[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>གསར་འགྱུར་ལྟེ་གནས།
  • ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-10

    0311at1.jpg

    ཟླ་3ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཅི་ལིན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་བཅས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་སོ་སོར་ཞུགས་པ་རེད།

    ཞིས་ཅིན་ཕིང་ཅི་ལིན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཚོགས་འདུའི་ཐོག་འཐུས་མི་པ་དབྱིང་ཁྲའོ་ལུའུ་དང་། ཅང་ཁྲའོ་ལེའང་། རེན་ཁེ་ཅུན། ཞེ་ཀྲུང་ཡན། ལི་ཅིང་ཧའོ། ལི་ཧུའེ། ཝང་ཁྲང་སུང་།

    ལི་ཤིའུ་ལིན། ཞུང་མའེ་སོགས་ཀྱིས་བྱང་ཤར་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ། སྣོད་བཅུད་ཁོར་ཡུག་ཁྲིམས་ལྟར་སྲུང་སྐྱོང་དང་བེད་སྤྱོད་གཏོང་རྒྱུ། མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་རྒྱུ། ཁྲིམས་འཛིན་དྲང་གཞག་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། མི་སྣ་གསོ་སྐྱོང་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་སོགས་ཀྱི་གནད་དོན་ཐད་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ཞིས་ཅིན་ཕིང་གིས་གསན་གྱིན་དུ་ཟིན་བྲིས་ཀྱང་བསྐྱོན་པ་དང་འབྲེལ་བཀའ་འདྲི་ཡང་ཡང་གནང་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཞིས་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད། ཞིས་ཅིན་ཕིང་གིས་ལོ་གཅིག་རིང་གི་ཅི་ལིན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་རྗེས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་། བྱང་ཤར་གྱི་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། གསར་གཏོད་ལ་བརྟེན་པའི་འཕེལ་རྒྱས་དང་ཐོན་ལས་ལེགས་སྒྱུར་རིམ་འཕར་ལ་དམ་འཛིན་བཅས་བྱས་ཏེ་གསར་དར་ཐོན་ལས་ཁྱུ་ཚོགས་ཧུར་ཐག་ཆགས་པ་བྱེད་པ་དང་། རྒྱུན་མཐུད་འགྲན་རྩོད་ནུས་པ་དང་འདེགས་སྐྱོར་ནུས་པ་ལྡན་པའི་ཐོན་ལས་མ་ལག་ཆགས་པ་བྱས་ཐོག་ཉེ་འགྲམ་རྒྱལ་ཁབ་དང་ས་ཁུལ་དབར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་གཏིང་ཟབ་བྱས་ནས་སྒྲིག་སྲོལ་རང་བཞིན་གྱི་འགལ་རྐྱེན་རྦད་དེ་མེད་པ་བཟོ་བ། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་བཟོ་ལས་རྟེན་གཞི་རྙིང་པའི་མི་མངོན་པའི་གསོན་ཤུགས་ཆེན་པོ་འཕེལ་བ་དང་འདོན་སྤེལ་བྱེད་དགོས། དེང་རབས་ཞིང་ལས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ས་ཁུལ་ཁག་གཅིག་ཏུ་སྔོན་ལ་ཞིང་ལས་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱས་ཏེ་དེང་རབས་ཞིང་ལས་ཐོན་ལས་མ་ལག་དང་། དེང་རབས་ཞིང་ལས་ཐོན་སྐྱེད་མ་ལག དེང་རབས་ཞིང་ལས་གཉེར་སྐྱོང་མ་ལག་བཅས་གཙོ་གནད་3འཛུགས་མགྱོགས་སུ་གཏོར་རྒྱུར་མངོན་གསལ་དོད་པོས་དམ་འཛིན་བྱས་ཏེ་ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ལག་རྩལ་སྒྲིག་ཆས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་གཉེར་སྐྱོང་གི་གཙོ་གཟུགས་གསར་པ་མགྱོགས་མྱུར་ཆགས་པ་བཅས་བྱེད་དགོས། དམངས་འཚོའི་ལས་དོན་དེ་མི་སེར་དང་ཐག་ཉེ་ཤོས་ཡིན་པ་དང་མི་སེར་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། རྒྱུན་སྲིང་ལྷོད་མེད་ངང་དམངས་འཚོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་གཟེར་རྒྱག་སའི་སྙིང་སྟོབས་དར་སྤེལ་བཏང་སྟེ་རྒྱུན་སྲིང་ལྷོད་མེད་ཀྱི་ངར་ཤུགས་ཐོག་ནས་བཏོན་པའི་བྱ་བ་མཐའ་དག་ལ་དམ་འཛིན་དཔྱིས་ཕྱིན་པ་བྱེད་པ་དང་། བྱ་བ་གཅིག་གི་རྗེས་སུ་བྱ་བ་གཅིག་སྒྲུབ་པ། ལོ་གཅིག་གི་རྗེས་སུ་ལོ་གཅིག་སྒྲུབ་པ་བཅས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་མདུན་ཕྱོགས་སུ་སྐྱོད་ཐོག་བྱ་བ་ཚང་མ་དོན་འཁྱོལ་ཐུབ་པ་དང་བྱ་བ་ཚང་མར་ལན་འདེབས་ཡོད་པ་བྱས་ནས་མང་ཚོགས་ཚོས་འཕོ་འགྱུར་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཞིས་ཅིན་ཕིང་གིས་ཕྱོགས་ཁག་གི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཆབ་སྲིད་ཀྱི་སྣོད་བཅུད་བཟང་པོ་ཞིག་ཡོད་དགོས། ཆབ་སྲིད་ཀྱི་སྣོད་བཅུད་ལ་སྦགས་བཙོག་ཕོག་ཚེ་སྲིད་སྐྱོང་གི་ཁོར་ཡུག་ཞན་དུ་འགྲོ་སྲིད། ཆབ་སྲིད་ཀྱི་སྣོད་བཅུད་དྭངས་གསལ་ཞིག་བྱུང་ཚེ་སྲིད་སྐྱོང་གི་ཁོར་ཡུག་ལེགས་སུ་འགྲོ་ཐུབ། ཆབ་སྲིད་སྣོད་བཅུད་དེ་རང་བྱུང་གི་སྣོད་བཅུད་དང་འདྲ་བར་དོ་སྣང་ཕྲན་ཙམ་མ་བྱས་ཚེ་སྦགས་བཙོག་ཕོག་སླ་པོ་ཡོད་སྟབས་གནད་དོན་ཐོན་ཚེ་སླར་གསོ་བྱེད་པར་བློས་གཏོང་ཆེན་པོ་བྱེད་དགོས། འགག་རྩ་ཡིན་པའི་འགོ་ཁྲིད་ལས་བྱེད་པ་མངོན་གསལ་དོད་པོར་བཞག་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པར་གཞུང་དྲང་དགོས་པ་དང་། རྩ་དོན་ལ་སྣང་ཆེན་བྱེད་པ། སྒྲིག་ཁྲིམས་སྲུང་བ། རུལ་བསླད་འགོག་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཏེ་རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དང་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་བྱེད་པའི་དཔེ་སྟོན་ཕན་ནུས་ཐོན་པ་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་སྲིད་ཞུགས་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    ལི་ཁེ་ཆང་ཧེ་ལུང་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཝང་ཤན་ཁུའེ་དང་། ལུའུ་ཧའོ། ཐན་ཀྲི་ཅོན་སོགས་ཀྱི་གཏམ་བཤད་གསན་རྗེས་ལི་ཁེ་ཆང་གིས། ན་ནིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་དང་། ཁོང་གིས། མིག་སྔའི་དཀའ་ངལ་གྱི་མདུན་དུ་ཧེ་ལུང་ཅང་གིས་ཡིད་ཆེས་བརྟན་པོས“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བའི་ཁྲོད་འཕེལ་རྒྱས་ཀྱི་དཀའ་གནད་སེལ་དགོས་ཞེས་གསུངས་པ་སྟེ། གཅིག་ནས་འཕར་རྒྱུ་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག་ཟུང་འབྲེལ་བྱེད་རིང་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་དགོས། གྲུབ་ཆ་ལེགས་སྒྲིག་བྱེད་པ་དེའང་འཕར་རྒྱུ་བརྟན་པོ་ཡོང་བ་བྱ་རྒྱུ་དེ་ཡིན་པས་སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་དང་། སྒྲིག་ཆས་བཟོ་བའི་ལས་རིགས་རིམ་སྤོར། ཐོན་ལས་འབྲེལ་ཐག་སྣུར་སྲིང་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བའི་ཐད་གོ་སྐབས་སྔོན་ལ་ཐོབ་པ་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་སྒྱུར་བཅོས་སྒོ་དབྱེའི་ཁྲོད་བཟོ་ལས་རྟེན་གཞི་རྙིང་པ་དར་བ་བྱེད་དགོས། འཕེལ་རྒྱས་ལ་སྐུལ་འདེད་དང་གསོན་ཤུགས་འཕེལ་བ་བྱ་རྒྱུར་དམིགས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ལྷུག་གཏོང་དོ་དམ་ཟུང་འབྲེལ་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་ཁེ་ལས་ལྷུག་ཏུ་གཏོང་བ་དང་ལས་གཏོད་ལ་ཐབས་ལམ་གཏོད་དགོས་པ། གསུམ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་ཤུགས་ཆེ་རུ་གཏོང་དགོས། སེམས་ཐག་བཅད་དེ་སོལ་གཏེར་རྡིབ་ཉིལ་ཁུལ་སྒྱུར་བཀོད་བྱེད་མགྱོགས་སུ་གཏོང་བ་དང་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་དཀའ་ངལ་ཆེན་པོ་གང་འདྲ་ཞིག་འཕྲད་ཀྱང་ཐག་གཅོད་བྱེད་དགོས་པ་བཅས་རེད།

