེ་བོ་ཚང་མས་ནོར་བུ་གླིང་ག་དང་རྫོང་རྒྱབ་ཀླུ་ཁང་སོགས་སྐྱེད་མོས་ཚལ་ཁག་ཏུ་གླིང་གཏོང་སྤྲོ་སྐྱིད་ལ་རོལ་བའི་གོམས་སྲོལ་ཁྱད་པར་ཅན་ཞིག་ཆགས་ཡོད་པ་རེད།

    317882_yis_1472448118623_s.jpg

    སྐྱེད་མོས་ཚལ་དུ་བག་ཕེབས་རྣམ་པས་ཁེངས།

    དེ་ཡང་ལྷ་སའི་ནུབ་ཕྱོགས་ཀྱི་ལྷ་ཀླུ་དགའ་ཚལ་ནི་པུར་རྒྱལ་བཙན་པོའི་དུས་ནས་བཟུང་གླིང་གཏོང་སྤྲོ་སྐྱིད་གནང་ཡུལ་ཡིན་ལུགས་འཁོད་ཡོད་པ་དང་དགའ་ལྡན་ཕོ་བྲང་གི་དུས་སུ་ཡང་ཆབ་ཞུགས་སོགས་ཀྱི་སྐབས་སུ་སེར་སྐྱ་དཔོན་རིགས་ཚང་མ་ཁྲུས་ལ་ཞུགས་པ་དང་གླིང་གཏོང་སྤྲོ་སྐྱིད་ལ་རོལ་ཚུལ་ལ་གཞིགས་ན། བོད་ས་མཐོར་གླིང་གཏོང་སྤྲོ་སྐྱིད་ཀྱི་བྱེད་སྒོའི་ལོ་རྒྱུས་རིང་ལ་སེར་སྐྱ་ཚང་མས་རྒྱ་ཆེར་སྤེལ་གྱི་ཡོད་པ་མཚོན་ཐུབ། ལྷག་དོན་དེ་སྔ་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བདུན་པའི་ཚེས་སུམ་ཅུའི་བར་སེ་འབྲས་དགའ་གསུམ་གྱི་དགེ་འདུན་ཚོས་གཞི་གསུམ་ཆོ་གའི་ཡ་གྱལ་དབྱར་གནས་སྲུང་སྟེ་ཚེས་སུམ་ཅུའི་ཉིན་གྲོལ་བ་དང་ལྷག་དོན་སྟོན་ཟླ་འབྲིང་པོའི་ཉིན་བདུན་རིང་སྐར་མ་རྀ་ཥི་ཤར་བ་དང་དེའི་འོད་ཟེར་ཕོག་ཚད་ཀྱི་ཆུ་ཚང་མ་སྨན་ཆུར་གྱུར་བར་གྲགས་པས་བོད་ཀྱི་ཆབ་ཞུགས་དུས་ཆེན་ཞེས་པ་མིང་གྲགས་ཅན་དེ་བྱུང་བ་ཡིན། དེ་ཡང་དེ་སྔ་གཟིམ་ཆུང་ཆབ་ཞུགས་ཞེས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ཆབ་ལ་ཞུགས་པའི་མཛད་སྒོ་ཞིག་ཡིན་པས་གཞུང་ཞབས་སེར་སྐྱ་ཁོངས་གཏོགས་དང་བཅས་པ་ནོར་གླིང་གཟིམ་ཆུང་ཉི་འོད་དུ་མདོ་སྦུག་ཁྱད་མེད་ཀྱི་གསོལ་སྟོན་ཉིན་ལྔ་དང་རྩེ་སྐོར་ཉིན་བཅུའི་རིང་གསོལ་ཚིགས་བཞེས་སྤྲོ་སོགས་གཏོང་སྲོལ་ཡོད་པ་དང་། མཐའ་མའི་ཉིན་ཕོ་བྲང་གི་སྡིངས་ཆའི་སྟེང་བསང་བུམ་ཐོག་ཚད་ཙམ་བསླངས་ཏེ་བསང་གི་དུ་སྤྲིན་བར་སྣང་དུ་དཀྲིགས་པའི་དབུས་སུ་ཀི་སོ་ལྷ་རྒྱལ་བཏང་སྟེ་གྲོལ། དེ་རྗེས་བཀའ་ཤག་དང་། ཡིག་ཚང་། རྩེ་ཕྱག བླ་ཕྱག ལྷ་གཉེར། ཞོལ་གཉེར་སོགས་ལས་ཁུངས་ཁག་གི་སྤྲོ་ཆེན་དང་། དགོན་སྡེ་སོ་སོའི་ཆབ་ཞུགས། བཟོ་ཞིང་ལས་རིགས་ཁག་གི་དབྱར་སྐྱིད་བཅས་ཁྱོན་ཡོངས་ནས་འགོ་འཛུགས་ཀྱི་ཡོད་པ་ནི་དོན་དངོས་ཐོག་སེར་སྐྱ་དཔོན་འབངས་སྤྱི་ཡིས་ཆབ་ལ་ཞུགས་པ་དང་། གླིང་གཏོང་སྤྲོ་སྐྱིད་གཏོང་བའི་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཞིག་ཡིན་སྟབས་མང་བར་ལས་ཁུངས་དང་། ཚན་ཁག ལས་རོགས། སློབ་གྲོགས་སོགས་མི་བརྒྱ་སྐོར་མཉམ་དུ་གླིང་ག་གཏོང་གི་ཡོད་ལ། ཉུང་བར་ནང་མི་སྤུན་མཆེད་དང་ཆོས་གྲོགས་སོགས་མི་ཁ་ཤས་ཀྱི་གླིང་ག་གཏོང་སྲོལ་ཡང་ཡོད་པ་རེད། གླིང་ཁ་གཏོང་སྐབས་ཇ་ཆང་དང་། ཁ་ཏོག་གི་རིགས། ཤིང་འབྲས་སྣ་ཚོགས་བཅས་འཁུར་བ་མ་ཟད། དགུང་ཟས་སུ་སྤྱོད་རྒྱུའི་ཚལ་གྱི་རྣམ་གྲངས་དང་འབྲས་དང་གྲོ་ཞིབ་སོགས་གཙོ་ཟས་ཀྱང་ཕུན་སུམ་ཚོགས་པོ་འཁུར་གྱི་ཡོད།

    317881_yis_1472448117468_s.jpg

    མཉམ་འཛོམས་དགའ་བདེའི་དཔལ་གྱིས་མི་སེམས་དྲོས།

    གླིང་ག་གཏོང་ཡུལ་ནི་དང་ཐོག་རྩྭ་ཆུ་འཛོམས་ལ་ཤིང་སྣ་ཕུན་སུམ་ཚོགས་པའི་གདོད་མའི་གླིང་གར་དང་དོད་བྱེད་པ་དང་གླིང་གའི་ནང་མི་མང་ཉུང་ལ་གཞིགས་ཏེ་གུར་ཆེ་ཆུང་སྣ་ཚོགས་ཕུབ་ཀྱི་ཡོད་ལ་གུར་གྱི་ངོས་སུ་པ་ཊ་དང་། འཁོར་ལོ་སོགས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོས་བརྒྱན་པ་མ་ཟད། གུར་ལ་ལར་རས་ཡོལ་དང་བཅས་པ་ཡོད་པས་སྡོད་ཁང་གྲུ་བཞི་ར་བས་བརྒྱན་པའི་ཉམས་སྣང་སྟེར་གྱི་ཡོད། གླིང་ག་གཏོང་སྐབས་སྤྱིར་ན་སྔ་དྲོ་མི་རྣམས་ཕན་ཚུན་ཁམས་འདྲི་དང་བཅས་ཧ་ཅང་ཡ་རབས་དང་ལྡན་པས་ཇ་ཆང་སྐོར་འདྲེན་དང་ཁ་ཏོག་འབུལ་རེས་བྱེད་ཀྱི་ཡོད། འོན་ཀྱང་དགུང་ཟས་སྤྱད་ཚར་རྗེས་མཱ་ཅང་དང་། ཤོ། ཏག་སེ་སོགས་ཀྱི་རྩེད་མོར་གཡེངས་པ་དང་ལ་ལ་སྒྲ་སྙན་སོགས་ཀྱི་རམ་འདེགས་འོག་ནང་མ་སྟོད་གཞས་འཁྲབ་ནས་བཞུགས་གྲལ་ཧ་ཅང་འཁྲུག་ཆ་དོད་པོར་གྱུར་གྱི་ཡོད།

