[ English ] [ 中文 ]
0891-6325020
  • བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-04-29

    ཚེས་25ཉིན་གྱི་ནེ་པ་ལར་ས་ཡོམ་རིམ་པ་8.1གི་བརྒྱབ་པའི་རྐྱེན་གྱིས་རང་ལྗོངས་ཀྱི་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་དང་། སྐྱིད་གྲོང་། དིང་རི། ས་དགའ། འབྲོང་པ། གཏིང་སྐྱེས། གྲོ་མོ། ལྷ་རྩེ། གམ་པ། ངམ་རིང་སོགས་རྫོང་དང་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་གནོད་འཚེ་ཚབས་ཆེན་ཕོག་པ་རེད། ཚེས་27ཉིན་གྱི་ཆུ་ཚོད་16བར་ས་ཡོམ་བརྒྱབ་པའི་རྐྱེན་གྱིས་རང་ལྗོངས་ཀྱི་མི་25ཤི་བ་དང་། མི་4གར་སོང་ཆ་མེད་དུ་གྱུར་པ། མི་117རྨས་པ། ལྗོངས་ཡོངས་སུ་ཁང་པ་1685རྡིབ་པ། དུད་ཚང་15408ལ་གཏོར་སྐྱོན་ཕོག་པ། དགོན་སྡེ་70ལ་གཏོར་སྐྱོན་ཕོག་པ། མི་ཁྲི་30ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད་པ་རེད།

    ལྟ་ཞིབ་ཚད་འཇལ་བྱས་པར་གཞིགས་ན། ཚེས་26ཉིན་དང་ཚེས་27ཉིན་ཡོམ་ཁུལ་དུ་སླར་ཡང་ཡོམ་འཕྲོ་ཐེངས་མང་བརྒྱབ་པ་དེའི་ནང་གཉའ་ལམ་རྫོང་ཁོངས་གཏོགས་སུ་ཐེངས་3དང་། དིང་རི་རྫོང་ཁོངས་གཏོགས་སུ་ཐེངས་5 སྐྱིད་གྲོང་རྫོང་ཁོངས་གཏོགས་སུ་ཐེངས་3བཅས་བརྒྱབ་པ་རེད། ཚེས་27ཉིན་གྱི་ཆུ་ཚོད་15དང་སྐར་མ་10ཡི་ཐོག་འགྲམ་གྲོང་རྡལ་དུ་ཡོམ་འཕྲོ་དྲག་པོ་བརྒྱབ་ནས་འགྲམ་གྲོང་རྡལ་ནས་གཉའ་ལམ་མཐའ་མཚམས་ཞིབ་བཤེར་ས་ཚིགས་བར་གྱི་འགྲོ་ལམ་ཡོངས་ལ་གཏོར་སྐྱོན་ཕོག་པ་དང་། འགྲམ་གྲོང་རྡལ་གྱི་ཁང་པ་10%བརྡིབས་པ། ཁང་པ་ཕལ་ཆེ་བར་ཚད་མི་འདྲ་བའི་སེར་ག་ཤོར་བ་བཅས་རེད།

    རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་ཀའི་འགོ་ཁྲིད་ཚོགས་ཆུང་དང་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་འདོམས་འོག་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་མུ་མཐུད་ནུས་ཤུགས་ཡོད་རྒུས་སྐྱོབ་རོགས་བྱེད་བཞིན་ཡོད། ཚེས་27ཉིན་གྱི་ཆུ་ཚོད་15བར་ཏང་སྲིད་དམག་ཉེན་དམངས་ཀྱིས་སྐྱོབ་རོགས་སྟོབས་ཤུགས་ཁྱོན་མི་ཁྲི་2བཏང་བ་དང་འཕྲུལ་ཆས་ཆེ་གྲས་70ལྷག་ཙམ་བཏང་ནས་ཁྱོན་མི་གྲངས་29116གནས་སྤོའི་བཀོད་སྒྲིག་བྱས་པ་རེད།

    ཉིན་མཚན་བལྟོས་མེད་ངང་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱས་པ་བརྒྱུད་དིང་རི་རྫོང་གྲོང་ནས་ཆུ་སྟེང་ཤང་དང་རོང་ཤར་ཤང་བར་གྱི་ལམ་བུ་མྱུར་བཟོ་བྱས་ཟིན་པ་དང་གཉའ་ལམ་ནས་འགྲམ་བར་དང་སྐྱིད་གྲོང་གྲོང་རྡལ་ནས་རི་ཟུར་ཟམ་པའི་ཕྱོགས་ཀྱི་འགྲོ་ལམ་རྣམས་དཀའ་ཚེགས་ཆེ་བའི་ངང་མྱུར་བཟོ་བྱེད་བཞིན་ཡོད། གཉའ་ལམ་དུ་ད་དུང་མི་གྲངས་6000ལུས་པ་དང་རི་ཟུར་ཟམ་པར་མི་གྲངས་170ལྷག་ཙམ་ལུས་ཡོད་པ་རེད།

    མིག་སྔའི་བར་ཁྱོན་སྦྲ་གུར་6685དང་། གངས་ཤེལ་4000 ཟས་རིགས་ཏུན་25 འཐུང་བྱ་ཏུན་25 རྩམ་པ་ཏུན་6 འབྲས་དང་གྲོ་ཞིབ་ཏུན་21 སྟབས་བདེའི་ཐུག་པ་སྒམ་6647 བཙུགས་ཕྲུག་650 ལྟེབས་ཁྲི་200 སྲིང་བལ་མལ་ཆས་3850 སྲིང་བལ་སྟོད་ཐུང་དང་གོས་ཐུང་1598 དམག་མིའི་ཏ་དབྱི་1600 ཀམ་པ་ལི་800 ལག་འཁྱེར་གློག་བཞུ་320 ཆར་ཁེབས་500ཙམ་བཅས་སྤྲད་པ་རེད། སྨན་བཅོས་རིམས་འགོག་དཔུང་ཁག་12གེགས་ཁུལ་དུ་བསྐྱོད་ནས་ལས་དོན་སྤེལ་བ་དང་སྐོར་སྐྱོད་སྨན་ཁང་དང་སྨན་བཅོས་སྐྱོབ་རོགས་ས་ཚིགས་བཙུགས་པར་རིམ་རྩིས་བརྒྱབ་ན་མང་ཚོགས་རྨས་མ་5980ལ་སྐོར་སྐྱོད་སྨན་བཅོས་བྱས་པ་དང་། བཀོད་སྒྲིག་ས་ཚིགས་ཚང་མར་ཁོར་ཡུག་དུག་སེལ་བྱས་པ། བཀོད་སྒྲིག་ས་ཚིགས་ཀྱི་འཐུང་ཆུར་ཞིབ་བཤེར་ཚད་འཇལ་བྱས་པ། བཀོད་སྒྲིག་ས་ཚིགས་ཀྱི་མང་ཚོགས་ལ་བདེ་ཐང་སློབ་གསོ་བརྒྱབ་པ་བཅས་རེད།

    མིག་སྔར་གེགས་སེལ་ལས་དོན་ཁག་ཛ་དྲག་ཆེ་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་གེགས་ཁུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་དང་གོ་རིམ་ལྡན་པ་ཞིག་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།