    ཀྲང་ཏེ་ཅང་ཁྲུང་ཆིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཧོང་ཆི་ཧྥན་དང་། ཀྲང་ཤོན། ཧོ་ཕིང་སོགས་ཀྱི་གཏམ་བཤད་གསན་རྗེས་ཀྲང་ཏེ་ཅང་གིས། འཐུས་མི་ཚོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་རྒྱབ་སྐྱོར་དང་ལྟ་སྐུལ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་མཐུན་པ་བྱེད་དགོས་ཞེས་དང་། ཁོང་གིས། ཏང་གི་འགོ་ཁྲིད་རང་རྟོགས་ངང་མཐའ་འཁྱོངས་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཏང་གིས་རྒྱལ་ཁབ་སྲིད་དབང་ལས་ཁུངས་བརྒྱུད་རྒྱལ་ཁབ་དང་སྤྱི་ཚོགས་ལ་འགོ་ཁྲིད་རྒྱུའི་འགན་ལེན་བྱེད་དགོས། ཁྲིམས་འཛུགས་ལས་དོན་ནང་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཁྲིམས་འཛུགས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས། སྒྱུར་བཅོས་དང་ཁྲིམས་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཁྲིམས་སྐྱོང་འོག་སྒྱུར་བཅོས་ལ་སྐུལ་འདེད་དང་སྒྱུར་བཅོས་ཁྲོད་ཁྲིམས་སྐྱོང་འཐུས་ཚང་དུ་བཏང་སྟེ་སྒྱུར་བཅོས་དེ་ཁྲིམས་སྐྱོང་གི་སྲོལ་ལམ་བརྒྱུད་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ལིའུ་ཡུན་ཧྲན་ཧུའུ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཞུས་ཧྲོའུ་ཧྲེང་དང་། ཏུའུ་ཅ་ཧའོ། ཕུང་གོ་ཕུའུ་སོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྲིད་ཞུགས་ཁོར་ཡུག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་གཏམ་བཤད་ཧུར་ཐག་གནང་བ་རེད། ལིའུ་ཡུན་ཧྲན་གྱིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་དང་། ཁོང་གིས“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བའི་འགག་རྩ་དེ་ཏང་ལ་ཐུག་ཡོད། སྒོ་ཀུན་ནས་ཏང་ནན་སྐྱོང་གི་གལ་འགངས་ཆེ་ཤོས་ནི་ཆབ་སྲིད་ཀྱི་སྣོད་བཅུད་བཟང་པོ་བཏོད་ནས་ཏང་ཡོན་ལས་བྱེད་པའི་དྲང་ནུས་དེ་བས་ལེགས་པའི་ངང་འཕེལ་བ་བྱ་རྒྱུ་དེ་རེད། ཆབ་སྲིད་ཀྱི་སྣོད་བཅུད་བཟང་པོ་གཏོད་པར་དང་ཐོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་ཡག་པོ་སྤྱད་དེ་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། རྒྱུན་དུ་དགེ་མཚན་ལྡན་པ་དང་སྐྱོན་དང་བྲལ་བའི་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ཏེ་སྐྱོན་བརྗོད་ཀྱི“རལ་གྲི”དེ“ཐོ་བར”མི་འགྱུར་བ་བྱེད་དགོས། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་ཀྱི་འདུ་ཤེས་ལ་ཤུགས་སྣོན་དང་ལྷག་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་རྒྱུར་ཁྲིད་སྟོན་བྱས་ཏེ་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་འགལ་མི་རུང་བའི་མཚམས་ཚད་ཅིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།