[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>ཚོགས་འདུའི་དོ་གནད།
  • 2015ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གི་སྲིད་གཞུང་གི་ལས་དོན་སྙན་སྒྲོན།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-18

    འཐུས་མི་རྣམ་པ། 

    ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སེང་ཞུ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན།

    གཅིག 2014ལོའི་ལས་ཀ་ཕྱིར་དྲན་བྱས་པ།

    འདས་པའི་ལོ་གཅིག་གི་རིང་ལ། རང་རྒྱལ་གྱི་འཕེལ་རྒྱས་ལ་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་རྙོག་འཛིང་ཆེན་པོ་ཐུག་པ་རེད། གོ་ལ་ཧྲིལ་པོའི་དཔལ་འབྱོར་བསྐྱར་དར་དཀའ་ཞིང་བར་ཆད་ཆེ་བ་དང་། དཔལ་འབྱོར་དངོས་ཚན་གཙོ་བོའི་འཕེལ་ཕྱོགས་ཁ་འཐོར་བཞིན་ཡོད། རྒྱལ་ནང་གི་དཔལ་འབྱོར་བསྟུད་མར་འཕེལ་ཤུགས་ཞན་པོར་འགྱུར་དོགས་ཆེ་བ་དང་། དཀའ་ངལ་དང་འགྲན་སློང་མང་པོ་འདྲེས་མར་གནས་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མི་ཁྲི་སེམས་གཅིག་དང་། དཀའ་སྤྱད་འགག་སྒྲོལ་བྱས་པས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་གཙོ་བོ་ལེགས་གྲུབ་བྱུང་བ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་གོམ་སྟབས་བརྟན་པོ་ཞིག་སྤོས་པ། སྒྱུར་བཅོས་ཟབ་སྤེལ་ཁྱོན་ཡོངས་ནས་བྱེད་པའི་འགོ་ཡག་པོར་ཚུགས་པ། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ལམ་གསར་པ་འབྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ། ཏང་སྒོ་ཀུན་ནས་ནན་སྐྱོང་བྱེད་པར་ཡར་རྒྱས་གསར་པ་བྱུང་བ་བཅས་རེད།

    ལོ་གཅིག་གི་རིང་ལ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་སྤྱི་ཡོངས་ནས་བརྟན་པོ་ཡིན་པ་དང་། བརྟན་པོའི་ངང་ནས་འཕེལ་བཞིན་ཡོད། “བརྟན་པོའི”མཚོན་བྱེད་གཙོ་བོ་ནི་དཔལ་འབྱོར་འཁོར་སྐྱོད་ཚུལ་མཐུན་གྱི་མཚམས་སུ་གནས་ཡོད། འཕེལ་ཚུལ་བརྟན་པོ་ཡིན་པ་དང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་63.6ཟིན་པས། ལོ་གོང་མ་ལས་བརྒྱ་ཆ་7.4འཕར་བ་དང་། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཁྲོད་མདུན་གྲལ་དུ་སླེབས་ཡོད། ལས་ཀར་ཞུགས་ཚུལ་བརྟན་པོ་བྱུང་ཡོད་དེ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀར་ཞུགས་མི་ཁྲི་1322ཟིན་པས། ན་ནིང་ལས་མང་བ་བྱུང་ཡོད། རིན་གོང་བརྟན་པོ་བྱུང་ཡོད་དེ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ་2ཟིན་ཡོད། “འཕེལ་བའི”མཚོན་བྱེད་གཙོ་བོ་ནི་འཕེལ་ཚུལ་མཐུན་སྦྱོར་ཆེ་བ་དང་རྒྱུན་མཐུད་ཐུབ་ཚུལ་ཇེ་ཆེར་ཕྱིན་པ་རེད། དཔལ་འབྱོར་གྲུབ་ཚུལ་བཟང་འགྱུར་གསར་པ་བྱུང་བ་དང་། འབྲུ་རིགས་ཐོན་འབོར་ཏུན་དུང་ཕྱུར་6.07ཟིན་ཞིང་། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་བར་ལེགས་སྐྱེས་འབུལ་ཚད་བརྒྱ་ཆའི་གྲངས་3འཕར་བས་བརྒྱ་ཆ་51.2བར་འཕར་བ་དང་། ཞབས་ཞུའི་ལས་རིགས་ཀྱི་གནས་ཐང་འཕར་ཚད་བརྒྱ་ཆ་46.9ནས་བརྒྱ་ཆ་48.2བར་འཕར་བ། ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། ཚོང་ལས་གསར་པ་གཉེར་སྟངས་བཅས་རྒྱུན་མི་ཆད་པར་ཐོན་ཡོད། དབུས་ནུབ་ཁུལ་གྱི་དཔལ་འབྱོར་འཕེལ་ཚད་ནུབ་རྒྱུད་ས་ཁུལ་ལས་མྱུར་བ་བྱུང་ཡོད། འཕེལ་རྒྱས་གཏོང་བའི་སྤུས་ཚད་ཇེ་བཟང་དུ་སོང་བ་དང་། སྤྱི་པའི་སྔོན་རྩིས་སྤྱིར་བཏང་གི་ཡོང་སྒོ་བརྒྱ་ཆ་8.6འཕར་བ། ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་གྲོན་དངུལ་གཏོང་སྒོས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལས་བརྒྱ་ཆ་2ལས་བརྒལ་བ། ནུས་རྒྱུ་ཟད་གྲོན་བརྒྱ་ཆ་4.8ཆག་པ་དེ་ཉེ་ལོའི་ནང་ཆག་པ་མང་ཤོས་ཡིན། མི་དམངས་ཀྱི་འཚོ་བ་ལེགས་བཅོས་བསྐྱར་མ་བྱུང་ཞིང་། རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་སྤྱད་འཐུས་ཆ་སྙོམས་ཡོང་སྒོ་བརྒྱ་ཆ་8དངོས་སུ་འཕར་བས། དཔལ་འབྱོར་འཕར་ཚུལ་ལས་མྱུར་བ་བྱུང་ཡོད། གྲོང་གསེབ་ཀྱི་གྲོང་མི་མིའི་སྤྱད་འཐུས་ཆ་སྙོམས་ཡོང་སྒོ་བརྒྱ་ཆ་9.2དངོས་སུ་འཕར་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་སྒོ་ལས་འཕར་མགྱོགས་པ་བྱུང་ཡོད། གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི་1232ཉུང་དུ་ཕྱིན་པ་དང་། གྲོང་གསེབ་ཀྱི་མི་གྲངས་ཁྲི་6600ལྷག་ཙམ་གྱི་འཐུང་ཆུ་ཉེན་ཅན་གྱི་གནད་དོན་ཐག་གཅོད་ཐུབ་ཡོད། རྒྱལ་ཁོངས་ཕྱིར་ཡུལ་སྐོར་དུ་སྐྱོད་མི་ཐེངས་གྲངས་དུང་ཕྱུར་1ལས་བརྒལ་ཡོད། སྒྱུར་བཅོས་སྒོ་དབྱེར་འགག་གནད་གསར་པ་སྒྲོལ་ཐུབ་པ་དང་། སྒྱུར་བཅོས་ཟབ་སྤེལ་ཁྱོན་ཡོངས་ནས་བྱེད་པའི་བརྒྱུད་རིམ་གྱི་ལས་འགན་གཙོ་བོ་ལག་བསྟར་བྱེད་འགོ་ཚུགས་ཤིང་། སྲིད་གཞུང་གི་སྐབས་འདི་གའི་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་དག་གསུམ་ཆ་གཅིག་ཉུང་དུ་གཏོང་བའི་དམིགས་འབེན་སྔ་སྣུར་དུ་གྲུབ་པ་རེད། གྲུབ་འབྲས་དེ་ནི་ལས་སླ་པོར་བྱུང་བ་གཏན་ནས་མིན་ཏེ། དེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྔུལ་ཆུ་བཏོན་ནས་དཀའ་སྡུག་མྱངས་པ་ལས་བྱུང་བས། བློ་སྟོབས་ཆེན་པོས་མདུན་སྐྱོད་བྱེད་པའི་ང་ཚོའི་ཆོད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་གྱུར་ཡོད།

    འདས་པའི་ལོ་གཅིག་གི་རིང་ལ། དཀའ་ངལ་དང་འགྲན་སློང་ནི་བསམ་ཚོད་ལས་ཆེ་ནའང་། ང་ཚོས་དཀའ་སྡུག་སྔུན་བསུས་བྱས་ཏེ་གཙོ་བོ་གཤམ་གསལ་ལས་དོན་ཁག་བསྒྲུབས་ཡོད་དེ།

    གཅིག་ནས་བར་མཚམས་སྙོམས་སྒྲིག་བྱེད་པའི་རྨང་གཞིའི་ཐོག་ཁ་ཕྱོགས་གཏན་འཁེལ་གྱིས་སྙོམས་སྒྲིག་བྱས་ནས་དཔལ་འབྱོར་རྒྱུན་མཐུད་ཐོག་བརྟན་པོའི་ངང་ནས་འཕེལ་བར་བྱས་ཡོད། དཔལ་འབྱོར་འཕེལ་ཤུགས་ཞན་པོར་འགྱུར་དོགས་ཆེ་ཚུལ་ཐོན་པར་དམིགས་ཏེ་ང་ཚོས་འཐབ་ཇུས་ཀྱི་སྒོམ་ཤུགས་ལྡན་པའི་རྒྱུན་བསྐྱངས་པ་དང་། སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་བརྟན་པོ་ཡོང་བར་བྱས་ནས་དུས་ཐུང་གི་སྐུལ་མ་ཐེབས་ཐབས་མ་བྱས་པར། སྤྱི་ཁོག་སྙོམས་སྒྲིག་གི་བསམ་གཞི་དང་བྱེད་སྟངས་མུ་མཐུད་གསར་གཏོད་བྱས་པ་དང་། ཁ་ཕྱོགས་གཏན་འཁེལ་གྱིས་སྙོམས་སྒྲིག་བྱས་ཏེ་གསོན་ཤུགས་རྒྱས་པ། ཆད་ཁ་མཐུད་པ། གཉེར་གཞི་བཟང་བ་བཅས་ཡོང་བར་བྱས་པ་ཡིན། དཔལ་འབྱོར་འཁོར་སྐྱོད་གོང་འོག་མཚམས་ཚད་ཚུལ་མཐུན་ཡོང་བར་བྱས་ཏེ། འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་འགལ་བ་དམིགས་བསལ་དང་གྲུབ་ཚུལ་རང་བཞིན་གྱི་གནད་དོན་དམ་འཛིན་དང་། ཁ་ཕྱོགས་གཏན་འཁེལ་གྱིས་སྲིད་ཇུས་དོན་འཁྱོལ། འཕེན་ཡུལ་འབེན་ལ་དམིགས་ནས། ཤེད་ཤུགས་ཆེན་པོས་གནད་དུ་བསྣུན་པ་བཞིན་བཅས་བྱས་ཡོད། སྒྱུར་བཅོས་ཀྱི་སྒུལ་ཤུགས་སྐྱེད་པ་དང་། གྲུབ་ཚུལ་ལེགས་སྒྲིག་ཀྱི་རོགས་སྐྱོར། དམངས་ཕན་གྱི་རྟིང་ཤུགས་སྐྱེད་པ་བཅས་བྱས་ཏེ་ཚོང་རའི་དགོས་མཁོ་ཆེ་རུ་བཏང་ཡོད་ལ། ཕན་འབྲས་ཐོན་པའི་མཁོ་སྤྲོད་མང་དུའང་བཏང་བ་དང་། གྲུབ་ཚུལ་བཟང་པོར་སྙོམས་ཀྱང་མྱུར་ཚད་མི་ཆག་པའི་འབད་བརྩོན་བྱས་ཡོད།དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་དངུལ་ལོར་གྱི་སྲིད་ཇུས་བརྟན་པོ་ལག་བསྟར་ཕན་འབྲས་ཐོན་པར་བྱས་ཡོད། ཁ་ཕྱོགས་གཏན་འཁེལ་གྱིས་དཔྱ་ཁྲལ་བཅག་པ་དང་འགྲོ་གྲོན་ཡོངས་ཁྱབ་ཏུ་བཅག་པ་དང་། ཁེ་ལས་ཆུང་ཕྲན་གྱི་དཔྱ་ཁྲལ་བསྡུ་བར་གཟིགས་སྐྱོང་གི་སྲིད་ཇུས་ཁྱབ་ཁྱོན་ཆེ་རུ་བཏང་ཡོད། “ལས་གཉེར་དཔྱ་ཁྲལ་རིན་འཕར་དཔྱ་ཁྲལ་དུ་བསྒྱུར་བའི”ཚོད་ལྟ་བྱེད་ཁྱོན་ཆེ་རུ་བཏང་ཡོད། ནོར་སྲིད་ཀྱི་གཏོང་སྒོའི་མྱུར་ཚད་མགྱོགས་སུ་བཏང་བ་དང་། མ་དངུལ་བསགས་པ་གང་འགབ་ཅི་སྤྱོད་ཧུར་ཐག་བྱས་ཡོད། དངུལ་ལོར་སྲིད་ཇུས་ཀྱི་བྱ་ཐབས་སྟབས་བསྟུན་གྱིས་སྤྱད་པ་དང་། ཁ་ཕྱོགས་གཏན་འཁེལ་གྱིས་བཅོལ་དངུལ་གྲབས་འཇོག་བྱེད་ཚད་གཅོག་པ་དང་། ཁ་ཕྱོགས་གཏན་འཁེལ་གྱིས་དངུལ་བུན་བསྐྱར་མ་གཏོང་བ། སྐྱེད་གཅོག་དོ་མཉམ་མ་ཡིན་པ་སོགས་ཀྱི་ཐབས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྷུ་ཚིགས་ཞན་སར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། ཁེ་ལས་ཆུང་འབྲིང་དང་། “ཞིང་གསུམ”ལ་དངུལ་བུན་གཏོང་བའི་འཕར་ཚད་ནི་དངུལ་བུན་གཏོང་རིགས་ཁག་གི་ཆ་སྙོམས་ལས་སོ་སོར་བརྒྱ་ཆའི་གྲངས་4.2དང་བརྒྱ་ཆའི་གྲངས་0.7འཕར་ཡོད། དུས་མཚུངས་སུ་དངུལ་རྩའི་ལྟ་སྐུལ་དོ་དམ་འཐུས་སྒོ་ཚང་དུ་བཏང་ནས། ས་ཁོངས་དང་རྒྱུད་ཁོངས་རང་བཞིན་གྱི་ཉམས་ཉེན་མི་ཡོང་བར་བྱེད་པའི་ཚད་མཐའ་གཅིག་ཏུ་བསྲུངས་ཡོད།

    གཉིས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་སྤེལ་བས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གསོན་ཤུགས་རྒྱས་ཡོད། འཕེལ་རྒྱས་ཀྱི་འཆིང་རྒྱར་གྱུར་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་ལ་དམིགས་ཏེ། ང་ཚོས་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་དང་། ཚོང་རའི་གསོན་ཤུགས་རྒྱས་པར་བྱེད་པར་བརྟེན་ནས་དཔལ་འབྱོར་ཆག་གིས་དོགས་པའི་སེམས་ངལ་མི་ཡོང་བར་བྱས་པ་དང་། དཀའ་བ་ཆེན་པོ་མི་ཉུང་བ་སྤྱད་དེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་སོགས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་ཡོད། སྒྱུར་བཅོས་གཙོ་གནད་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྤྱིའི་འཆར་གཞི་བཟོས་པ་མ་ཟད་ལག་བསྟར་ཡང་བྱས་པ་དང་། སྔོན་རྩིས་དོ་དམ་ལམ་ལུགས་དང་ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ། ཆེད་དམིགས་གཏོང་སྤྲོད་སྤོ་སྒྱུར་གྱི་རྣམ་གྲངས་ལོ་གོང་མ་ལས་གསུམ་ཆ་གཅིག་ཡན་ཆག་པ། སྤྱིར་བཏང་གི་གཏོང་སྤྲོད་སྤོ་བསྒྱུར་གྱི་བསྡུར་ཚད་འཕར་བ། ས་གནས་སྲིད་གཞུང་གི་ངོ་བོ་ལྡན་པའི་བུན་དོན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་བཅས་བྱས་ཡོད། བཅོལ་དངུལ་གྱི་སྐྱེད་ཀ་དང་དངུལ་བརྗེས་འཛའ་ཐང་སྤོར་གཅོག་བྱེད་ཁྱོན་ཆེ་རུ་བཏང་བ་དང་། དམངས་གཉེར་དངུལ་ཁང་གི་ཚོད་ལྟའི་གོམ་སྟབས་གསར་པ་སྤོས་པ། “ཧྲང་ཧའེ་དང་ཤང་ཀང་བར་མ་རྐང་ཉོ་འཚོང་ཤར་བགྲོད”ཚོད་ལྟ་བྱེད་འགོ་བརྩམས་པ། ཕྱི་དངུལ་གསོག་འཇོག་དང་། འགན་བཅོལ་མ་དངུལ་བཀོལ་སྤྱོད་བྱེད་ཁྱོན་ཆེ་རུ་བཏང་བ་བཅས་བྱས་ཡོད། ནུས་ཁུངས་དང་། འགྲིམ་འགྲུལ། ཁོར་ཡུག་སྲུང་སྐྱོང་། འཕྲིན་སྐྱེལ་སོགས་ཁྱབ་ཁོངས་ཀྱི་རིན་གོང་བསྒྱུར་བཅོས་ཇེ་མགྱོགས་སུ་བཏང་ཡོད། ཚན་རྩལ་གྱི་མ་དངུལ་དོ་དམ་དང་། རྒྱུགས་ལེན་དང་སློབ་མ་བསྡུ་བ། ཐེམ་ཐོ། ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་རྒན་གསོའི་འགན་བཅོལ་ལམ་ལུགས་སོགས་སྒྱུར་བཅོས་བྱེད་འགོ་བརྩམས་ཡོད།

    ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་སྡོམ་ཟུང་འབྲེལ་གྱི་སྒྱུར་བཅོས་དེ་མུ་མཐུད་དེ་སྒྱུར་བཅོས་བྱེད་གནད་གཙོ་བོར་བརྩིས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གིས་ལོ་ཧྲིལ་པོར་སྲིད་འཛིན་ཞིབ་མཆན་འགོད་བྱའི་དོན་དག་ཁག་246རྩིས་མེད་བཏང་བ་དང་དབང་ཆ་གཤམ་སྤྲོད་བྱས་པ་དང་། ཚད་ལོན་དཔྱད་སྡུར་གཟེངས་བསྟོད་བྱེད་པའི་རྣམ་གྲངས་ཁག་29དང་། ལས་རིགས་ཀྱི་ཐོབ་ཐང་ཁས་ལེན་དང་དཔང་དཔྱད་ཁས་ལེན་གྱི་དོན་དག་ཁག་149མེད་པར་བཟོས་པ། མ་དངུལ་འཇོག་པའི་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་དཀར་ཆག་བསྐྱར་དུ་བཟོ་བཅོས་བརྒྱབ་ཡོད་ལ་ཞིབ་མཆན་འགོད་ཁོངས་ཇེ་ཆུང་དུའང་བཏང་ཡོད། ཚོང་དོན་ལམ་ལུགས་སྒྱུར་བཅོས་གང་ཐུབ་བྱས་པ་དང་། ཐོ་བཀོད་ཚོང་རའི་གྲུབ་ཆ་གཙོ་བོ་ཐོ་རུ་བསྐྱར་དུ་བཀོད་གྲངས་ཁྲི་1293ཟིན་པ་དེའི་ནང་ནས་ཐོ་རུ་བཀོད་པའི་ཁེ་ལས་བརྒྱ་ཆ་45.9འཕར་ཏེ་ལས་སྐྲུན་གྱི་མཐོ་རླབས་གསར་པར་གྱུར་ཡོད། དཔལ་འབྱོར་འཕེལ་ཚུལ་དལ་དུ་བཏང་བ་དང་། ལས་ཀར་ཞུགས་གྲངས་མ་ཆག་པར་ཇེ་མང་དུ་སོང་བས། སྒྱུར་བཅོས་ཀྱི་ཟུངས་ཤུགས་ཆེན་པོ་དང་ཚོང་རའི་གཏིང་ཤུགས་ཚད་མེད་མངོན་པ་རེད།

    སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་ཐེབས་པར་བྱས་ཡོད། ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ས་ཁོངས་ཆེ་རུ་བཏང་བ་དང་། ཀོང་ཏུང་དང་། ཐེན་ཅིན། ཧྥུའུ་ཅན་བཅས་སུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གསར་པ་བཙུགས་ཡོད། ཕྱིར་གཏོང་བརྟན་པོ་བྱུང་བ་དང་། ནང་འདྲེན་ཇེ་མང་དུ་བཏང་ཞིང་། ཕྱིར་གཏོང་བྱེད་ཚད་ཀྱིས་རྒྱལ་སྤྱིའི་ཚོང་རའི་ཐོབ་སྐལ་ཟིན་ཚད་མུ་མཐུད་འཕར་བ་རེད། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་པ་ཨ་སྒོར་དུང་ཕྱུར་1196དངོས་སུ་བཀོལ་སྤྱོད་བྱས་པས། འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ཕྱི་ཕྱོགས་སུ་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར་1029བཞག་པས། ཕྱི་རྒྱལ་གྱི་མ་དངུལ་བཀོལ་བ་དང་དོ་ཟླ་མཉམ་ཡོད། ཀྲུང་གོས་འཁྱགས་གླིང་དང་སུའེ་ཙེར་བར་རང་མོས་ཉོ་ཚོང་ཁུལ་འཛུགས་འགོ་བརྩམས་པ་དང་། ཀྲུང་གོ་དང་ཧན་གོ་བར། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་གྱི་རང་མོས་ཉོ་ཚོང་ཁུལ་གྱི་དངོས་གཞིའི་གླེང་མོལ་བྱེད་འགོ་བརྩམས་ཡོད། ལྕགས་ལམ་དང་། གློག་ཤུགས། སྣུམ་རླངས། འཕྲིན་སྐྱེལ་སོགས་ཀྱི་ཁྱབ་ཁོངས་ཕྱི་ཕྱོགས་དང་མཉམ་ལས་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ཀྲུང་གོའི་སྒྲིག་ཆས་འཛམ་གླིང་ཐོག་ཇེ་མང་བྲིན་འགོ་ཚུགས་ཡོད།

    གསུམ་ནས་གྲུབ་ཚུལ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བས། འཕེལ་རྒྱས་ཀྱི་གཏིང་ཤུགས་ཇེ་ཆེར་ཕྱིན་ཡོད། གྲུབ་ཚུལ་རང་བཞིན་གྱི་འགལ་བ་མངོན་གསལ་ཆེ་བའི་གནས་ཚུལ་འོག ང་ཚོས་ལས་དོན་ཧུར་ཐག་བསྒྲུབས་པ་དང་། རོགས་སྐྱོར་དང་ཚོད་འཛིན་ཡོད་པ། འཕྲལ་མར་མཁོ་ལ་ཕུགས་ལའང་ཕན་པའི་དོན་དག་མང་ཙམ་བསྒྲུབས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཡོད།ཞིང་ལས་ཀྱི་རྨང་གཞི་རྒྱུན་མ་ཆད་པར་བརྟན་དུ་བཏང་ཡོད། ཞིང་པ་རྒྱས་སྐྱོང་ཕྱུག་གསུམ་ཡོང་བའི་སྲིད་ཇུས་སྤེལ་ཤུགས་ཇེ་ཆེར་བཏང་བ་དང་། འབྲུ་རིགས་ཐོན་འབོར“བསྟུད་མར་ལོ་བཅུ་གཅིག་རིང་འཕར་བ”དང་། ཞིང་པའི་ཡོང་སྒོ“བསྟུད་མར་ལོ་ལྔ་འཕར་མགྱོགས་པོ་བྱུང”སྟེ། ཞིང་ལས་ཕྱོགས་བསྡུས་ཀྱིས་ཐོན་སྐྱེད་བྱེད་ནུས་བརྟན་པོའི་ངང་ནས་ཆེ་རུ་སོང་ཡོད། ཞིང་ལས་ཚན་རྩལ་དང་འཕྲུལ་ཆས་ཅན་དུ་སྒྱུར་བའི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ཞིང་། ཆུ་བེད་ཀྱི་ལས་གྲྭ་གལ་ཆེན་སྐྲུན་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ། ཆུ་གྲོན་ཆུང་བྱས་ཏེ་ཞིང་ཆུ་འདྲེན་ཁྱོན་སྤྱི་ཆིང་ཁྲི་223འཕར་བ། གྲོང་གསེབ་ཀྱི་གཞུང་ལམ་གསར་པ་གསར་སྐྲུན་དང་རྒྱས་སྐྲུན་སྤྱི་ལེ་ཁྲི་23བྱས་ཡོད། ཞིང་དོར་ནགས་གསོ་རྩྭ་འདེབས་བྱེད་ཐེངས་གསར་པ་འགོ་ཚུགས་ཡོད། གྲོང་གསེབ་ཀྱི་ས་ཆའི་བདག་དབང་གཏན་འཁེལ་ཐོ་འགོད་ཀྱིས་ལག་ཁྱེར་སྤྲོད་འགྲེམ་གོ་རིམ་ལྡན་པར་བྱེད་བཞིན་ཡོད་ཅིང་། ཞིང་ལས་གཉེར་སྐྱོང་དཔེ་གསར་གྱི་གྲུབ་ཆ་གཙོ་བོ་འཕེལ་རྒྱས་མགྱོགས་སུ་འགྲོ་བཞིན་ཡོད། 

    ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་ཤུགས་ཆེན་བྱས་ཡོད། འཕེལ་རྒྱས་གཏོང་གཞི་གསར་པ་སྐྱེད་སྲིང་གང་ཐུབ་བྱས་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གང་མྱུར་ཡོང་བར་བྱས་པ་དང་། སྒུལ་བདེའི་དྲ་སྦྲེལ་དང་། འདུས་གྲུབ་གློག་ལམ། སྒྲིག་ཆས་རྩེར་སོན་བཟོ་སྐྲུན། ནུས་ཁུངས་གསར་པའི་རླངས་འཁོར་སོགས་འཐབ་ཇུས་དང་ལྡན་པའི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས་པ་དང་། དྲ་སྦྲེལ་དངུལ་རྩའི་སྟོབས་ཤུགས་གསར་པ་གློ་བུར་དུ་ཐོན་པ། གློག་རྡུལ་ཚོང་དོན་དང་། དངོས་ཟོག་མྱུར་སྐྱེལ་སོགས་ཀྱི་ལས་རྣམ་གསར་པ་དར་རྒྱས་མགྱོགས་པོ་བྱུང་ཞིང་། “ལས་སྒོ་གསར་གཏོད་མཁན”ཕོན་ཆེན་་གཟེངས་སུ་ཐོན་པ་དང་། རིག་གནས་བློ་གསར་ཐོན་ལས་དཔྱིད་དཔལ་བཞད་པ་བཞིན་འཕེལ་ཡོད། དུས་མཚུངས་ཐོན་ནུས་ལྷགས་ཐལ་ཆེ་རིགས་མུ་མཐུད་ཐག་གཅོད་བྱས་ནས་ངར་ལྕགས་དང་། ཨར་འདམ་སོགས་ཀྱི་གཙོ་གནད་ལས་རིགས་ཁག་15ཙམ་གྱི་ཐོན་ནུས་རྗེས་ལུས་འདོར་བའི་ལོ་འཁོར་གྱི་ལས་འགན་དུས་ཐོག་ཏུ་འགྲུབ་ཐུབ་པ་བྱས་ཡོད། སྨུག་རྡུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྟགས་སེར་བཀོད་པའི་རླངས་འཁོར་དང་རླངས་འཁོར་རྙིང་གྲས་འདོར་བའི་དམིགས་ཚད་ཚད་བརྒལ་ཐོག་ནས་ལེགས་འགྲུབ་བྱུང་ཡོད།

    རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་བྱས་ཡོད། པེ་ཅིང་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ལྕགས་ལམ་གསར་དུ་བསྐྲུན་ནས་སྤྱོད་འགོ་ཚུགས་པའི་ལམ་ཐག་སྤྱི་ལེ་8427ཟིན་པ་དང་། མྱུར་བགྲོད་ལྕགས་ལམ་ལས་གཉེར་བྱེད་པའི་ལམ་ཚད་སྤྱི་ལེ་ཁྲི་1.6ཟིན་པས། འཛམ་གླིང་གི་བརྒྱ་ཆ་60ཡན་ཟིན་ཡོད། མྱུར་བགྲོད་གཞུང་ལམ་རླངས་འཁོར་ཤར་བགྲོད་ཐུབ་ཚད་སྤྱི་ལེ་ཁྲི་11.2ཟིན་ཡོད། ཆུ་ཐོག་འགྲུལ་ལམ་དང་། དམངས་སྐྱོད་མཁའ་འགྲུལ། སྦུབས་ལམ་བཅས་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ཡོད། ཞིང་ལས་ཀྱི་དྲ་བ་སྒྱུར་བཀོད་བརྟན་པོའི་ངང་ནས་བྱས་པ་དང་། གཤོང་ཆེའི་དྲ་རྒྱ་སྤྱོད་མཁན་ཐེམ་པ་དུང་ཕྱུར་7.8ཟིན་ཡོད། ལོ་མང་རིང་འབད་བརྩོན་བྱས་པར་བརྟེན་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་དུས་དང་པོའི་ལས་གྲྭར་ཆུ་དངོས་སུ་འདྲེན་འགོ་ཚུགས་པས། ཆུ་འདྲེན་ལམ་རྒྱུད་ཀྱི་མང་ཚོགས་དུང་ཕྱུར་ཁྲིར་ཕན་ཁེ་བྱུང་ཡོད།

    གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་འཐབ་ཇུས་དོན་འཁྱོལ་བྱས་ཡོད། ཚན་རྩལ་གྱི་གྲུབ་འབྲས་དངོས་སྒྱུར་བྱེད་པའི་ཐབས་ལམ་འབྱེད་གང་ཐུབ་བྱས་ནས་ཀྲུང་ཀོན་ཚུན་དུ་རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་ཚོད་ལྟ་བྱེད་གནས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཁོངས་རྒྱ་སྐྱེད་དང་། ཚན་རྩལ་གྱི་ཐོན་ཁུངས་སྒོ་དབྱེ་མཉམ་སྤྱོད་བཅས་ལ་སྐུལ་སྤེལ་བཏང་སྟེ་ཚན་རྩལ་པའི་གསར་གཏོད་ཀྱི་གསོན་ཤུགས་རྒྱུན་མ་ཆད་པར་འདོན་ཐབས་བྱས་ཡོད། རིམ་འདས་རྩིས་རྒྱག་དང་། ཟླ་དཔྱད་ལས་གཞི། སྲུང་སྐར་དངོས་སྤྱོད་སོགས་ཀྱི་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་གལ་ཆེན་བར་བརྒལ་བསྐྱར་མ་བྱུང་ཞིང་། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཟུར་ལམ་འགྲུལ་སྐྱེལ་གནམ་གྲུ་ཨ་སྔོན་གནམ་ལ་འཕུར་ཐུབ་ཡོད།

    བཞི་ནས་དམངས་འཚོ་འགན་སྲུང་གི་དྲ་བ་དམ་པོར་བསླས་ཏེ། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་བཏང་ཡོད། ང་ཚོས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་འཇོག་བྱ་བསྟུད་མར་སྤར་བ་དང་། གཞི་རྩ་འགན་སྲུང་དང་། གཞི་ཐིག་འཛིན་པ། ལམ་སྲོལ་འཛུགས་པ་བཅས་བྱས་པ་དང་། ནོར་སྲིད་ཀྱི་ཡོང་སྒོ་འཕར་ཚད་འགོར་དུ་ཕྱིན་པ་དང་། གཏོང་སྒོའི་སེམས་ངལ་ཆེ་རུ་ཕྱིན་ཡོད་ཀྱང་དམངས་འཚོར་སྤྱོད་པའི་བསྡུར་ཚད་བརྒྱ་ཆ་70ཡན་ཟིན་ཡོད།

    ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་ཞུགས་སྐུལ་སྤེལ་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ཡོད། ལས་སྒོ་གསར་འབྱེད་ཀྱི་སྣེ་འདྲེན་འཆར་གཞི་བཏོན་པ་བཅས་བྱས་པས་མཐོ་རིམ་སློབ་ཐོན་སློབ་མ་ལས་ཀར་ཞུགས་ཚུལ་བརྟན་པོའི་ངང་ནས་འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་གཅིག་གྱུར་བྱས་པ་དང་། ཁེ་ལས་ཀྱི་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་གྲངས་ཡང་བསྐྱར་བརྒྱ་ཆ་10སྤར་ཡོད། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིའི་ཁང་པ་ཆ་སྒྲིག་ཁྲི་740ལས་འགོ་གསར་དུ་བཙུགས་པ་དང་། ཁང་པ་ཆ་སྒྲིག་ཁྲི་511གཞི་རྩའི་ཆ་ནས་བསྐྲུན་ཡོད། གནས་སྐབས་ཀྱི་རོགས་སྐྱོབ་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་ཚད་གཞི་སོ་སོར་བརྒྱ་ཆ་9.97དང་བརྒྱ་ཆ་14.1མཐོ་རུ་བཏང་བ། དམག་མི་རྨས་མ་དང་། སྔོན་གཤེགས་དཔའ་བོའི་ཁྱིམ་མི། དམག་ལོག་རྙིང་པ་སོགས་གཟིགས་སྐྱོང་བྱ་ཡུལ་ལ་གཟིགས་སྐྱོང་དང་འཚོ་བའི་ཁ་གསབ་བྱེད་ཚད་བརྒྱ་ཆ་20ཡན་མཐོ་རུ་བཏང་ཡོད།

    སློབ་གསོ་དྲང་སྙོམས་ཡོང་བར་མུ་མཐུད་སྐུལ་སྤེལ་བཏང་ཡོད། དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་ཞན་པའི་སློབ་གྲྭ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་ཚད་མཐོ་རུ་བཏང་བ། རྒྱལ་ཁབ་ཀྱིས་སློབ་རོགས་དངུལ་བུན་གྱི་རོགས་དངུལ་སྤྲོད་པའི་ཚད་གཞི་ཇེ་ཆེར་སྤར་བ་བཅས་བྱས་ཡོད། འབྲིང་རིམ་ལས་རིགས་སློབ་གྲྭར་སློབ་ཡོན་མི་ལེན་པར་ཁ་གསབ་བྱེད་པའི་སྲིད་ཇུས་ལོ་གསུམ་བར་རིང་དུ་བཏང་ཡོད། འོས་འགན་སློབ་གསོ་ཡིག་རྒྱུགས་མི་གཏོང་བར་ཉེ་ཁུལ་གྱི་སློབ་གྲྭར་འཇུག་པའི་སྲིད་ཇུས་ལག་ལེན་བསྟར་བ་དང་། ཞིང་ཆེན་28ལ་ཞིང་པ་ལས་མི་དང་འགྲོགས་ནས་ཡོང་བའི་བུ་ཕྲུག་འབྱོར་ཡུལ་རང་དུ་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་དུ་ཞུགས་ཐུབ་པ་བྱུང་ཡོད། དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་སློབ་མ་མཐོ་རིམ་སློབ་གྲྭ་གཙོ་གནད་དུ་ཞུགས་པའི་མི་གྲངས་ལོ་གཉིས་བསྟུད་མར་བརྒྱ་ཆ་10ཡན་འཕར་ཡོད། འབད་བརྩོན་བྱས་པ་བརྒྱུད། ལོ་ཧྲིལ་པོར་རྒྱལ་ཡོངས་ཀྱི་ནོར་སྲིད་ཀྱི་རང་བཞིན་ལྡན་པའི་སློབ་གསོའི་གྲོན་དངུལ་གཏོང་སྒོས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཟིན་གྲངས་བརྒྱ་ཆ་4ལས་བརྒལ་ཡོད། 

    སྨན་བཅོས་འཕྲོད་བསྟེན་སྒྱུར་བཅོས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་ཚོད་ལྟ་བྱེད་ཁོངས་ཞིང་ཆེན་ཡོད་ཚད་ལ་མཆེད་པར་བྱས་པ་དང་། ནད་རིགས་འཕྲལ་མར་བཅོས་པའི་རོགས་སྐྱོབ་ལམ་ལུགས་གཞི་རྩའི་ཆ་ནས་བཙུགས་པ། དམངས་ཡོངས་སུ་སྨན་བཅོས་འགན་བཅོལ་མཆེད་ཁྱོན་བརྒྱ་ཆ་95ལས་བརྒལ་ཡོད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཟབ་སྤེལ་བྱས་པ་དང་། རྫོང་དང་ཤང་གྲོང་གསུམ་གྱི་ཞབས་ཞུའི་དྲ་སྦྲེལ་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཡོད། གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ཚོད་ལྟ་བྱེད་གནས་རྫོང་དང་གྲོང་ཁྱེར་1300ལྷག་ཙམ་ཟིན་ཡོད།

    རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ཡོད། རིག་གནས་དམངས་ཕན་གྱི་རྣམ་གྲངས་གལ་ཆེན་སྐྲུན་པར་སྐུལ་སྤེལ་བཏང་བ་དང་། རླུང་འཕྲིན་དང་བརྙན་འཕྲིན“གྲོང་ཚོ་ཡོངས་ལ་ཤར་གཏོང”གི་ལས་གཞི“ཁྱིམ་དུད་ཀུན་ལ”ཁྱབ་པའི་རིམ་པ་སྤར་ཡོད། རིག་རྩལ་སྤུས་དག་གི་འཐབ་ཇུས་ལག་བསྟར་བྱས་པ་དང་། དེང་རབས་ཀྱི་རིག་གནས་ཚོང་རའི་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། མང་ཚོགས་གཟུགས་གཞི་བདེ་ཐང་ཡོང་བའི་ལས་འགུལ་དཔྱིད་དཔལ་བཞད་པ་ལྟར་འཕེལ་རྒྱས་བཏང་བ་དང་། ནན་ཅིན་དུ་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་གཉེར་བ་ལམ་ལྷོང་བྱུང་ཡོད།

    ལྔ་ནས་སྤྱི་ཚོགས་བཅོས་སྐྱོང་གསར་དུ་བཏོད་པས། ཞི་མཐུན་དང་བརྟན་ལྷིང་ལ་སྐུལ་མ་ཐེབས་ཡོད། རང་བྱུང་གི་གནོད་འཚེ་དང་གློ་བུར་གྱི་དོན་རྐྱེན་བྱུང་བར་ང་ཚོས་ཁ་གཏད་འཚམ་པོར་གཅོག་པ་དང་། སྤྱི་ཚོགས་ཀྱི་འགལ་བ་གོ་རིམ་ལྡན་པའི་ངང་སེལ་བ། ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། འབྱུང་རྩ་ནས་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་འགན་སྲུང་བྱས་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱས་ཡོད།

    ན་ནིང་ཡུན་ནན་གྱི་ལུའུ་ཏན་དང་། ཅིང་ཀུའུ་སོགས་ཀྱི་ས་ཁུལ་དུ་ས་ཡོམ་ཆེ་ཙམ་བྱུང་སྐབས། ང་ཚོས་དུས་ཐོག་ཏུ་ས་ཡོམ་གྱི་གནོད་སེལ་ཕན་འབྲས་ཐོན་པར་བྱས་ཏེ་གནོན་འཚེ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བདེ་བླག་ངང་སྤེལ་ཡོད། གླིང་ཆེན་ཨ་ཧྥེ་རི་ཁར་ཨའེ་པོ་ལཱ་རིམས་ནད་བྱུང་བར་འགོག་བཅོས་རོགས་རམ་ཧུར་ཐག་བྱས་པ་དང་། རིམས་ནད་འབྱུང་གཞི་སྔོན་འགོག་ཚོད་འཛིན་ཕན་འབྲས་ཐོན་པར་བྱས་ཡོད། ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་བས། ཆག་སྒོ་བྱུང་གྲངས་བསྡོམས་འབོར་དང་། ཆག་སྒོ་ཆེན་པོ་དང་ཆེས་ཆེན་པོ། ལས་རིགས་གཙོ་གནད་ཀྱི་ཆག་སྒོ་བཅས་བསྟུད་མར་ཆག་ཡོད། གསོལ་ཚིགས་ཀྱི་སྦགས་བཙོག་བཅོས་སྐྱོང་གང་ཐུབ་བྱས་པ་དང་། ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད།

    ང་ཚོས་ཁྲིམས་མཐུན་ལྟར་སྲིད་འཛིན་པར་སྐུལ་སྤེལ་ཤུགས་ཆེན་བཏང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཟས་རིགས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་ཁག་15གཏན་འབེབས་དང་བཟོ་བཅོས་རྒྱག་རེ་དང་། ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་སྐབས་འཕྲལ་སྲོལ་ཡིག་སོགས་ཀྱི་སྲིད་འཛིན་ཁྲིམས་སྲོལ་ཁག་38གཏན་འབེབས་དང་དག་བཅོས་གནང་རེ་ཞུས་པ་རེད། སྲིད་དོན་ཡོངས་བསྒྲགས་ལ་སྐུལ་སྤེལ་གཏིང་ཟབ་བཏང་ནས། སྲིད་གཞུང་གི་ཇུས་གཅོད་དང་སྲིད་ཇུས་གལ་ཆེན་རྣམ་པ་སྣ་མང་གི་ཐོག་ནས་སྤྱི་ཚོགས་ཐོག་བསམ་འཆར་བསྡུ་ལེན་བྱས་ཡོད། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་ལེགས་གྲུབ་བྱུང་བ་དང་། ཡིག་བསྐུར་ངོ་བཅར་གྱི་ལས་དོན་ལམ་ལུགས་སྒྱུར་བཅོས་བྱས་ཡོད། བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱེད་ཁོངས་ནི་མ་མཐའི་འཚོ་རྟེན་མང་ཚོགས་ནས་ཡོང་སྒོ་དམའ་བའི་མང་ཚོགས་བར་དུ་རྒྱ་སྐྱེད་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་རིགས་ཀྱི་མཐུན་ཚོགས་དང་ཚོང་ཚོགས་སོགས་སྤྱི་ཚོགས་ཀྱི་རྩ་འཛུགས་རིགས་བཞི་ཐད་ཀར་ཐོ་འགོད་ཐུབ་པ་བྱུང་ཡོད། ཉེས་གསོག་གི་བྱེད་སྒོ་སྤེལ་རིགས་ཁག་ལ་རྡུང་རྡེག་ནན་པོར་བཏང་བ་དང་། སྤྱི་ཚོགས་ཀྱི་བདེ་དོན་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས་སྲུང་སྐྱོང་བཅས་བྱས་ཡོད།

    ང་ཚོས་ཏང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོར་བྱས་པ་དང་། “སྤྱོད་ཚུལ་བཞི”ཡོ་བསྲང་རྒྱུན་འཁྱོངས་ལྷོད་མེད་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི“སྲུང་བྱ་རྣམ་གསུམ”ལག་བསྟར་ནན་པོར་བྱས་པ་དང་། སྲིད་གཞུང་གི་ངོ་བོ་ལྡན་པའི་རྒྱས་སྤྲོས་ཁང་བཟང་གི་རིགས་དང་། ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་མི་སྣའི་སྒྲིག་ཁོངས། “གཞུང་གྲོན་གསུམ”ཚོད་འཛིན་བཅས་ཕན་འབྲས་ཐོན་པར་བྱས་ཡོད། སྲིད་འཛིན་ལྟ་ཞིབ་དང་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་སྤེལ་བཏང་བ། ཁྲིམས་འགལ་ལུགས་དཀྲུག་གི་གྱོད་དོན་ཞིབ་བཤེར་ཐག་གཅོད་ནན་པོ། ཉེས་ཆད་གཅོད་དགོས་ངེས་ཀྱི་རུལ་སུངས་པ་ཁག་གཅིག་ལ་ཉེས་ཆད་བཅད་པ་བཅས་བྱས་ཡོད།

    ང་ཚོས་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་དམ་འཛིན་བྱས་ཏེ་ལྟ་བཤེར་ནན་ཏན་དང་། ཕྱོགས་གསུམ་པའི་དཔྱད་དཔོག་དང་སྤྱི་ཚོགས་ཀྱི་གདེང་འཇོག་གནང་བར་གདན་ཞུ། ཡུན་ཕན་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་ལས་དོན་ཁག་ལ་སྐུལ་སྤེལ་ནུས་ལྡན་བཏང་ཡོད།

    ལོ་གཅིག་གི་རིང་ལ། ཕྱི་འབྲེལ་ལས་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་སོགས་རྒྱལ་ཁབ་ཀྱི་དབུ་ཁྲིད་པས་རྒྱལ་ཁབ་མང་པོར་འཚམས་འདྲིར་བསྐྱོད་གནང་བ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་དང་། འབོ་གསེར་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ཐུག་འཕྲད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས། ཨེ་ཤེ་ཡ་ཤར་མའི་མཉམ་ལས་དབུ་ཁྲིད་པའི་མུ་འབྲེལ་གྲོས་ཚོགས། ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་དབུ་འདོམས་གྲོས་ཚོགས། ཏ་ཝོ་སི་གླེང་སྟེགས་སོགས་ཀྱི་བྱེད་སྒོ་གལ་ཆེན་ལ་ཞུགས་གནང་བ་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དབུ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་གཉིས་པ་དང་། ཨེ་ཤེ་ཡ་ཕན་ཚུན་རོགས་ལས་དང་ཡིད་ཆེས་ཡོང་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་ཐེངས་བཞི་པ། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་བཅས་ལམ་ལྷོང་ངང་ནས་འཚོགས་ཡོད། ཕྱོགས་མང་གི་ལམ་སྲོལ་འཛུགས་པ་དང་རྒྱལ་སྤྱིའི་སྒྲིག་སྲོལ་གཏན་ལ་འབེབས་པར་ཧུར་ཐག་ཞུགས་ཡོད། རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་བརྟན་པོའི་ངང་འཕེལ་རྒྱས་བཏང་བ་དང་། ཉེ་འཁོར་དང་ཕྱི་འབྲེལ་བྱེད་ཚུལ་ལ་རྣམ་པ་གསར་པ་ཐོན་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་ལས་བྱས་པར་གྲུབ་འབྲས་བསྐྱར་མ་ཐོབ་པ་དང་། དཔལ་འབྱོར་གྱི་ཕྱི་འབྲེལ་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་ས་རྒྱུད་དང་དུས་རབས་21པའི་མཚོ་ཐོག་དར་གོས་འགྲུལ་ལམ་སྐྲུན་པར་སྐུལ་མ་གཏོང་བ་དང་། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གྲབས་འཛུགས་བྱས་པ། དར་གོས་འགྲུལ་ལམ་གྱི་ཐེབས་རྩ་བཙུགས་ཡོད། ང་ཚོ་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་འགྲོ་འོང་མཉམ་ལས་ཇེ་དམ་དུ་འགྲོ་བཞིན་པ་དང་། རྒྱལ་སྤྱིའི་གར་སྟེགས་ཐོག་ཀྲུང་གོ་ནི་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་ཇེ་གསལ་དུ་མངོན་པར་བྱེད་བཞིན་ཡོད།

    འཐུས་མི་རྣམ་པ།

    ལོ་གཅིག་གི་རིང་ཐོབ་པའི་གྲུབ་འབྲས་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་། ཚན་རིག་དང་མཐུན་པར་ཇུས་ཐག་བཅད་པའི་འབྲས་བུ་ཡིན་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་དང་། འབད་འཐབ་ལྷོད་མེད་བྱས་པའི་འབྲས་བུ་རེད། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོའི་ཏང་ཤོག་ཁག མི་དམངས་ཀྱི་ཚོགས་པ་ཁག ལས་རིགས་ཁག་གི་མི་དྲག་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྤུན་ཟླ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་པ་དང་། སྤུན་ཟླ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་པ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་སྤུན་ཟླ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ། ཀྲུང་གོའི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་བྱ་གཞག་ལ་ཐུགས་ཁུར་དང་རོགས་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་ཡིན།

    ང་ཚོས་གྲུབ་འབྲས་མཐོང་དགོས་ལ་མདུན་སྐྱོད་ཁྲོད་ཀྱི་དཀའ་ངལ་དང་འགྲན་སློང་དེ་བས་ཀྱང་མཐོང་དགོས། མ་དངུལ་འཇོག་ཤུགས་ཞན་པ་དང་། འཛད་སྤྱོད་ཆེ་རིགས་གསར་པ་ཉུང་བ། རྒྱལ་སྤྱིའི་ཚོང་ར་ཡར་རྒྱས་དེ་ཙམ་མི་ཆེ་བ། བརྟན་པོའི་ངང་ནས་འཕར་བར་བྱེད་པའི་དཀའ་ངལ་ཆེ་རུ་ཕྱིན་པ། ཁྱབ་ཁོངས་འགའ་ཤས་སུ་གཏིང་གི་ཉམས་ཉེན་སྔར་བཞིན་གནས་ཡོད། བཟོ་ལས་ཐོན་རྫས་ཀྱི་རིན་གོང་མུ་མཐུད་ཆག་པ་དང་། ཐོན་སྐྱེད་རྒྱུ་རྐྱེན་གྱི་མ་གནས་ཆེ་རུ་ཕྱིན་པ། ཁེ་ལས་ཆུང་ཕྲན་གྱི་མ་དངུལ་འདུ་འཁོར་དཀའ་ཞིང་མ་དངུལ་འདུ་འཁོར་གྱི་གནས་ཐང་ཆེ་བའི་དཀའ་ངལ་མངོན་གསལ་དོད་པ། ཁེ་ལས་ཁ་ཤས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དཀའ་ངལ་ཆེ་བ་བཅས་ཡིན། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྔར་བཞིན་རགས་པ་ཡིན་པ་དང་། གསར་གཏོད་ཀྱི་ནུས་པ་མི་འདང་བ། ཐོན་ནུས་ལྷག་ཐལ་ཆེ་བའི་གནད་དོན་འབུར་དུ་ཐོན་པ། ཞིང་ལས་ཀྱི་རྨང་གཞི་ཞན་པ་བཅས་ཡིན། མང་ཚོགས་སྨན་བཅོས་དང་། རྒན་གསོ། སྡོད་ཁང་། འགྲིམ་འགྲུལ། སློབ་གསོ། ཡོང་སྒོ་བགོ་བཤའ། བཟའ་བཏུང་བདེ་འཇགས།  སྤྱི་ཚོགས་ཀྱི་བདེ་སྐྱོང་སོགས་པར་ཡིད་མི་ཚིམ་པའི་ཕྱོགས་སྔར་བཞིན་མི་ཉུང་བ་ཡོད། ས་ཁུལ་ཁ་ཤས་སུ་ཁོར་ཡུག་སྦགས་བཙོག་ཚབས་ཆེ་བ་དང་། བདེ་འཇགས་ཐད་ཀྱི་དོན་རྐྱེན་ཆེན་པོ་ཡང་ཡང་འབྱུང་བཞིན་ཡོད། སྲིད་གཞུང་གི་ལས་དོན་ལ་མི་འདང་ས་ཡོད་དེ། སྲིད་ཇུས་དང་བྱེད་ཐབས་འགའ་ཤས་དོན་ཐོག་ཏུ་འཁྱོལ་ཐུབ་ཀྱི་མེད། སྲིད་གཞུང་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཉུང་ཤས་ཀྱིས་རྙོག་ལས་བྱེད་པ་དང་། རུལ་སུངས་ཀྱི་གནད་དོན་ཁ་ཤས་མཐོང་བ་ཙམ་གྱིས་ཧང་སངས་འོས་པ། འགའ་ཞིག་གིས་དཔོན་པོ་ཡིན་རུང་དཔོན་ལས་མི་བྱེད་པ་དང་། གོ་གནས་བཟུང་རུང་སྲིད་དོན་མི་སྐྱོང་བ། བསྒྲུབ་དགོས་པའི་དོན་དག་སྒྲུབ་ཀྱི་མེད་པ་རེད། ང་ཚོས་གནད་དོན་ལ་ཁ་གཏད་འཇལ་བ་དང་། བདེ་སྡོད་ཉེན་བསམས་དང་སྐྱིད་དུས་སྡུག་པོ་དྲན་ནས་འགན་འཁུར་ཕོད་པར་བྱས་ཏེ་ལོ་རྒྱུས་ཀྱི་ལས་འགན་ལ་ངོ་མི་གནོང་བ་དང་། མི་དམངས་ཀྱི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་འགྲོ་བར་བྱེད་དགོས། 

    གཉིས། 2015ལོའི་ལས་དོན་སྤྱི་ཡོངས་ཀྱི་བཀོད་པ།

    རང་རྒྱལ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་མ་ཟད་ད་དུང་ཡུན་རིང་གནས་རྒྱུ་རེད། འཕེལ་རྒྱས་ནི་འགྱུར་མེད་ཀྱི་གནས་ལུགས་ཡིན་པ་དང་། གནད་དོན་ཐམས་ཅད་ཐག་གཅོད་པའི་རྨང་གཞི་དང་འགག་རྩ་ཡིན། འགལ་ཟླ་དང་ཉེན་ཁ་སྣ་ཚོགས་སེལ་ནས“ཡོང་འབབ་འབྲིང་རིམ་གྱི་རྒྱ་རྙི”ལས་བརྒལ་ཏེ་དེང་རབས་ཅན་དུ་མངོན་འགྱུར་བྱེད་ན། རྩ་བ་ནི་འཕེལ་རྒྱས་ལ་བརྟེན་རྒྱུ་དང་། འཕེལ་རྒྱས་གཏོང་བར་ངེས་པར་ཚུལ་དང་མཐུན་པའི་གོང་སྤེལ་གྱི་མྱུར་ཚད་ལྡན་དགོས་པ་ཡིན། དུས་མཚུངས་སུ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་ཡོད་ཅིང་། རི་འཛེག་ལུང་བརྒལ་དང་དཀའ་གནད་སྒྲོལ་བའི་འགག་རྩར་སླེབས་ཡོད། སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་དང་གྲུབ་ཚུལ་རང་བཞིན་གྱི་འགལ་ཟླ་ནི“འགོག་རྐྱེན”དུ་གྱུར་པས། སྒྱུར་བཅོས་ཟབ་སྤེལ་དང་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་མ་བྱས་ན་བརྟན་པོ་དང་རྒྱུན་མཐུད་སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་ཐབས་བྲལ། ང་ཚོས་དཔལ་འབྱོར་འཛུགས་སྐྲུན་ལྟེ་གནས་སུ་འཛིན་རྒྱུ་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་གཏོང་བའི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་འདི་དམ་འཛིན་ཏན་ཏིག་བྱེད་དགོས། སྒྱུར་བཅོས་བྱེད་པར་བརྟེན་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡོང་བ་ངེས་པར་རྒྱུན་འཁྱོངས་ལྷོད་མེད་དང་། དཔལ་འབྱོར་སྤེལ་སྟངས་གང་མྱུར་སྒྱུར་ཏེ་སྤུས་ཚད་ལེགས་ཤིང་ཕན་འབྲས་ལྡན་པ་དང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས།

    དེང་སྐབས། འཛམ་གླིང་གི་དཔལ་འབྱོར་ལེགས་སྒྲིག་གཏིང་ཟབ་བྱེད་སྒང་ཡིན་ཞིང་། སླར་གསོའི་སྒུལ་ཤུགས་མི་འདང་བ་དང་། ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཇེ་ཆེར་སོང་བ། ངེས་གཏན་མེད་པའི་རྒྱུ་རྐྱེན་ཇེ་མང་དུ་སོང་བ། འཕེལ་རྒྱས་ཡོང་བར་བྱེད་པ་དང་། ལས་ཞུགས་ཇེ་མང་། གྲུབ་ཚུལ་ལེགས་སྒྲིག་བཅས་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད། རང་རྒྱལ་གྱི་དཔལ་འབྱོར་ཉམས་སྐྱོན་བྱུང་དོགས་སྔར་བཞིན་ཆེ་རུ་འགྲོ་བ་དང་། འཕེལ་རྒྱས་གཏོང་རིམ་དུ་རྟིང་རྩའི་འགལ་བ་མངོན་གསལ་དོད་པོ་ཡོད། ད་ལོའི་དཀའ་ངལ་ནི་ན་ནིང་ལས་ཆེ་བ་ཐུག་སྲིད། དུས་མཚུངས་སུ་རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བཞིན་མདུན་ལམ་ཆེན་པོ་ལྡན་པའི་འཐབ་ཇུས་ཀྱི་གོ་སྐབས་ཆེན་པོར་གནས་ཤིང་། གཏིང་ཤུགས་དང་། སེམས་ཤུགས། བསམ་བློ་གཏོང་གཞི་བཅས་ཆེན་པོ་ཡོད། བཟོ་ལས་ཅན་དཔེ་གསར་དང་། ཆ་འཕྲིན་ཅན་དཔེ་གསར། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར། ཞིང་ལས་དེང་རབས་ཅན་དཔེ་གསར་བཅས་བསྟུད་མར་སྐུལ་སྤེལ་གཏོང་བ་དང་། འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བཟང་དང་སྒྱུར་བཅོས་ཀྱི་དངོས་ཕན་ཐོན་བཞིན་པའི་སྒང་ཡིན་ལ། སྤྱི་ཁོག་སྙོམས་སྒྲིག་གི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད། ང་ཚོས་ངེས་པར་དུ་སྡུག་འབྱུང་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། རྣམ་པར་རྒྱལ་ངེས་ཀྱི་ཡིད་ཆེས་བརྟན་པོར་བཅངས་ཏེ་འཕེལ་རྒྱས་ཀྱི་རང་དབང་དམ་པོར་འཛིན་དགོས། 

    ལོ་གསར་པ་ནི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པའི་འགག་རྩའི་ལོ་ཡིན་པ་དང་། རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལོ་དང་པོ་ཡིན་ལ། འཕེལ་རྒྱས་བརྟན་པོར་ཡོང་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་གནད་འགག་ཆེ་བའི་ལོའང་ཡིན་པས། སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། “སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་མ་སྐུལ་དང་ལེན་གྱིས་བསྟུན་ཞིང་དེའི་སྣེ་ཁྲིད། བརྟན་པོའི་ངང་འཕེལ་རྒྱས་ལ་བརྩོན་པའི་ལས་ཀའི་ནང་དོན་ལྟེ་བ་རྒྱུན་འཁྱོངས། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་རྒྱུན་འཁྱོངས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་གང་ཐུབ། སྤེལ་སྟངས་སྒྱུར་ཞིང་གྲུབ་ཚུལ་ལེགས་སྒྲིག་བྱེད་རྒྱུ་སྔར་ལས་གལ་ཆེན་གྱི་གནས་སུ་འཇོག་པ། སྒྱུར་བཅོས་འགག་སྒྲོལ་དམ་འཛིན་དང་གསར་གཏོད་ཀྱི་སྒུལ་ཤུགས་འབུར་དུ་ཐོན་པ། ཉམས་ཉེན་ལ་དོགས་ཟོན་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་འཚོའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། སྒྱུར་འཕེལ་བརྟན་གསུམ་གྱི་འབྲེལ་བ་ཐག་གཅོད་གང་ལེགས། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྱོང་། སྐྱེ་ཁམས་དཔལ་ཡོན་གསོ་སྐྱོང་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད། དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་སྤེལ་བཅས་བྱ་རྒྱུ་དེ་ཡིན། 

    ང་ཚོས་སྤྱིའི་བླང་བྱ་ཁོང་དུ་ལེགས་པོར་ཆུད་པར་བྱས་ཏེ། དཔལ་འབྱོར་སྤེལ་བའི་མྱུར་ཚད་འབྲིང་མཐོ་དང་ཆུ་ཚད་འབྲིང་རིམ་དང་མཐོ་རིམ་དུ་སྐྱོད་པའི“དམིགས་ཚད་གཉིས”མངོན་འགྱུར་ཡོང་བར་དམིགས་ནས། སྲིད་ཇུས་བརྟན་པོ་དང་སྔོན་དཔག་འགྱུར་མེད་ཡོང་བ་དང་སྒྱུར་བཅོས་ལ་སྐུལ་འདེད་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་ལས་ལམ་གསར་འབྱེད་དང་དམངས་ཀྱིས་གསར་གཏོད་བྱེད་པ་དང་སྤྱི་པའི་ཐོན་རྫས་དང་སྤྱི་པའི་ཞབས་ཞུ་ཇེ་མང་དུ་གཏོང་བའི“སྒུལ་བྱེད་འཕྲུལ་འཁོར་གཉིས”གསར་སྐྲུན་བྱས་ཐོག་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་དལ་དུ་མི་འགྲོ་བ་དང་གྲངས་ཚད་འཕར་ཞིང་སྤུས་ཚད་སྔར་ལས་ལེགས་པོ་ཡོང་བར་བྱས་ཏེ་ཀྲུང་གོའི་དཔལ་འབྱོར་སྤུས་ལེགས་ཕན་ཆེ་རིམ་འཕར་བཅས་ཡོང་བར་བྱེད་དགོས།

    ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ་7ཡས་མས་འཕར་རྒྱུ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་བརྒྱ་ཆ་3ཡས་མས་འཕར་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀར་ཞུགས་མི་ཁྲི་1000ཡན་འཕར་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆ་4.5ནང་ཚོད་འཛིན་བྱེད་རྒྱུ། ཕྱིར་གཏོང་ནང་འདྲེན་བརྒྱ་ཆ་6ཡས་མས་འཕར་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ། གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་མཉམ་པ་བཅས་བྱེད་རྒྱུ་རེད། ནུས་གྲོན་ཟད་ཚད་བརྒྱ་ཆ་3.1ཡན་ཆག་པ་དང་། སྦགས་བཙོག་གི་དངོས་པོ་གཙོ་བོ་འབུད་ཚད་མུ་མཐུད་ཆག་པར་བྱེད་དགོས།དཔལ་འབྱོར་འཕར་ཚད་བརྒྱ་ཆ་7ཡས་མས་སུ་སྔོན་དཔག་བྱས་པར་དགོས་མཁོ་དང་ནུས་ཚོད་ལ་བསམ་བློ་བཏང་ཡོད་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་དམིགས་འབེན་དང་འབྲེལ་མཐུད་བྱས་ཡོད་པ་དང་། དཔལ་འབྱོར་བསྡོམས་འབོར་རྒྱ་སྐྱེད་དང་གྲུབ་ཚུལ་རིམ་པ་སྤོར་བའི་དགོས་མཁོ་དང་མཐུན་པས། འཕེལ་རྒྱས་ཆོས་ཉིད་དང་མཐུན་པ་དང་། ཕྱི་རོལ་ཡུལ་གྱི་དོན་དངོས་དང་མཐུན་ཡོད། འདི་ལྟ་བུའི་མགྱོགས་ཚད་ཀྱི་ཐོག་ནས་དུས་ཡུན་རིང་ཙམ་ཞིག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཚེ། དེང་རབས་ཅན་དུ་མངོན་འགྱུར་ཡོང་བའི་དངོས་པོའི་རྨང་གཞི་སྔར་ལས་གྱ་ནོམ་པ་ཡོང་ཐུབ། འཕར་ཚད་བརྟན་པོ་ཡོང་བར་བྱེད་པའང་ལས་ཞུགས་ལ་ཁག་ཐེག་བྱེད་ཆེད་ཡིན་ལ། ཞབས་ཞུའི་ལས་རིགས་ཀྱི་བསྡུར་ཚད་འཕར་བ་དང་། ཁེ་ལས་ཆུང་ཕྲན་ཇེ་མང་དང་དཔལ་འབྱོར་དངོས་ཚན་ཇེ་མང་དུ་སོང་བ་དང་བསྟུན་ནས་བརྒྱ་ཆ་7ཡས་མས་འཕར་བའི་མྱུར་ཚད་ཀྱིས་ལས་ཞུགས་གང་ལེགས་མངོན་འགྱུར་ཡོང་ཐུབ། ས་ཁུལ་ཁག་གིས་དོན་དངོས་དང་བསྟུན་ནས་ཡར་རྒྱས་བརྩོན་ལེན་དང་། གཏིང་གི་ནུས་ཤུགས་འདོན་སྤེལ་བྱས་ཏེ་གྲུབ་འབྲས་སྔར་ལས་ལེགས་པོ་བརྩོན་ལེན་བྱེད་དགོས།

    ད་ལོའི་སྲིད་གཞུང་གི་ལས་དོན་ལེགས་པོར་འགྲུབ་དགོས་ན། གཤམ་གསལ་ཁག་གསུམ་ཁོང་དུ་ཡག་པོ་ཆུད་པར་བྱེད་དགོས།

    དང་པོ། སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་བརྟན་པོ་དང་འཐུས་ཚང་ཡོང་བར་བྱེད་རྒྱུ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས། སྔོན་གྱི་ལེགས་སྒྲིག་དང་ལེགས་སྒྲིག་ཅུང་ཙམ་བྱེད་པར་དོ་སྣང་ཇེ་ཆེ་དང་། ཁ་ཕྱོགས་གཏན་འཁེལ་གྱིས་སྙོམས་སྒྲིག་ལ་དོ་སྣང་བྱེད་རྒྱུ། འཕར་བ་བཀོལ་སྤྱོད་ལེགས་པོ་དང་གསོག་ཐེབས་ཕན་སྒྱུར་བྱེད་ཅིང་། ལྷུ་ཚིགས་ཞན་ས་གཙོ་གནད་དུ་བཟུང་སྟེ་རྒྱབ་སྐྱོར་བྱེད་རྒྱུ། བྱེ་བྲག་གི་གསོན་ཤུགས་ལ་བརྟེན་ནས་སྤྱི་ཁོག་བརྟན་པོ་ཡོང་བའི་འདེགས་སྐྱོར་དང་། མཁོ་སྤྲོད་གསར་གཏོད་ལ་བརྟེན་ནས་དགོས་མཁོ་རྒྱ་སྐྱེད་པར་སྐུལ་ཁྲིད། གྲུབ་ཚུལ་ལེགས་སྒྲིག་བྱེད་པར་བརྟེན་ནས་བསྡོམས་འབོར་དོ་མཉམ་ཡོང་བར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་འཁོར་སྐྱོད་བར་ཁོངས་ཚུལ་མཐུན་དུ་འགན་ལེན་བྱེད་དགོས།

    དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ཏེ་ཕན་ནུས་ཇེ་ཆེར་གཏོང་རྒྱུ། ད་ལོར་ནོར་སྲིད་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་1.62བཀོད་སྒྲིག་བྱེད་རྩིས་བྱས་ནས་ན་ནིང་ལས་སྒོར་དུང་ཕྱུར་2700འཕར་རྒྱུ་རེད། མཚལ་ཡིག་གི་ཚད་གྲངས་ན་ནིང་གི་བརྒྱ་ཆ་2.1ནས་བརྒྱ་ཆ་2.3བར་ཇེ་མཐོར་བཏང་ཡོད། དེའི་ནང་། ཀྲུང་དབྱང་ནོར་སྲིད་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་1.12ཡིན་པ་དེ་ན་ནིང་ལས་སྒོར་དུང་ཕྱུར་1700འཕར་ཡོད། ས་གནས་ཀྱི་ནོར་སྲིད་མཚལ་ཡིག་སྒོར་དུང་ཕྱུར་5000ཡིན་པས་སྒོར་དུང་ཕྱུར་1000འཕར་ཡོད། བུན་དོན་དོ་དམ་དང་འཕེལ་རྒྱས་བརྟན་པོ་ཡོང་བའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ས་གནས་སྲིད་གཞུང་གི་བུན་ལོན་གཡར་ནས་མ་དངུལ་འདུ་འཁོར་བྱེད་པའི་ལམ་སྲོལ་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཆེད་དམིགས་བུན་འཛིན་འོས་འཚམ་བཀྲམས་ནས་ཆ་རྐྱེན་དང་མཐུན་པའི་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཀྱི་མཇུག་མཐུད་མ་དངུལ་འདུ་འཁོར་འགན་སྲུང་ཐུབ་པར་བྱེད་ཅིང་། རྟིང་རྩའི་ཉེན་ཁ་འབྱུང་གཞི་སྔོན་འགོག་དང་སེལ་ཐབས་བྱེད་རྒྱུ། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཚུལ་ལེགས་འགྱུར་དང་བསགས་དངུལ་ཕན་སྒྱུར་ཤུགས་ཆེན་བྱས་ནས་བེད་སྤྱོད་བྱེད་ཚད་ཆེ་རུ་གཏོང་རྒྱུ། གྲུབ་ཚུལ་རང་བཞིན་གྱི་དཔྱ་ཁྲལ་གཅོག་པ་དང་འགྲོ་གྲོན་ཡོངས་ཁྱབ་ཏུ་གཅོག་ཐབས་མུ་མཐུད་བྱས་ནས། ཁེ་ལས་སྤྱི་དང་ལྷག་པར་དུ་ཁེ་ལས་ཆུང་ཕྲན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས།

    གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་དམ་ལྷོད་འཚམ་པོ་ཡོང་བར་བྱེད་རྒྱུ། ཁྱབ་ཆེའི་དངུལ་ལོར་M2སྔོན་དཔག་བྱས་ན་བརྒྱ་ཆ་12ཡས་མས་འཕར་རྒྱུ་ཡིན་ཞིང་། ལག་ལེན་དངོས་ཀྱི་ཁྲོད་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དགོས་མཁོར་གཞིགས་ཏེ་དེ་ལས་མང་ཙམ་བྱས་ན་ཆོག སྤྱི་ཁོག་དོ་དམ་གཟབ་ནན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱས་ནས། ཚོང་རའི་ཡོང་བསྒྲགས་ཀྱི་བྱེད་སྟངས་དང་། ཁེ་སྤོགས། བཅོལ་དངུལ་གྲབས་འཇོག་བྱེད་ཚད། དངུལ་བུན་བསྐྱར་མ་སོགས་པའི་དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་སྟབས་བསྟུན་གྱིས་སྤྱད་དེ་དངུལ་ལོར་གྱི་ཡིད་རྟོན་དངུལ་བུན་དང་སྤྱི་ཚོགས་མ་དངུལ་འདུ་འཁོར་བྱེད་ཁྱོན་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་བྱེད་རྒྱུ། མ་དངུལ་འཁོར་སྐྱོད་བྱེད་ཚད་མགྱོགས་སུ་གཏོང་བ་དང་ཡིད་རྟོན་དངུལ་བུན་གྱི་གྲུབ་ཚུལ་ལེགས་སྒྱུར། མ་དངུལ་འདུ་འཁོར་ཐད་ཀར་བྱེད་པའི་བསྡུར་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ཀྱི་མ་དངུལ་འདུ་འཁོར་གྱི་མ་གནས་གཅོག་པ་བཅས་བྱས་ཏེ་དངུལ་རྩའི་ཆུ་རྒྱུན་སྔར་ལས་མང་པོ་དངོས་གཞིའི་དཔལ་འབྱོར་ཕྱོགས་སུ་བཞུར་དུ་འཇུག་དགོས།

    གཉིས་པ། འཕར་སྣོན་བརྟན་པོ་དང་གྲུབ་ཚུལ་ལེགས་སྒྲིག་དོ་མཉམ་རྒྱུན་འཁྱོངས་པ་བྱེད་རྒྱུ། རང་རྒྱལ་གྱི་འཕེལ་རྒྱས་ལ“དུས་གསུམ་ལྷན་འདུས”ཀྱི་འགལ་བ་འཕྲད་ཡོད་ཅིང་། ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་ཇེ་ཆེ་དང་། ངལ་རྩོལ་ནུས་ཤུགས་སོགས་པའི་རྒྱུ་རྐྱེན་གཙོ་བོའི་མ་གནས་ཆེ་རུ་ཕྱིན་པ། འཇོག་བྱ་མང་གཏོང་དང་། ཟད་གྲོན་ཆེ་བ། གྲངས་འབོར་འཕེལ་བར་བསྟུན་ཆེ་བ་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་ཀྱིས་ཉི་མ་འཁྱོལ་དཀའ་བས། དཔལ་འབྱོར་བརྟན་པོའི་ངང་འཕེལ་བར་བྱེད་སྐབས་ངེས་པར་དུ་གྲུབ་ཚུལ་བཟང་པོར་འགྱུར་དགོས། མྱུར་ཚད་བརྟན་པོ་ཡོང་བར་བྱས་ཏེ། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བའི་འགན་ལེན་དང་། གྲོང་མིའི་ལས་ཞུགས་དང་ཡོང་སྒོ་བསྟུད་མར་འཕར་བའི་འགན་ལེན་བྱས་ཏེ་གྲུབ་ཚུལ་ལེགས་སྒྲིག་དང་སྤེལ་སྟངས་བསྒྱུར་བར་མཐུན་རྐྱེན་བསྐྲུན་དགོས་ལ། གྲུབ་ཚུལ་ལེགས་སྒྲིག་དང་བརྟན་པོའི་ངང་ནས་འཕར་བའི་རྨང་གཞིའང་བརྟན་པོར་འདིང་དགོས། ཞིབ་འཇུག་གསར་གཏོད་ཀྱི་མ་དངུལ་འཇོག་ཚད་ཇེ་མང་དུ་གཏོང་བ་དང་། དགོས་ངེས་ཀྱི་ཐོན་སྐྱེད་བྱེད་ཚད་མང་དུ་གཏོང་བ། སྤུས་ཚད་དང་། ཚད་གཞི། ཐོན་རྫས་གྲགས་ཅན་བཅས་བཟོ་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་དང་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་ཐོན་ལས་གསར་པའི་བསྡུར་ཚད་མཐོ་རུ་འགྲོ་བ་དང་ཆུ་ཚད་མཐོ་རུ་འགྲོ་བར་བྱེད་རྒྱུ། དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་ཆགས་སྟངས་ལེགས་འགྱུར་བྱེད་པ་དང་། འཕར་གཞི་གསར་པ་དང་འཕར་གནས་གསར་པ་སྐྱེད་བསྲིང་གང་མགྱོགས་བྱས་ཏེ་འཕེལ་རྒྱས་ཁྲོད་རིམ་འཕར་དང་རིམ་སྤར་ཁྲོད་འཕེལ་རྒྱས་ཡོང་བར་བྱེད་དགོས།

    གསུམ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གསར་པ་གསོ་སྐྱོང་དང་སྐྱེ་རུ་འཇུག་རྒྱུ། དེང་སྐབས་དཔལ་འབྱོར་འཕར་སྣོན་ཡོང་བའི་སྲོལ་རྒྱུན་གྱི་སྒུལ་ཤུགས་ཇེ་ཞན་དུ་གྱུར་པས། གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་བྱེད་ཤུགས་ངེས་པར་ཆེ་རུ་གཏོང་རྒྱུ་དང་། གསར་གཏོད་སྐུལ་ཤུགས་ལྡན་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་གང་མྱུར་དང་། གསར་གཏོད་སྐུལ་ཤུགས་ལྡན་པའི་རྒྱུན་སྲོལ་འཕྲུལ་འཁོར་བསྒྱུར་བཀོད་བྱས་ཏེ་གསར་རྐྱང་སྐྲུན་རྒྱུ། ཕྱོགས་གཅིག་ནས་སྤྱི་པའི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་ཇེ་མང་དུ་གཏོང་རྒྱུ། སྲིད་གཞུང་གིས་སློབ་གསོ་དང་འཕྲོད་བསྟེན་སོགས་ལ་འཇོག་བྱ་ཇེ་མང་དུ་གཏོང་བ་དང་། སྤྱི་ཚོགས་དེའི་ནང་ཞུགས་པར་སྐུལ་འདེད་བཏང་ནས་མཁོ་སྤྲོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུ། དེ་འདྲ་བྱས་ན་ཆད་པ་ཁ་གསབ་དང་དམངས་འཚོར་ཕན་འདོགས་ཐུབ་ལ། དགོས་མཁོ་རྒྱ་སྐྱེད་དང་འཕེལ་རྒྱས་འགྲོ་བ་བྱེད་པར་ཡང་ཕན་ཐོགས་ཡོད། ཕྱོགས་གཞན་ཞིག་ནས་དམངས་ཀྱིས་ལས་ལམ་གསར་འབྱེད་དང་མང་ཚོགས་ཀྱིས་གསར་དུ་གཏོད་པར་སྐུལ་འདེད་གཏོང་དགོས། འདིས་ལས་ཞུགས་རྒྱ་སྐྱེད་དང་། གྲོང་མིའི་ཡོང་སྒོ་ཇེ་མང་དུ་འགྲོ་བར་བྱེད་ཐུབ་ལ། སྤྱི་ཚོགས་གོང་ནས་འོག་ཏུ་འཁོར་སྐྱོད་དང་དྲང་སྙོམས་དྲང་བདེན་ཡོང་བ་བྱེད་པར་ཡང་ཕན་ཐོགས་ཡོད། རང་རྒྱལ་ལ་མི་གྲངས་དུང་ཕྱུར་13དང་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་མི་གྲངས་དུང་ཕྱུར་9ཡོད། མི་དམངས་ལས་ལ་བརྩོན་ཞིང་བློ་རིག་བཀྲ་བས་གསར་གཏོད་ཀྱི་ནུས་པ་རྫོགས་མཐའ་བྲལ་བ་ཡོད་ཅིང་། ཚོང་རའི་ཕྲ་ཕུང་ཁྲི་སྟོང་མང་པོ་འཁྲུག་པོར་གྱུར་ཚེ་འཕེལ་རྒྱས་ཀྱི་རང་སྟོབས་ཧ་ཆང་ཆེན་པོར་འགྲིལ་ངེས་ཡིན་པ་དང་། དཔལ་འབྱོར་ཉམས་ཆག་གི་གནོན་ཤུགས་ཐེག་ཐུབ་སྟེ་ཀྲུང་གོའི་དཔལ་འབྱོར་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་རྒྱས་ངེས་རེད། སྲིད་གཞུང་གིས་རང་ངོས་གསར་བརྗེ་ཕོད་པར་བྱས་ཏེ་ཚོང་ར་དང་སྤྱི་ཚོགས་ལ་བར་སྟོང་འདང་ངེས་འཇོག་དགོས་པ་དང་། འདྲ་མཉམ་གྱི་འགྲན་སློང་ལ་གར་སྟེགས་བསྐྲུན་དགོས། མི་སྒེར་དང་ཁེ་ལས་ཀྱིས་ལས་ལམ་གསར་འབྱེད་དང་གསར་གཏོད་ཕོད་པར་བྱེད་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ལས་རིགས་གསར་གཏོད་དང་རིག་གནས་གསར་གཏོད་ཚད་མེད་བྱས་ཏེ་མི་རྣམས་ལ་རྒྱུ་ནོར་སྐྲུན་རིམ་དུ་བསམ་པའི་འཚོལ་སྙེག་དང་རང་ངོས་ཀྱི་རིན་ཐང་སྔར་ལས་ལྷག་པ་མངོན་འགྱུར་བྱེད་དུ་འཇུག་དགོས། ད་ལོ་ནི“ལོ་ལྔ་ཚན་བཅུ་གཉིས་པ”མཇུག་བསྡུའི་ལོ་ཡིན་པས། ང་ཚོས“ལོ་ལྔ་ཚན་བཅུ་གཉིས་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་གྱི་ལས་འགན་གཙོ་བོ་ལེགས་གྲུབ་བྱེད་རྒྱུ་དང་དུས་མཚུངས་བསྒྱུར་བཅོས་ཀྱི་སྙིང་སྟོབས་དང་། གསར་གཏོད་ཀྱི་འདུ་ཤེས། ཚན་རིག་དང་མཐུན་པའི་ཐབས་ཤེས་བཅས་ལ་བརྟེན་ནས“ལོ་ལྔ་ཚན་བཅུ་སུམ་པའི”འཆར་འགོད་ཀྱི་རྩ་གནད་བཟོ་འགོད་ཀྱི་ལས་དོན་ཡག་པོར་བསྒྲུབས་ཏེ་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་ཡག་པོར་འགོད་དགོས།

    གསུམ། སྒྱུར་བཅོས་སྒོ་དབྱེ་ཏན་ཏིག་ངང་ནས་གཏིང་ཟབ་ཏུ་བྱེད་རྒྱུ། 

    སྒྱུར་བཅོས་སྒོ་དབྱེ་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བྱེད་ཀྱི་ཐབས་མཆོག་ཡིན་པས། ངེས་པར་དུ་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་གཙོ་གནད་དུ་འཛིན་པའི་ཁྱོན་ཡོངས་ཀྱི་སྒྱུར་བཅོས་ཟབ་སྤེལ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག དམ་པ་དོན་གཉེར། སྒྱུར་བཅོས་ཁྱོན་ཡོངས་ལ་སྐུལ་སྤེལ་ཐེབས་པར་བྱེད་པའི་ཐད་འགག་གནད་བསྐྱར་མ་སྒྲོལ་བ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱ་དགོས།

    ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་དང་། གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ད་ལོར་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་དག་ཁག་ཅིག་སྔར་བཞིན་མེད་པར་བཟོ་བའམ་གཤམ་སྤྲོད་བྱེད་པ་དང་། སྲིད་འཛིན་གྱི་ཆོག་འཐུས་ཞིབ་མཆན་མ་ཡིན་པ་ཚང་མ་མེད་པར་བཟོས་ཏེ། སྲིད་འཛིན་ཞིབ་མཆན་འགོད་པའི་དོ་དམ་ལམ་ལུགས་ཚད་ལྡན་འཛུགས་པ་དང་། ཚོང་དོན་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ། མ་རྩ་ཐོ་རུ་འགོད་ལུགས་སྟབས་ཇེ་བདེར་བཏང་ནས་རིམ་བཞིན་“དཔང་ཡིག་ཁག་གསུམ་གཅིག་འཐུས”ཡོང་བར་བྱེད་རྒྱུ། མཚམས་སྦྱོར་ཞབས་ཞུ་གཙང་བཤེར་དང་ཚད་ལྡན་བཟོ་རྒྱུ། ཚོང་རར་བཅུག་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོ་བཟོ་བ་དང་། ཞིང་ཆེན་རིམ་པའི་སྲིད་གཞུང་གི་དབང་ཆ་གསལ་ཐོ་དང་འགན་འཁྲི་གསལ་ཐོ་ཡོངས་བསྒྲགས་བྱས་ནས། ཁྲིམས་ཀྱིས་དབང་མ་བསྐུར་ན་སྒྲུབ་མི་ཆོག་པ་དང་ཁྲིམས་བཀོད་འགན་འཁྲི་ངེས་པར་བསྒྲུབ་གང་ཐུབ་ཏན་ཏིག་བྱེད་རྒྱུ། ས་གནས་སྲིད་གཞུང་གིས་ཚོང་ར་དང་སྤྱི་ཚོགས་ལ་སྤྲོད་དགོས་པའི་དབང་ཆ་ཡིན་ཕྱིན་མཐར་ཕྱིན་པར་སྤྲོད་པ་ལས་བཀག་ཉར་མི་བྱེད་པ་དང་། གོང་རིམ་ནས་སྤྲད་པའི་ཞིབ་མཆན་འགོད་པའི་དོན་དག་དང་ལེན་ཐུབ་པ་དང་། དོ་དམ་ཡག་པོར་བྱེད་རྒྱུ། དོན་དག་སྒྲུབ་རིང་དང་བསྒྲུབས་རྗེས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་དང་སྤྱི་ཚོགས་ལ་དྲ་རྒྱ་གཅིག་གིས་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་པར་སྐུལ་འདེད་དང་། རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཨང་ཚབ་ལམ་ལུགས་དང་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་བརྗེ་རེས་བྱེད་གནས་བཙུགས་ཏེ། ཁེ་ལས་དང་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཁྲིམས་མཐུན་ལྟར་སྲུང་སྐྱོབ་བྱེད་རྒྱུ། སྲིད་གཞུང་ཁུ་བསྡུ་གནད་ལུགས་དམ་པ་ཡིན། དབང་ཆ་ཡོད་ཀྱང་རང་ཤེད་ཆེ་མི་རུང་། སྲིད་གཞུང་རིམ་པ་ཁག་ཚང་མས་སྲིད་གཞུང་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། འགན་ནུས་བསྒྱུར་བར་སྐུལ་སྤེལ་ནུས་ལྡན་གཏོང་བ་བཅས་ཀྱི་ལམ་སྲོལ་བཙུགས་ནས་ཁེ་ལས་ཀྱི་འཆིང་ཐག་བཀྲོལ་ཏེ་ཁེ་ལས་ལ་སྟབས་བདེ་ཡོང་བར་བྱེད་པ་དང་། འགྲན་རྩོད་དྲང་གཞག་གི་ཁོར་ཡུག་བསྐྲུན་རྒྱུ། སྲིད་འཛིན་ཞིབ་མཆན་འགོད་པའི་དོན་དག་ཚང་མ་གོ་རིམ་སྟབས་བདེ་བཟོ་བ་དང་དུས་མཚམས་གསལ་པོ་བཟོས་ནས། སྲིད་གཞུང་གི་དབང་ཆའི་“འཕྲི་རྩིས་”ལ་བརྟེན་ནས་ཚོང་ར་འཁྲུག་པོར་བཟོ་བའི་“སྒྱུར་རྩིས་”སུ་བསྒྱུར་ཐབས་བྱེད་དགོས།

    སྣེ་མང་མཉམ་འཛིན་གྱིས་མ་དངུལ་འཇོག་འདུའི་སྒྲིག་སྲོལ་སྒྱུར་བཅོས་བྱེད་རྒྱུ། སྲིད་གཞུང་གིས་ཞིབ་དཔྱད་ཆོག་མཆན་འགོད་བྱའི་མ་དངུལ་འཇོག་པའི་ལས་གཞིའི་ཁྱབ་ཁོངས་ཚད་མཐོན་པོས་ཉུང་དུ་བཏང་སྟེ། ཞིབ་དཔྱད་ཆོག་མཆན་འགོད་དབང་གཤམ་དུ་སྤྲོད་པ་དང་། མ་དངུལ་འཇོག་པའི་ལས་གཞིའི་སྔོན་གྱི་ཞིབ་མཆན་འགོད་རིགས་ཇེ་ཉུང་དུ་གཏོང་རྒྱུ། ལས་གཞིར་ཞིབ་དཔྱད་ཆོག་མཆན་འགོད་རིགས་དྲ་ཐོག་ལ་ཡུག་ཏུ་སྦྲེལ་རྒྱུ། དམངས་ཁྲོད་ཀྱི་མ་དངུལ་འཇོག་པའི་ཚོང་རར་འཇུག་འཐུས་ལྷུག་ཏུ་ཆེས་ཆེར་བཏང་སྟེ་སྤྱི་ཚོགས་ཀྱི་མ་རྩས་རྐང་དབང་གི་མ་རྩ་འཇོག་པའི་ཐེབས་རྩ་འཛུགས་པར་བསྔགས་སྐུལ་བྱེད་རྒྱུ། སྲིད་གཞུང་གིས་མ་དངུལ་འཇོག་མཁན་ལ་ཁ་གསབ་སྤྲོད་པ་དང་། མ་རྩའི་དངུལ་སྣོན་པ། ཐེབས་རྩ་འཛུགས་པ་སོགས་པའི་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་མ་རྩ་ལས་གཞི་གལ་ཆེན་ལ་འཇོག་པའི་སྣེ་ཁྲིད་བྱེད་རྒྱུ། ལྕགས་ལམ་འཕེལ་རྒྱས་གཏོང་བའི་ཐེབས་རྩ་ཡག་པོར་སྤྱོད་པ་དམ་འཛིན་དང་ལྕགས་ལམ་ཐད་མ་དངུལ་འཇོག་འདུའི་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ། རྨང་གཞིའི་སྒྲིག་བཀོད་དང་། སྤྱི་སྤྱོད་བྱ་གཞག་སོགས་ཀྱི་ཁྱབ་ཁོངས་སུ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་སྟངས་ཁྱབ་གདལ་ཧུར་ཐག་གཏོང་དགོས།

    གོ་སྐབས་མ་ཤོར་བ་བྱས་ཏེ་རིན་གོང་སྒྱུར་བཅོས་མགྱོགས་སུ་གཏོང་རྒྱུ། སྒྱུར་བཅོས་ཀྱི་ཁ་ཕྱོགས་ནི་ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་དང་། སྲིད་གཞུང་གི་རིན་གོང་གཏན་འབེབས་སྣ་རིགས་དང་རྣམ་གྲངས་ཁུ་བསྡུ་ཆེས་ཆེར་བྱེད་པ། འགྲན་རྩོད་ཀྱི་ཆ་རྐྱེན་འཛོམས་པའི་ཚོང་ཟོག་དང་ཞབས་ཞུའི་རིན་གོང་རྩ་དོན་ཐོག་ནས་ལྷུག་ཏུ་གཏོང་བ། སྨན་རྫས་ཕལ་ཆེ་བའི་རིན་གོང་སྲིད་གཞུང་གིས་གཏན་འཁེལ་བྱེད་རིགས་མེད་པར་བཟོ་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་དངུལ་ལེན་པའི་གོང་ཚད་གཏན་འབེབས་བྱེད་དབང་ཁག་ཅིག་གཤམ་ལ་སྤྲོད་པ། གློག་གཏོང་གློག་སྡེབ་ཀྱི་རིན་གོང་སྒྱུར་བཅོས་ཚོད་ལྟ་རྒྱ་སྐྱེད་དང་། ཞིང་ལས་ཀྱི་ཆུ་རིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ནུས་གྲོན་དང་ཁོར་ཡུག་སྲུང་སྐྱོང་གི་རིན་གོང་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཐོན་ཁུངས་ཀྱི་རང་བཞིན་ལྡན་པའི་ཐོན་རྫས་ཀྱི་རིན་གོང་འཐུས་ཚང་དུ་གཏོང་བ། གྲོང་མིའི་སྐས་རིམ་ལྟ་བུའི་རིན་གོང་ལམ་ལུགས་ཁྱོན་ཡོངས་ནས་ལག་ལེན་བསྟར་རྒྱུ། དུས་མཚུངས་ངེས་པར་དུ་རིན་གོང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ཏན་ཏིག་བཅས་བྱེད་རྒྱུ་རེད། 

    ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ལ་གྲུབ་འབྲས་གསར་པ་ཐོབ་པར་བྱེད་རྒྱུ། ཁྱོན་ཡོངས་དང་ཚད་ལྡན། ཡོངས་བསྒྲགས། དྭངས་གསལ་བཅས་ཀྱི་སྔོན་རྩིས་དོ་དམ་ལམ་ལུགས་ལག་བསྟར་བྱས་ཐོག་ཁྲིམས་བཀོད་ཀྱི་གསང་དོན་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་ཕུད་ཀྲུང་དབྱང་དང་ས་གནས་ཀྱི་སྡེ་ཁག་ཡོངས་ཀྱིས་སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་ཁྱོན་ཡོངས་ནས་དང་ལེན་བྱེད་དགོས། རྒྱལ་ཁབ་ལ་དབང་བའི་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་དེ་སྤྱི་པའི་སྔོན་རྩིས་སྤྱིར་བཏང་པའི་ནང་དུ་འཇུག་པའི་བསྡུར་ཚད་མཐོ་རུ་གཏོང་བ་དང་། དུས་ཡུན་འབྲིང་གྲས་ཀྱི་ནོར་སྲིད་འཆར་འགོད་དོ་དམ་ཁྱབ་སྤེལ་བྱེད་རྒྱུ། ནོར་སྲིད་ཀྱི་གསོག་འཇོག་མ་དངུལ་གང་འགབ་ཅི་སྤྱོད་བྱེད་ཐབས་ནུས་ལྡན་གཏན་འབེབས་བྱེད་རྒྱུ། “གཉེར་སྐྱོང་དཔྱ་ཁྲལ་གནས་ཐང་འཕར་ཁྲལ་དུ་སྒྱུར་བ”ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བའི་བརྩོན་ལེན་གང་ཐུབ་དང་། འཛད་སྤྱོད་དཔྱ་ཁྲལ་གྱི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་རྒྱུ། ཐོན་ཁུངས་ཀྱི་དཔྱ་ཁྲལ་གོང་བསྟུན་རྩིས་རྒྱག་བསྡུ་ལེན་ཁྱབ་ཁོངས་རྒྱ་སྐྱེད་གཏོང་རྒྱུ། ཁྲལ་བསྡུའི་དོ་དམ་སོགས་ཀྱི་བཅའ་ཁྲིམས་བཟོ་བཅོས་རྒྱག་རེ་ཞུ་རྒྱུ་དང་། གཏོང་སྤྲོད་སྤོ་སྒྱུར་ལམ་ལུགས་སྒྱུར་བཅོས་བྱེད་རྒྱུ། ཀྲུང་དབྱང་དང་ས་གནས་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་འཐུས་ཚང་དུ་གཏོང་བ། ཀྲུང་དབྱང་དང་ས་གནས་ཀྱི་ཡོང་འབབ་ཆ་བགོས་ལེགས་སྒྲིག་ཚུལ་མཐུན་བཅས་བྱེད་དགོས།

    དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་བར་དམིགས་ཏེ་དངུལ་རྩ་སྒྱུར་བཅོས་བྱེད་རྒྱུ། ཆ་རྐྱེན་འཛོམས་པའི་དམངས་ཁྲོད་ཀྱི་མ་རྩས་བཅའ་ཁྲིམས་ལྟར་དངུལ་ཁང་འབྲིང་ཆུང་གྲས་ལ་སོགས་པའི་དངུལ་རྩའི་སྒྲིག་གཞི་འཛུགས་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གནས་སྨིན་འཐུས་ཚང་བྱུང་རེ་བཞིན་ལ་ཆོག་མཆན་སྤྲོད་པ་ལས་བཅད་གྲངས་མི་བཟོ་རྒྱུ། གྲོང་གསེབ་ཀྱི་ཡིད་རྟོན་ཁང་སྒྱུར་བཅོས་ཟབ་སྤེལ་དང་། རྫོང་ཁོངས་ཀྱི་ཁྲིམས་མིའི་གོ་གནས་བརྟན་པོ་ཡོང་བར་བྱེད་རྒྱུ། སྤྱི་པའི་ཐོན་རྫས་མཁོ་སྤྲོད་བྱེད་པའི་ཁྲོད་དུ་གསར་གཏོད་རང་བཞིན་དང་སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་དངུལ་རྩའི་ནུས་པ་འདོན་སྤེལ་ཡག་པོར་བྱེད་རྒྱུ་དང་། དངུལ་གསོག་འགན་བཅོལ་ལམ་ལུགས་འཛུགས་རྒྱུ། སྐྱེད་ཚད་ཚོང་ར་ཅན་དུ་འགྱུར་བའི་སྒྱུར་བཅོས་ལ་སྐུལ་འདེད་དང་། ཀྲུང་དབྱང་དངུལ་ཁང་གི་སྐྱེད་ཚད་སྙོམས་སྒྲིག་གཞི་སྒྲོམ་འཐུས་ཚང་དུ་གཏོང་རྒྱུ། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལུགས་མཐུན་དང་དོ་མཉམ་གྱི་ཚད་དུ་རྒྱུན་འཛིན་དང་། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་འཕར་ཆག་གཉིས་ལྡན་ཡོང་བར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མི་དམངས་ཤོག་སྒོར་གྱི་མ་རྩའི་རྣམ་གྲངས་རིམ་བཞིན་དངུལ་བརྗེས་ཆོག་པར་བྱེད་རྒྱུ། རྒྱལ་སྤྱིའི་ཐོག་མི་དམངས་ཤོག་སྒོར་བེད་སྤྱོད་བྱེད་ཁྱོན་ཆེ་རུ་གཏོང་བ་དང་། མི་དམངས་ཤོག་སྒོར་རྒྱལ་ཁོངས་ལས་བརྒལ་ནས་གཏོང་སྤྲོད་བྱེད་པའི་མ་ལག་ཇེ་མགྱོགས་སུ་འཛུགས་པ། མི་དམངས་ཤོག་སྒོར་སའི་གོ་ལ་ཧྲིལ་པོར་གཙང་རྩིས་རྒྱག་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། མ་རྩ་འཇོག་མཁན་སྒེར་གྱིས་རྒྱལ་ཁོངས་ཕྱིར་མ་རྩ་འཇོག་པའི་ཚོད་ལྟ་བྱེད་པ། སྐབས་དང་བསྟུན་ནས“ཧྲེན་ཀྲེན་དང་ཤང་ཀང་རྐང་དངུལ་ཤར་བགྲོད”ཚོད་ལྟ་བྱེད་འགོ་བརྩམ་པ་བཅས་བྱེད་རྒྱུ། རིམ་པ་མང་བའི་མ་རྩའི་ཚོང་རའི་མ་ལག་འཛུགས་པར་ཤུགས་སྣོན་དང་། མ་རྐང་འཛིན་ཤོག་འགྲེམས་སྤེལ་ཐོ་འགོད་ལམ་ལུགས་སྒྱུར་བཅོས། ཁེ་ལས་འབྲིང་ཆུང་རིགས་ལ་ཞབས་འདེགས་ཞུ་བའི་ས་ཁོངས་རང་བཞིན་གྱི་རྐང་དབང་གི་ཚོང་ར་འཕེལ་རྒྱས་གཏོང་བ། ཡིད་རྟོན་དངུལ་བུན་རྒྱུ་ནོར་འཛིན་ལོར་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བ། ཁེ་ལས་ཀྱི་བུན་འཛིན་འགྲེམས་སྤེལ་ཁྱབ་ཁྱོན་རྒྱ་སྐྱེད། དངུལ་རྩའི་མཆེད་སྐྱེའི་རིགས་ཀྱི་ཚོང་ར་གོང་སྤེལ་བཅས་བྱེད་རྒྱུ། གནོད་འཚེ་ཧ་ཅང་ཆེན་པོའི་འགན་བཅོལ་དང་སྒེར་གྱི་ཁྲལ་བསྡུ་རིམ་སྲིང་ཅན་གྱི་ཚོང་ལས་རྒན་གསོའི་འགན་བཅོལ་འདོན་རྒྱུ། དངུལ་རྩའི་ལྟ་སྐུལ་དོ་དམ་གསར་གཏོད། དངུལ་རྩའི་ཉམས་ཉེན་འགོག་ཟོན་དང་སེལ་ཐབས་བྱེད་རྒྱུ། ཡོངས་ཕན་གྱི་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཚོང་རའི་གྲུབ་ཆ་གཙོ་བོ་ཡོངས་ལ་དངུལ་རྩའི་ཞབས་ཞུའི་སྦྲང་ཆར་དང་ཐན་སེལ་ཆར་པ་མཉམ་ཁྱབ་བྱེད་དུ་འཇུག་རྒྱུ།

    རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་རྒྱལ་ཁབ་ལ་དབང་བའི་མ་རྩ་བསྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་མི་འདྲ་བའི་ནུས་པ་ཆེ་ཆུང་གི་དབྱེ་མཚམས་གཏན་འཁེལ་འཕྱུགས་མེད་འབྱེད་པ་དང་། སྒྱུར་བཅོས་ལ་རིགས་དབྱེ་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ལ་དབང་བའི་མ་རྩའི་མ་འཇོག་ཀུང་སི་དང་མ་རྩ་གཉེར་སྐྱོང་ཀུང་སིའི་ཚོད་ལྟ་མགྱོགས་སུ་གཏོང་བ་དང་། ཚོང་ར་ཅན་དུ་འགྱུར་བའི་འཁོར་སྐྱོད་སྙོམས་སྟེགས་སྐྲུན་པ། རྒྱལ་ཁབ་ལ་དབང་བའི་མ་རྩ་གཉེར་སྐྱོང་གི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དེ་དབང་བའི་ལམ་ལུགས་མཉམ་བསྲེས་སུ་བསྒྱུར་བཅོས་གོ་རིམ་ལྡན་པར་ལག་བསྟར་དང་། མ་འཇོག་རྣམ་གྲངས་སུ་རྒྱལ་ཁབ་ལ་དབང་བ་མ་ཡིན་པའི་མ་རྩའི་མ་རྐང་ཞུགས་པར་བསྔགས་སྐུལ་དང་ཚད་ལྡན་དུ་གཏོང་བ། གློག་ཤུགས་དང་སྣུམ་རླངས་སོགས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་མགྱོགས་སུ་གཏོང་བ། ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་ཁུར་པོ་འཁུར་བ་དང་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐབས་ལམ་མང་པོ་སྤྱད་དེ་ཐག་གཅོད་བྱས་ནས་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁེ་ལས་ཀྱི་གཉེར་སྐྱོང་བར་སྐུལ་སློང་འཆུན་འདོམས་བྱེད་པའི་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་མི་ཤོར་བར་བྱེད་རྒྱུ་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་གཉེར་སྐྱོང་ཁེ་དབང་ཆེ་རུ་ཏན་ཏིག་གཏོང་རྒྱུ།

    སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་ནི་རང་རྒྱལ་གྱི་དཔལ་འབྱོར་གྲུབ་ཆ་གལ་ཆེན་ཡིན་པས། སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་གོང་དུ་སྤེལ་བར་ངེས་པར་དུ་བསྔགས་སྐུལ་རྒྱབ་སྐྱོར་ཁྲིད་སྟོན་བཅས་བྱེད་པ་དང་། ཁེ་ལས་པའི་ཤེས་བྱ་འཇོན་ཐང་འདོན་པར་མཐོང་ཆེན། དམངས་གཉེར་དཔལ་འབྱོར་གོང་སྤེལ་གཏོང་རྒྱུའི་སྲིད་ཇུས་དང་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་སྐུལ་སྤེལ་གཏོང་བ། དབང་བའི་ལམ་ལུགས་རིགས་སྣ་ཚོགས་ཀྱི་དཔལ་འབྱོར་སྤེལ་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་ཁྲིམས་མི་རིགས་ཁག་གི་རྒྱུ་ནོར་བདག་དབང་བཅའ་ཁྲིམས་ལྟར་སྲུང་སྐྱོང་ཐོབ་ཏུ་འཇུག་པ་བཅས་བྱེད་རྒྱུ།

    ཚན་རྩལ་དང་། སློབ་གསོ། རིག་གནས། སྨན་བཅོས་འཕྲོད་བསྟེན། རྒན་གསོའི་འགན་བཅོལ། བྱ་ལས་སྡེ་ཚན། སྡོད་ཁང་སྤྱི་གསོག་མ་དངུལ་སོགས་ཀྱི་ཁྱབ་ཁོངས་སྒྱུར་བཅོས་མུ་མཐུད་བྱེད་རྒྱུ། འཕེལ་རྒྱས་གཏོང་བར་སྒྱུར་བཅོས་ཀྱི་སྒུལ་ཤུགས་བསྣན་དགོས་པ་དང་། མང་ཚོགས་ཀྱིས་སྒྱུར་བཅོས་ཀྱི་ཕན་འབྲས་དངོས་ཐོན་པའི་རེ་སྒུག་བྱེད་བཞིན་ཡོད་པས། ང་ཚོས་འཕེལ་རྒྱས་གཏོང་བར་ཤུགས་སྣོན་དང་མི་དམངས་ལ་ཕན་ཁེ་འཐོབ་པའི་སྒྱུར་བཅོས་ཀྱི་རྒྱུགས་ཤོག་ཡག་པོ་ཞིག་འབུལ་བར་འབད་བརྩོན་བྱེད་རྒྱུ།

    སྒོ་མོ་དབྱེ་བ་ཡང་སྒྱུར་བཅོས་ཡིན། དུས་འཁོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ངེས་པར་དུ་ལག་བསྟར་དང་། སྒོ་དབྱེ་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་རྒྱུ་མགྱོགས་སུ་གཏོང་བ། སྒོ་མོ་དབྱེ་བའི་རང་འགུལ་ལ་བརྟེན་ནས་གོང་འཕེལ་གཏོང་རྒྱུའི་རང་དབང་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་དབང་ཐོབ་པ་བཅས་བྱེད་རྒྱུ།

    ཕྱི་ཕྱོགས་ཉོ་ཚོང་ཚུལ་སྒྱུར་རིམ་པ་འཕར་བར་བྱེད་རྒྱུ། ཕྱིར་གཏོང་ཁྲལ་སློག་འགན་འཁུར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འཕར་གྲངས་ཀྱི་ཆ་ཤས་2015ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ནས་ཆ་ཚང་སྤྲོད་འགན་ཁུར་ཏེ་ས་གནས་དང་ཁེ་ལས་ལ“སེམས་རྣལ་རིལ་བུ”སྟེར་རྒྱུ། ཕྱིར་གཏོང་ནང་འདྲེན་ལྷུ་ཚིགས་ཀྱི་དངུལ་ལེན་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ་དང་། དངུལ་ལེན་རྣམ་གྲངས་ཀྱི་ཞིབ་ཐོ་འགོད་པ་དང་ཡོངས་བསྒྲགས་བྱེད་རྒྱུ། ཕྱི་ཕྱོགས་ཉོ་ཚོང་གི་འགྲན་རྩོད་ཁྱད་ཡོན་གསར་པ་སྐྱེད་སྲིང་བྱ་རྒྱུའི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་དང་། ལས་སྣོན་ཉོ་ཚོང་ཚུལ་སྒྱུར་གསར་སྐྲུན། ཕྱི་ཕྱོགས་ཉོ་ཚོང་ཕྱོགས་བསྡུས་ཀྱིས་ཞབས་འདེགས་ཞུ་སྟེགས་དང་ཚོང་རའི་མཁོ་སྒྲུབ་ཉོ་ཚོང་འཕེལ་རྒྱས་གཏོང་བ། རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཀྱིས་ཚོད་ལྟ་རྒྱ་སྐྱེད། ཞབས་ཞུ་ཕྱིར་སྤྲོད་ཀྱི་མིག་དཔེའི་གྲོང་ཁྱེར་གྲངས་འབོར་མང་དུ་གཏོང་བ། ཞབས་ཞུའི་ཉོ་ཚོང་གི་བསྡུར་ཚད་མཐོ་རུ་གཏོང་བ་བཅས་བྱེད་རྒྱུ། དགེ་མཚན་སྔར་ལས་ཆེ་བའི་ནང་འདྲེན་སྲིད་ཇུས་ལག་བསྟར་དང་། སྔོན་ཐོན་ལག་རྩལ་དང་། འགག་རྩའི་སྒྲིག་ཆས། ལྷུ་ལག་ཆེ་ཆུང་གལ་ཆེན་སོགས་ནང་འདྲེན་བྱེད་ཁྱོན་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ། 

    ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་སྔར་ལས་ནུས་ལྡན་ཧུར་ཐག་བྱེད་རྒྱུ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཐོན་ལས་ཀྱི་ཁྲིད་སྟོན་དཀར་ཆག་བཟོ་བཅོས་དང་། ཞབས་ཞུའི་ལས་རིགས་དང་བཟོ་སྐྲུན་སྤྱིར་བཏང་བའི་ལས་རིགས་ཀྱི་སྒོ་མོ་འབྱེད་རྒྱ་གཙོ་གནད་དུ་བཟུང་སྟེ་ཇེ་ཆེར་གཏོང་བ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་ཚོད་འཛིན་བྱེད་རིགས་ཕྱེད་ཀ་ཉུང་དུ་གཏོང་རྒྱུ། ཡོངས་ཁྱབ་ཏུ་སྙན་ཐོ་འགོད་པ་དང་ཚད་ཡོད་ཀྱི་ཞིབ་དཔྱད་ཆོག་མཆན་འགོད་པའི་དོ་དམ་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་དང་། བསྔགས་སྐུལ་རིགས་ཀྱི་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་འགོད་དབང་གཤམ་སྤྲོད་བྱེད་གྲངས་ཇེ་མང་དུ་གཏོང་བ། འཇུག་འཐུས་ཀྱི་བཀའ་འཁྲོལ་མ་བྱུང་གོང་གི་རྒྱལ་དམངས་ཐོབ་ཐང་ལ་ལྡོག་ཕྱོགས་ཀྱི་ཞིབ་ཐོ་འགོད་པར་དོ་དམ་བྱེད་པའི་མ་དཔེ་འཚོལ་ཞིབ་ཧུར་ཐག་བཅས་བྱེད་རྒྱུ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་འབྲེལ་ཡོད་བཅའ་ཁྲིམས་དག་བཅོས་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། བརྟན་པོ་དང་དྲང་གཞག་དྭངས་གསལ་གསུམ་སྔོན་དཔག་རུང་བའི་ཚོང་གཉེར་ཁོར་ཡུག་སྐྲུན་པ་བཅས་བྱེད་རྒྱུ། 

    ཕྱིར་སྐྱོད་པའི་འཐབ་ཇུས་ལག་བསྟར་མགྱོགས་པོ་བྱེད་རྒྱུ། ཁེ་ལས་ཀྱིས་རྒྱལ་ཁོངས་ཕྱིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ནུས་མཉམ་ལས་ལ་ཞུགས་པར་བསྔགས་སྐུལ་དང་། ལྕགས་ལམ་དང་། གློག་ཤུགས། འཕྲིན་སྐྱེལ། བཟོ་སྐྲུན་འཕྲུལ་ཆས་བཅས་དང་དེ་བཞིན་རླངས་འཁོར། གནམ་གྲུ། གློག་རྡུལ་སོགས་ཀྲུང་གོའི་སྒྲིག་ཆས་འཛམ་གླིང་ལ་དར་བར་སྐུལ་འདེད། ལྕགས་བཞུ་དང་ཨར་ལས་རྒྱུ་ཆས་སོགས་ཀྱི་ཐོན་ལས་ཀྱིས་ཕྱི་ཕྱོགས་ལ་མ་དངུལ་འཇོག་པར་སྐུལ་སྤེལ་བཅས་བྱེད་རྒྱུ། ཐོ་འགོད་སྙན་སེང་ལམ་ལུགས་གཙོ་བོར་འཛིན་པའི་ཕྱི་ཕྱོགས་ལ་མ་དངུལ་འཇོག་པར་དོ་དམ་བྱེད་སྟངས་ལག་བསྟར་དང་། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ཁྱབ་ཁྱོན་རྒྱ་སྐྱེད་གཏོང་བ། ཆ་འགྲིག་སྒྲིག་ཆས་ཆེ་གྲས་ཕྱིར་གཏོང་བྱས་ཏེ་མ་དངུལ་འདུ་འཁོར་བྱེད་རིགས་འགན་སྲུང་གང་ཐུབ་བཅས་བྱེད་རྒྱུ། ཕྱི་རྒྱལ་གྱི་དངུལ་བརྗེས་གསོག་འཇོག་དང་བེད་སྤྱོད་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། དངུལ་རྩ་དང་། ཆ་འཕྲིན། བཅའ་ཁྲིམས། གཞུང་ཚབ་སྲུང་སྐྱོང་བཅས་ཀྱི་ཞབས་ཞུ་འཐུས་ཚང་དུ་གཏོང་རྒྱུ། ཉམས་ཉེན་ལ་དོགས་ཟོན་བྱེད་པར་མཐོང་ཆེན་དང་། ཕྱི་གླིང་གི་ཁེ་དབང་འགན་སྲུང་བྱེད་ནུས་ཇེ་ཆེར་གཏོང་བ། ཀྲུང་གོའི་ཁེ་ལས་ཕྱིར་སྐྱོད་ཐུབ་པ་དང་། བརྟན་པོར་སྐྱོད་ཐུབ་པ། རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ཟུངས་ཤུགས་སྐྱེ་རུ་འཇུག་པ་དང་འཕེལ་རྒྱས་ཇེ་ཆེ་ཡོང་བ་བཅས་བྱེད་དུ་འཇུག་རྒྱུ།  ཕྱོགས་མཐའ་ཀུན་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་གཏོད་རྒྱུ། དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་ས་རྒྱུད་དང་དུས་རབས་21པའི་མཚོ་ཐོག་དར་གོས་འགྲུལ་ལམ་མཉམ་ལས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ་དང་། མཉམ་སྦྲེལ་དང་སྤེལ་རེས། ཕྱིར་གཏོང་ནང་འདྲེན་ལས་ཕྱོད་ཆེ་བའི་འགག་སྒོ་དང་རྒྱལ་སྤྱིའི་ཟོག་འདྲེན་བརྒྱུད་ལམ་ཆེ་མོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་རྒྱུ། ཀྲུང་གོ་དང་ཕ་ཁི་སི་ཐན་དང་། བྷང་ག་ལ་བར་དང་ཀྲུང་གོ་དང་རྒྱ་གར་འབར་མ་སོགས་བར་གྱི་དཔལ་འབྱོར་དར་ཁུལ་སྐྲུན་པ། སྐམ་སའི་དབུས་ཁུལ་དང་མཐའ་རྒྱུད་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གསར་གཏོད་དང་འཕེལ་རྒྱས་ཡོང་བར་བྱེད་པ། མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་དང་རྒྱལ་ཁོངས་ལས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཕེལ་རྒྱས་གཏོང་བའི་ཆུ་ཚད་གོང་མཐོར་གཏོང་བ་བཅས་བྱེད་རྒྱུ། ཧྲང་ཧའེ་དང་། ཀོང་ཏུང་། ཐེན་ཅིན། ཧྥུའུ་ཅན་བཅས་ཀྱི་རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་ཧུར་ཐག་སྐྲུན་པ་དང་། རྒྱལ་ཡོངས་སུ་གནད་སྨིན་འཐུས་ཚང་དུ་གྱུར་པའི་ཉམས་མྱོང་ཁྱབ་སྤེལ་ཇེ་མགྱོགས་སུ་བཏང་སྟེ་རང་རང་གི་ཁྱད་ཆོས་ལྡན་པའི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་ཆགས་པར་བྱེད་རྒྱུ། 

