[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>དཔྱད་གཏམ་དང་གླེང་མོལ།
  • ཁྲིམས་འཛུགས་ཀྱིས་འཕེལ་རྒྱས་ལ་འདེགས་སྐྱོར་དང་བརྟན་ལྷིང་ལ་སྐུལ་འདེད་བཏང་ནས་མི་དམངས་རང་ཐག་རང་གཅོད་ཐུབ་པ་བྱས་པ།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་པད་མ་འཕྲིན་ལས་ཀྱིས་ཁྲིམས་སྐྱོང་ལས་དོན་གྱི་སྐོར་གླེང་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-17

    འདས་ཟིན་པའི་ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་སྲོལ་ཁག་6གཏན་ལ་ཕབ་པ་དང་ཁྲིམས་སྲོལ་1ལ་ཞིབ་དཔྱད་ཀྱིས་ཆོག་མཆན་སྤྲད་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་འཆར་ཟིན་ཁག་14ཡི་བསམ་འཆར་བསྡུ་ལེན་དང་གྲོང་གསེབ་ཀྱི་དངུལ་རྩའི་ཁྲིམས་འཛུགས་བརྟག་ཞིབ་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱས་ཡོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་ཐད་ཐོག་མར་བརྟན་ལྷིང་སྲུང་སྐྱོང་ལ་ལྟ་སྐུལ་མཛུབ་ཁྲིད་ཧུར་ཐག་བྱས་པ་དང་། ཁྲིམས་སྐྱོང་འགན་ལེན་ཧུར་ཐག་བྱས་པ་མ་ཟད། ཕྱི་འབྲེལ་ལས་དོན་ཧུར་ཐག་སྤེལ་ཡོད།

    ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དོན་ཆེན་གཉིས་ཡིན་པའི་འཕེལ་རྒྱས་དང་བརྟན་ལྷིང་ལ་དམ་པོར་དམིགས་ནས་ཁྲིམས་ལྟར་འགན་དབང་ལག་བསྟར་དང་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྱོང་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བས་མི་དམངས་རང་ཐག་རང་གཅོད་བྱུང་བ་དང་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་འདེགས་སྐྱོར་ནུས་ལྡན་བྱུང་ཡོད། པེ་ཅིང་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་པད་མ་འཕྲིན་ལས་ཀྱིས་བརྗོད་གཞི་དེའི་ཐད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ་རེད།

    གསར་འགོད་པ། འདས་ཟིན་པའི་ལོ་གཅིག་རིང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་ཕྱོགས་གང་དག་ཐད་གཙོ་གནད་ཐོག་ཁྲིམས་འཛུགས་བྱས་ཡོད་དམ།

    པད་མ་འཕྲིན་ལས། ཁྲིམས་འཛུགས་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་རེད།

    འདས་ཟིན་པའི་ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་སྲོལ་ཁག་6གཏན་ལ་ཕབ་པ་དང་ཁྲིམས་སྲོལ་1ལ་ཞིབ་དཔྱད་ཀྱིས་ཆོག་མཆན་སྤྲད་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་འཆར་ཟིན་ཁག་14ཡི་བསམ་འཆར་བསྡུ་ལེན་དང་གྲོང་གསེབ་ཀྱི་དངུལ་རྩའི་ཁྲིམས་འཛུགས་བརྟག་ཞིབ་སོགས་ཀྱི་ལས་དོན་ལེགས་གྲུབ་བྱས་ཡོད།