    ལྷ་ས་ཁུལ་གྱི་གླིང་གཏོང་གི་ནམ་དུས་གཙོ་བོ་ནི་ཞོ་སྟོན་ནས་འགོ་ཚུགས་པ་དང་སྐར་མ་རྀ་ཥི་འཆར་བའི་བར་ཡིན། ལྷག་དོན་སྤྱི་ཟླ་བརྒྱད་པ་དགུ་པའི་ནམ་དུས་ནི་ཚ་གྲང་སྙོམས་ལ་ལོ་ཏོག་སྐྱེ་འཚར་ལེགས་ཤོས་ཀྱི་དུས་ཡིན་ལ། རྩྭ་རྩི་ཤིང་རྒྱས་པ་དང་མེ་ཏོག་རྣམ་པར་བཀྲ་བ་བཞད་པས་མི་རྣམས་ཕྱི་རོལ་དུ་ཡུལ་སྐོར་ལ་འགྲོ་བ་དང་གླིང་གཏོང་སྤྲོ་སྐྱིད་ལ་རོལ་རྒྱུ་ནི་ཞོ་སྟོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། དུས་དེ་ནི་སྐྱེ་བོ་རྣམས་ཀྱིས་རང་བྱུང་ཁམས་ཆེན་པོ་ལོངས་སུ་སྤྱོད་པའི་གོ་སྐབས་ལེགས་ཤོས་ཤིག་ཀྱང་ཡིན། ལྷག་དོན་ད་ཆ་སྒེར་གྱི་གླིང་ག་གཏོང་ཡུལ་མང་པོ་ཡོད་པ་དེ་དག་གིས་བཟའ་བཏུང་གྲ་སྒྲིག་འཐུས་ཚང་བྱས་པའི་ཐོག་གུར་ཆེ་ཆུང་སྣ་ཚོགས་མཁོ་འདོན་བྱེད་པ་མ་ཟད། ལ་ལར་ནང་མ་སྟོད་གཞས་འཁྲབ་མཁན་ཡང་གྲ་སྒྲིག་བྱས་ནས་ཧ་ཅང་སྟབས་བདེ་སྐྲུན་བཞིན་ཡོད་པ་ནི་ཚོང་ཟོག་དཔལ་འབྱོར་གྱི་དགེ་མཚན་ལོས་ཡིན་རུང་གླིང་ག་དེ་དག་ནང་གདོད་མའམ་རང་བྱུང་ལྷན་སྐྱེས་ཀྱི་ཉམས་འགྱུར་དེ་ཙམ་མེད་པ་དང་ད་དུང་སྐྱེ་བོ་མང་པོ་ཞིག་གི་རྩེད་མོར་མཚམས་དང་ཚོད་འཛིན་མེད་པས་གདན་ཐོག་གཅིག་ཏུ་ཉིན་གང་གི་བརྟུལ་ཞུགས་སྤྱོད་པ་དང་སེམས་གཡེང་བ་མེད་པར་རང་རྒྱལ་གཞན་ཕམ་གྱི་ཐབས་ཇུས་ལ་གཞོལ་དགོས་པས་དགའ་སྤྲོ་དང་སྤྲོ་སྣང་གི་དྲི་མས་མ་གོས་པའི་ཐོག་ལུས་སེམས་གཉིས་ངལ་དུབ་ཀྱིས་མནར་ནས་རྣམ་ཀུན་ལས་དཀའ་ལས་ཁག་པ་ཆགས་ཀྱི་ཡོད།

    317874_yis_1472448110152_s.jpg

    རང་བྱུང་ཁམས་སུ་རྩེད་འཇོར་ཅི་དགར་རོལ།

    གླིང་གཏོང་སྤྲོ་སྐྱིད་ལ་རོལ་རྒྱུ་ནི་མེས་པོའི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་པ་དེས་ལུས་སེམས་ཀྱི་ངལ་དུབ་སེལ་བ་དང་། ཕན་ཚུན་གྱི་མཐུན་ལམ་ལེགས་སུ་འགྲོ་བ། རང་བྱུང་ཁམས་ཀྱི་མཛེས་སྡུག་ལོངས་སུ་སྤྱོད་ཐུབ་པ་མ་ཟད། ལུས་སེམས་བདེ་ལ་འཁོད་པ་དང་། ངག་གི་ནུས་པ་གསོ་བ། ཡིད་ལ་སྤྲོ་བ་འཕེལ་བ་སོགས་ཀྱི་དགེ་མཚན་མང་པོ་ལྡན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།