    ལས་དོན་སྤེལ་རིང་ང་ཚོས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྐུད་མེད་གློག་འཕྲིན་གཏོང་ཆས་ཀྱི་དོ་དམ་སྲོལ་ཡིག་གཏན་ལ་ཕབ་ནས་སྐུད་མེད་གློག་འཕྲིན་གཏོང་ཆས་ཀྱི་འཕྲིན་ལམ་དང་། ས་ཚིགས། བདེ་འཇགས། འཕེན་གཏོང་སྒྲིག་ཆས་སོགས་ཀྱི་དོ་དམ་ཐད་གཏན་འབེབས་བཟོས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་བཅའ་ཁྲིམས་དང་བྱེད་ཐབས་གཏན་ལ་ཕབ་ནས་མངོན་མིན་རིག་གནས་ཤུལ་བཞག་བརྟག་དཔྱད་དང་། མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་ཀྱི་མིང་གཞུང་། རྒྱུན་འཛིན་དང་བརྒྱུད་བསྒྲགས་སོགས་ཀྱི་ནང་དོན་གཙོ་གནད་ཐོག་ཚད་ལྡན་བཟོས་ཏེ་རིག་གནས་གཙོ་གཉེར་སྡེ་ཚན་གྱི་འགན་འཁྲི་དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་དཔྱད་ཞིབ་བྱ་དགའི་ལམ་ལུགས་གཏན་ལ་ཕབ་པ། དང་བླངས་ཞབས་ཞུའི་སྲོལ་ཡིག་བཟོས་ཏེ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། དང་བླངས་པ་དང་དང་བླངས་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་སོགས་ཚད་ལྡན་བཟོས་པ། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་སྔོ་ལྗང་ཅན་གྱི་སྲོལ་ཡིག་ལ་ཞིབ་དཔྱད་ཀྱིས་ཆོག་མཆན་སྤྲད་ཡོད།

    དམངས་འཚོ་འགན་ལེན་དང་ལེགས་སུ་ཤུགས་ཆེན་གཏོང་ཆེད་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་དོ་དམ་སྲོལ་ཡིག་གཏན་ལ་ཕབ་ནས་འཛུགས་སྐྲུན་ཚན་པ་དང་ཨར་ལས་ཚན་པའི་བདེ་འཇགས་འགན་འཁྲི་དང་ལས་གྲྭ་ལྟ་སྐུལ་དོ་དམ་ཚན་པའི་བདེ་འཇགས་ལྟ་སྐུལ་དོ་དམ་འགན་འཁྲི་སྔར་བས་ཚད་ལྡན་བཟོས་པ་དང་། ཐོག་འགོག་དང་གནོད་འཚེ་ཉུང་གཏོང་གི་སྲོལ་ཡིག་གཏན་ལ་ཕབ་ནས་ཐོག་གློག་ལྟ་ཞིབ་ཉེན་གཏོང་དང་། ཐོག་འགོག་ལས་གྲྭ་འཛུགས་སྐྲུན་དང་གནོད་འཚེའི་ཉེན་ཁ་དཔྱད་དཔོག་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་མྱུར་སྐྱོབ་སོགས་ཚད་ལྡན་བཟོས་ཏེ་ཐོག་གློག་གི་གནོད་འཚེ་སྔར་བས་འགོག་སྲུང་དང་ཉུང་གཏོང་ཐད་ཀྱི་ལས་དོན་སྤེལ་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད།

    སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཆེད་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་དང་བྱེད་ཐབས་གཏན་ལ་ཕབ་ནས་རྒྱལ་སྲུང་སློབ་གསོའི་འགན་འཁྲི་དང་། སྤེལ་ཡུལ། ནང་དོན། བྱེད་ཐབས། འགན་ལེན་བཅས་གཏན་འབེབས་ཁ་གསལ་བཟོས་པ་དང་ལོ་ལྟར་གྱི་ཟླ་དགུ་པའི་གཟའ་འཁོར་གསུམ་པའི་གཟའ་སྤེན་པ་དེ་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོར་གཏན་འཁེལ་བྱས་ཡོད།

    གསར་འགོད་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་ཐད་བྱ་སྤྱོད་གསར་པ་གང་དག་སྤེལ་ཡོད་དམ།

    པད་མ་འཕྲིན་ལས། དང་ཐོག་ང་ཚོས་བརྟན་ལྷིང་སྲུང་སྐྱོང་ལ་ལྟ་སྐུལ་མཛུབ་ཁྲིད་ཧུར་ཐག་བྱས་ཡོད། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཁག་གཅིག་གིས་གཙོ་གནད་ས་ཁུལ་དུ་བརྟན་ལྷིང་སྲུང་སྐྱོང་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་3གྱིས་ས་ཁུལ(གྲོང་ཁྱེར)གསུམ་དུ་དུས་ཡུན་ལོ་ཕྱེད་ལྷག་ཙམ་གྱི་སློབ་གསོ་ལག་ལེན་བྱེད་སྒོར་ལྟ་སྐུལ་མཛུབ་ཁྲིད་བྱས་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚང་མས་རང་སོ་སོའི་འབྲེལ་གཏུག་བྱ་ཡུལ་དུ་སློབ་གསོ་ལག་ལེན་བྱེད་སྒོར་མཛུབ་ཁྲིད་ནན་ཏན་བྱས་ནས་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་གཞི་རིམ་དུ་བརྟག་ཞིབ་བྱེད་པའི་གོ་སྐབས་ཐེངས་མང་སྤྱད་དེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོའི་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་བྱས་ཏེ་དུས་བདེའི་གྲོང་གསེབ་འཛུགས་སྐྲུན་དམ་འཛིན་དང་། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས། “དྲུག་ལྔའི”བཅའ་ཁྲིམས་ཁྱབ་གདལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སློབ་གསོ་གཏིང་ཟབ་སྤེལ་བ་སོགས་ཀྱི་ལས་དོན་སྤེལ་རྒྱུར་སྐུལ་འདེད་བཏང་ནས་ས་གནས་དེ་གའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ཡོད།

    དེ་རྗེས་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་ཡོད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་ཁྲིམས་འཛུགས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་སྲོལ་ཁག་གཅིག་བཟོས་ནས་བཏོན་ཟིན་པ་དང་ཁག་གཅིག་བརྟག་ཞིབ་གཏིང་ཟབ་བྱས་ནས་རིགས་པས་ཁུངས་སྐྱེལ་བྱེད་བཞིན་ཡོད། བརྟན་ལྷིང་སྲུང་སྐྱོང་དང་མི་དམངས་འཐུས་ཚོགས་ཀྱིས་སྤེལ་བའི་ཁྲིམས་འཛིན་ཞིབ་བཤེར་དང་ཆེད་དོན་བརྟག་ཞིབ་སོགས་ཀྱི་ལྟ་སྐུལ་ལས་དོན་ཟུང་འབྲེལ་ཡང་དག་བྱས་ཏེ་ཁྲིམས་ལྟར་སྤྱི་ཚོགས་དོ་དམ་གསར་གཏོད་ལ་འདེགས་སྐྱོར་བྱས་ཡོད། འབྲེལ་གཏུག་རྒྱ་ཁྱབ་དང་མཚོན་བྱེད་རང་བཞིན་ཆེ་བའི་ལེགས་ཆ་ཧུར་ཐག་སྤྱད་དེ་བརྟན་ལྷིང་སྲུང་སྐྱོང་ཁྲོད་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཡོད། ཡིག་བསྐུར་ངོ་བཅར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ལོ་ཧྲིལ་པོར་མང་ཚོགས་མི་ཐེངས་40ཡིས་བཏོན་པའི་ཡིག་བསྐུར་ངོ་བཅར་ཁག་26བདག་སྤྲོད་བྱས་ཏེ་ཡིག་བསྐུར་ངོ་བཅར་སུའོ་ཡིས་བཏོན་པའི་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་བརྡར་ནན་པོ་བྱས་པ་དང་བདག་སྤྲོད་གྲོས་གཞི་བཏོན་ནས་ཡིག་བསྐུར་ངོ་བཅར་གལ་ཆེན་བརྒྱུད་སྤྲོད་དང་སྒྲུབ་རྒྱུར་ལྟ་སྐུལ་བྱས་ཏེ་འབྲེལ་ཡོད་གནད་དོན་ཐག་གཅོད་དང་འགལ་བ་སེལ་རྒྱུར་སྐུལ་མ་བཏང་ཡོད།

    གཞན་ཡང་ང་ཚོས་ཕྱི་འབྲེལ་ལས་དོན་ཧུར་ཐག་སྤེལ་ནས་ལོ་གཅིག་ནང་ཕྱི་ཕྱོགས་དང་འབྲེལ་བའི་དབྱི་ཧུའེ་གྲོས་ཚོགས་ཀྱི་སྤེལ་རེས་ཧུར་ཐག་བྱས་ཏེ་ཁྱོན་ཁག་8ལ་མི་ཐེངས་34སྒྲིག་འཛུགས་བྱས་ནས་ཕོ་ལན་དང་། ལ་ཐེ་ཝེ་ཡ། ཨ་རི། ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ། ཐུར་ཁེ་སོགས་རྒྱལ་ཁབ་11དང་ཤང་ཀང་དང་ཨའོ་མོན་དམིགས་བསལ་ས་ཁུལ་སོགས་སུ་བཅར་འདྲིར་བསྐྱོད་པ་དང་བཅར་འདྲིར་ཡོང་བའི་ཚོགས་པ་ཁག་3ལ་སྣེ་ལེན་ཞུས་པའམ་ཡང་ན་རོགས་རམ་བྱས་ཏེ་རང་རྒྱལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། བོད་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མི་རིགས་ཁག་གི་མི་དམངས་ཀྱི་རང་ཐག་རང་གཅོད་ཐུབ་པའི་གསོན་ཉམས་དོད་པའི་ལག་ལེན་དྲིལ་བསྒྲགས་བྱས་ནས་རྒྱལ་སྤྱིའི་ཐོག་བོད་ཀྱི་ཤུགས་རྐྱེན་ཆེ་རུ་བཏང་ཡོད།

    གསར་འགོད་པ། མངའ་ཁོངས་ཕྱིའི་ཁ་ཕྲལ་ཕྱོགས་གཏོགས་ཀྱིས་རྟག་ཏུ་ང་ཚོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པའི་ཐད་ཁྱེད་ཀྱིས་ལན་གང་ཞིག་བསྐྱོན་ཡོད་དམ།

    པད་མ་འཕྲིན་ལས། 1965ལོའི་ཟླ་9པར་བོད་རང་སྐྱོང་ལྗོངས་དབུ་བརྙེས་རྗེས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་སྒོ་ཀུན་ནས་ལག་ལེན་བསྟར་འགོ་ཚུགས་ཡོད། རང་རྒྱལ་གྱི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་གཞིགས་ནས་བོད་རང་སྐྱོང་ལྗོངས་ལ་རང་སྐྱོང་དབང་ཆ་རྒྱ་ཁྱབ་ངང་སྤྱོད་རྒྱུ་བྱུང་བའི་ནང་ཁྲིམས་འཛུགས་དབང་ཆ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་བབ་བསྟུན་ལག་བསྟར་དབང་ཆ། མི་རིགས་ཀྱི་སྐད་ཡིག་སྤྱོད་པའི་དབང་ཆ། མི་དོན་དོ་དམ་དབང་ཆ། ནོར་སྲིད་དོ་དམ་དབང་ཆ། རང་རྟོགས་ངང་རིག་གནས་སློབ་གསོ་འཕེལ་རྒྱས་གཏོང་བའི་དབང་ཆ་སོགས་ཚུད་ཡོད།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་རང་བཞིན་ལྡན་པའི་གྲོས་ཆོད་དང་གཏན་འབེབས་སྣ་ཚོགས་གཏན་ལ་ཕབ་པ་དང་སྦྲགས་རྒྱལ་ཡོངས་རང་བཞིན་གྱི་བཅའ་ཁྲིམས་སྣ་ཚོགས་ལ་བོད་ཀྱི་ཁྱད་ཆོས་དང་འཚམ་པའི་ལག་བསྟར་བྱ་ཐབས་བཟོས་པ་དེའི་ནང་དོན་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ། སྐད་ཡིག ཁྲིམས་འཛིན། རིག་དངོས་སྲུང་སྐྱོབ། རང་བྱུང་ཐོན་ཁུངས་སྲུང་སྐྱོང་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད། བོད་ཀྱི་མི་དམངས་ཚོར་ཁྲིམས་ལྟར་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཡོད་པ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་རྒྱལ་ཁབ་ཀྱི་དོན་དག་དང་ས་ཁུལ་དེ་རང་དང་མི་རིགས་དེ་གའི་དོན་དག་ལ་དོ་དམ་བྱེད་པའི་དབང་ཆ་ལོངས་སུ་གང་ལེགས་སྤྱོད་རྒྱུ་ཡོད།

    མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ལག་བསྟར་བྱས་པ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཀྱི་དབང་ཆ་ཁག་ལ་བློས་འགེལ་ཆོག་པའི་འགན་ལེན་བྱུང་བ་དེ་བོད་ཀྱི་དོན་དངོས་གནས་ཚུལ་དང་རྦད་དེ་མཐུན་ཡོད་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སེམས་གཏིང་གི་བརྩི་བཀུར་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།