    ཕྱོགས་མང་ཕྱོགས་གཉིས་དང་ས་ཁོངས་བཅས་ཀྱི་སྒོ་འབྱེད་མཉམ་ལས་གཅིག་གྱུར་གྱིས་འཆར་འགོད་བྱེད་རྒྱུ། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་དང་། ཆ་འཕྲིན་ལག་རྩལ་གྲོས་ཆོད་མཆེད་པར་བྱེད་པ། ཁོར་ཡུག་ཐོན་རྫས་དང་། སྲིད་གཞུང་གི་མཁོ་སྒྲུབ་སོགས་རྒྱལ་སྤྱིའི་གྲོས་མོལ་ལ་ཧུར་ཐག་ཞུགས་པ་བཅས་བྱེད་རྒྱུ། རང་མོས་ཉོ་འཚོང་ཁུལ་གྱི་འཐབ་ཇུས་ལག་བསྟར་མགྱོགས་སུ་གཏོང་བ་དང་། ཀྲུང་ཧན་དང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་གྱི་རང་མོས་ཉོ་ཚོང་གྲོས་ཆོད་ལ་མིང་རྟགས་གང་མགྱོགས་འགོད་པ། ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་རང་མོས་ཉོ་ཚོང་ཁུལ་གྱི་གྲོས་མོལ་མགྱོགས་སུ་གཏོང་བ། མཚོ་ཁུག་མཉམ་ལས་ཨུ་ལྷན་དང་དབྱི་སི་རལ་སོགས་དང་རང་མོས་ཉོ་ཚོང་ཁུལ་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རང་མོས་ཉོ་ཚོང་ཁུལ་གྱི་རིམ་སྤོར་གྲོས་མོལ་དང་ས་ཁོངས་ཁྱོན་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་དང་གྲོས་མོལ་ལེགས་འགྲུབ་ཡོང་བར་བརྩོན་ལེན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་བཅས་བྱེད་རྒྱུ། ཀྲུང་ཨ་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་མ་དངུལ་འཇོག་པའི་གྲོས་ཆོད་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ། ཀྲུང་གོ་ནི་འགན་འཁུར་མཁན་དང་འགན་འཁུར་ཕོད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ང་ཚོས་གཉིས་ཕན་མཉམ་རྒྱལ་གྱི་གོང་འཕེལ་བསམ་གཞི་ལག་ལེན་བསྟར་མཁན་དང་། སའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་མ་ལག་འཛུགས་མཁན། དཔལ་འབྱོར་སའི་གོ་ལ་ཧྲིལ་པོར་འགྱུར་བར་སྐུལ་འདེད་གཏོང་མཁན་བཅས་བྱེད་འདོད་ཡོད། 

    བཞི། དཔལ་འབྱོར་བརྟན་པོར་འཕར་སྣོན་དང་གྲུབ་ཚུལ་ལེགས་འགྱུར་ཡོང་བར་མཐུན་སྦྱོར་བྱེད་རྒྱུ།

    བརྟན་པོར་འཕར་སྣོན་དང་གྲུབ་ཚུལ་ལེགས་འགྱུར་ཡོང་བ་བྱེད་རྒྱུ་ནི་གཅིག་རམ་གཅིག་འདེགས་ཡིན། ང་ཚོས་དཔལ་འབྱོར་ལུགས་དང་མཐུན་པའི་འཁོར་སྐྱོད་རྒྱུན་འཛིན་གང་ཐུབ་བྱེད་དགོས་ལ་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་དང་བརྟན་པོའི་ངང་ནས་ཡུན་རིང་འཕེལ་རྒྱས་ཡོང་བར་ཡང་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ།

    འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་མགྱོགས་སུ་གཏོང་རྒྱུ། སྤྱི་དམངས་ཀྱི་འཛད་སྤྱོད་ལ་བསྔགས་སྐུལ་དང་། “གཞུང་གྲོན་གསུམ”གྱི་འཛད་སྤྱོད་ཚོད་འཛིན། རྒན་གསོའི་ཁྱིམ་སྐྱོང་བདེ་ཐང་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ། ཆ་འཕྲིན་འཛད་སྤྱོད་ཆེ་རུ་གཏོང་བ། ཡུལ་སྐོར་དལ་ཁོམ་འཛད་སྤྱོད་ཆེ་རུ་གཏོང་བ། གནོད་མེད་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ། སྡོད་ཁང་འཛད་སྤྱོད་བརྟན་དུ་གཏོང་བ། སློབ་གསོ་རིག་གནས་ལུས་རྩལ་བཅས་ཀྱི་འཛད་སྤྱོད་རྒྱ་སྐྱེད་བཅས་བྱེད་རྒྱུ། “དྲ་གསུམ”མཉམ་སྦྲེལ་ཡོང་བར་ཁྱོན་ཡོངས་ནས་སྐུལ་སྤེལ་དང་། འོད་ཚིའི་དྲ་བ་འཛུགས་རྒྱུ་མགྱོགས་སུ་གཏོང་བ། གཤོང་ཆེའི་དྲ་སྦྲེལ་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ཟོག་འདྲེན་མྱུར་སྐྱེལ་འཕེལ་རྒྱས་གཏོང་བ། དྲ་སྦྲེལ་འགོད་བྱར་བྱེད་ཅིང་དྲ་ཕྱི་དྲ་ནང་ཕན་ཚུན་སྐུལ་འདེད་གཏོང་བའི་གསར་དར་འཛད་སྤྱོད་གང་རྒྱས་ཡོང་བ་བཅས་བྱེད་རྒྱུ། འཛད་སྤྱོད་ཐོན་རྫས་ཀྱི་སྤུས་ཀ་དང་བདེ་འཇགས་ལ་ལྟ་སྐུལ་དོ་དམ་དང་། ཁུངས་འདེད། ཕྱིར་འགུག་བཅས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྫུན་རྫུས་ཞན་གསུམ་བཟོ་བ་དང་འཚོང་རིགས་ཞིབ་བཤེར་ཐག་གཅོད་ནན་པོ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་རྒྱུ། འཛད་སྤྱོད་རྒྱ་སྐྱེད་གཏོང་བ་ནི་ཆུ་ཕྲན་འབབ་ཆུ་ཆེན་པོར་འགྱུར་བཞིན་བྱེད་དགོས་པ་དང་། མང་ཚོགས་དུང་ཕྱུར་ཁ་ཤས་ཀྱི་འཛད་སྤྱོད་ཀྱི་རྟིང་ཤུགས་དེ་དཔལ་འབྱོར་འཕར་སྣོན་ཡོང་བའི་སྐུལ་ཁྲིད་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་དུ་འཇུག་རྒྱུ། 

    སྤྱི་པའི་ཐོན་རྫས་ལ་གོ་ཆོད་པའི་མ་དངུལ་འཇོག་གྲངས་མང་དུ་གཏོང་རྒྱུ། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ནང་འཁོད་གཙོ་གནད་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱས་ཐོག་ལས་གཞི་གལ་ཆེན་གསར་པ་ཁག་གཅིག་ལག་བསྟར་བྱེད་འགོ་བརྩམ་རྒྱུ། གཙོ་བོ་ནི་སྡོད་ཁང་ཐབས་ཆག་ཁུལ་དང་ཉེན་ཅན་ཁང་པ་བསྒྱུར་བཀོད་དང་གྲོང་ཁྱེར་གྱི་ས་འོག་ལྕགས་མདོང་དྲ་བ་སོགས་དམངས་འཚོའི་རྣམ་གྲངས་དང་། དབུས་ནུབ་རྒྱུད་ཀྱི་ལྕགས་ལམ་དང་གཞུང་ལམ་དང་ནང་ཁུལ་ཆུ་བོའི་གྲུ་ལམ་སོགས་འགྲིམ་འགྲུལ་རྣམ་གྲངས་གཙོ་ཆེན་དང་། ཆུ་བེད་དང་ཚད་གཞི་མཐོ་བའི་ས་ཞིང་སོགས་ཀྱི་ཞིང་ལས་རྣམ་གྲངས། ཆ་འཕྲིན་དང་། གློག་ཤུགས། སྣུམ་རླངས་སོགས་དྲ་བའི་རྣམ་གྲངས་གཙོ་ཆེན། ནུས་ཁུངས་གཙང་མ་དང་སྣུམ་རླངས་དང་གཏེར་རྫས་ཐོན་ཁུངས་འགན་སྲུང་རྣམ་གྲངས། སྲོལ་རྒྱུན་ཐོན་ལས་ལག་རྩལ་བསྒྱུར་བཀོད་སོགས་ཀྱི་རྣམ་གྲངས། ནུས་བསྲི་ཁོར་སྲུང་དང་སྐྱེ་ཁམས་ལེགས་སྐྱོང་རྣམ་གྲངས་བཅས་ཡིན། ད་ལོ་ཀྲུང་དབྱང་གི་སྔོན་རྩིས་སུ་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར་4776བར་སྤར་རྒྱུ་ཡིན་མོད་ཀྱང་སྲིད་གཞུང་ཁོ་ནས་“ཁེར་འཇོག”བྱེད་རྒྱུ་མིན་པར་དམངས་ཁྲོད་ཀྱི་མ་དངུལ་འཇོག་སྟོབས་སྐུལ་སློང་གང་ཐུབ་དང་། ཁྱབ་ཁོངས་སྔར་ལས་མང་བར་སྤྱི་ཚོགས་ཀྱི་མ་དངུལ་འཇོག་པར་ཁྲིད་སྟོན་བྱེད་རྒྱུ་ཡིན། ལྕགས་ལམ་ལ་སྒོར་དུང་ཕྱུར་8000ཡན་གྱི་མ་དངུལ་འཇོག་ནུས་རྒྱུན་འཛིན་བྱས་ཏེ་ལམ་ཐག་སྤྱི་ལེ་8000ཡན་ཐོན་སྐྱེད་བྱེད་འགོ་གསར་དུ་བཙུགས་ནས་རྒྱལ་ཡོངས་སུ་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་གཏོང་མཚམས་འཇོག་མི་དགོས་པར་གློག་རྡུལ་རིན་བསྡུ་དྲ་སྦྲེལ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱས་ཏེ་འགྲིམ་འགྲུལ་ཉིད་འཕེལ་རྒྱས་གཏོང་རྒྱུའི“སྣེ་མོ་བ”ངོ་མར་འགྱུར་བར་བྱེད་རྒྱུ། ཆུ་བེད་བཟོ་སྐྲུན་གལ་ཆེན་གྱི་ལས་འགོ་བརྩམས་པའི་རྣམ་གྲངས་57འཛུགས་སྐྲུན་མགྱོགས་སུ་གཏོང་བའི་ཐོག་ད་ལོ་བསྐྱར་དུ་རྣམ་གྲངས་27ལས་འགོ་བརྩམ་རྒྱུ་ཡིན་པས་ཆུ་བེད་བཟོ་སྐྲུན་གལ་ཆེན་སྐྲུན་བཞིན་པར་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར་8000ལས་བརྒལ་བ་དང་། སྡོད་ཁང་ཐབས་ཆག་ཁུལ་དང་། ལྕགས་ལམ། ཆུ་བེད་སོགས་ལ་ཐབས་ལམ་སྣ་མང་བརྒྱུད་དེ་མ་དངུལ་འཇོག་རྒྱུ་དང་གཙོ་གནད་དེ་དབུས་ནུབ་རྒྱུད་དུ་ཕྱོགས་ཆ་ལྡན་པར་བྱས་ཏེ་ནང་མཁོ་ཧ་ཅང་ཆེན་པོ་སྐུལ་སློང་སྔར་ལས་ལྷག་པ་བྱེད་ཐུབ་པར་བྱེད་རྒྱུ། 

    ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གང་མགྱོགས་གཏོང་རྒྱུ། གལ་ཆེའི་ནང་གི་དོན་ཆེན་ཡིན་པའི་“ཞིང་གསུམ”གྱི་གནས་བབ་མཐའ་འཁྱོངས་བྱས་ཏེ་གཡོ་འགུལ་མི་གཏོང་བ་དང་། ཞིང་ལས་འཕེལ་རྒྱས་གཏོང་སྟངས་ཇེ་མགྱོགས་སུ་བསྒྱུར་བཏང་སྟེ་ཞིང་ལས་སྔར་ལས་སྟོབས་ལྡན་དང་། ཞིང་པ་སྔར་ལས་ཕྱུག་འགྱུར། གྲོང་གསེབ་སྔར་ལས་མཛེས་སྡུག་ལྡན་པ་བཅས་སུ་འགྱུར་བར་བྱེད་རྒྱུ། 

    ད་ལོ་འབྲུ་རིགས་ཐོན་འབོར་རྒྱ་མ་ཏུན་དུང་ཕྱུར་5.5ཡན་བརྟན་པོར་གནས་པར་བྱས་ཏེ་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གཙོ་གྲས་མཁོ་སྤྲོད་བྱེད་པར་འགན་སྲུང་བྱེད་རྒྱུ། རྨོ་ཞིང་གི་དམར་ཐིག་བརྟན་སྲུང་དང་། གཞི་རྩའི་ས་ཞིང་དབྱེ་འབྱེད་གཏན་འབེབས་འགྱུར་མེད་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་བསྒྲུབས་ཏེ། རྨོ་ཞིང་གི་སྤུས་ཀ་སྲུང་སྐྱོང་དང་མཐོ་རུ་གཏོང་བའི་བྱ་བ་དངོས་སུ་སྒྲུབ་པ། ས་ཞིང་ལེགས་སྒྲིག་ཉམས་གསོ་བྱས་ཏེ་ས་ཞིང་ས་སྦོལ་སྤྱི་ཆིང་ཁྲི་133འཕར་སྣོན་ཡོང་བ། ས་ཞིང་ཆུ་བེད་ཀྱི་གཞི་རྩའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཆུ་གྲོན་ཆུང་གི་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལག་རྩལ་གསར་པ་དང་སྣ་ཁ་གསར་པ། ཞིང་ལས་འཕྲུལ་ཆས་གསར་པ་བཅས་ཞིབ་འཇུག་གསར་སྤེལ་དང་ཁྱབ་སྤེལ་དངོས་སྤྱོད་མགྱོགས་སུ་གཏོང་བ་བཅས་བྱེད་རྒྱུ། ཞིང་པས་ཚོང་རར་དམིགས་ཏེ་འདེབས་གསོའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་ཁྲིད་སྟོན་དང་། ཞིང་ལས་ཐོན་རྫས་ལས་སྣོན་དང་ཁྱད་པར་དུ་ཐོན་ཁུལ་གཙོ་བོའི་འབྲུ་རིགས་རང་སར་བརྒྱུད་འགྱུར་བྱེད་པར་རྒྱབ་སྐྱོར། འབྲུ་རིགས་གསོ་ཚགས་ལོ་ཏོག་ཏུ་སྒྱུར་བའི་ཚོད་ལྟ་བཅས་བྱེད་རྒྱུ། ཞིང་སྨན་དང་ཕྱུགས་སྨན་འཕྲོ་ལུས་ཀྱི་གནད་དོན་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱས་ཏེ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་བཟའ་ཆས་བདེ་འཇགས་ཡོང་ཚད་ཁྱོན་ཡོངས་ནས་གོང་མཐོར་གཏོང་རྒྱུ། 

    གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་ཏེ་རྒྱ་ཆེའི་ཞིང་པར་ཕན་ཁེ་སྟེར་རྒྱུ། ཆུ་དང་ལམ་བུའི་འཛུགས་སྐྲུན་ལ་ཤུགས་སྣོན་མངོན་གསལ་བརྒྱབ་སྟེ་ད་ལོ་གྲོང་གསེབ་ཀྱི་མི་གྲངས་ཁྲི་6000གི་འཐུང་ཆུ་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་དང་། གྲོང་གསེབ་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་20གསར་སྐྲུན་རྒྱས་སྐྲུན། ནུབ་རྒྱུད་ཀྱི་བས་མཐའི་རི་ཁུལ་གྱི་འབྲེང་ཐག་ཟམ་པར་བཅོས་རྒྱུའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བཅས་བྱེད་རྒྱུ། མཐའ་གཞུག་གི་གློག་མེད་མི་འབོར་ཁྲི་20ལྷག་ཚང་མར་གློག་སྤྱོད་ཐུབ་པའི་འབད་བརྩོན་གང་ཐུབ་བྱེད་རྒྱུ། གད་སྙིགས་དང་བཙོག་ཆུ་གཙོ་གནད་དུ་བྱས་པའི་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཡིད་འོང་གནས་བཅས་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་རྒྱུ། ཐབས་ལམ་མང་པོར་བརྟེན་ནས་ཞིང་པའི་ཡོང་སྒོ་འཕར་སྣོན་ཡོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་སྒོའི་ཁྱད་པར་ཆུང་དུ་གཏོང་བའི་འཕེལ་ཕྱོགས་རྒྱུན་འཛིན་བྱེད་རྒྱུ། དབུལ་སྐྱོར་འགག་སྒྲོལ་གཡུལ་འགྱེད་རྒྱུན་མཐུད་དང་། ཡུག་གཅིག་ཏུ་སྦྲེལ་བའི་དམིགས་བསལ་དབུལ་པོའི་ས་ཁུལ་ལ་དབུལ་སྐྱོར་གསར་འབྱེད་ཟབ་སྤེལ། དབུལ་སྐྱོར་གནད་ཁེལ་དང་དབུལ་བྲལ་གནད་ཁེལ་ལག་བསྟར་བཅས་བྱེད་རྒྱུ། ད་ལོ་དཀའ་ངལ་ཇི་ལྟར་ཆེ་ཡང་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི་1000ཡན་ཉུང་དུ་འགྲོ་བར་བྱེད་རྒྱུ། 

    ཞིང་ལས་དེང་རབས་ཅན་དུ་འགྱུར་བར་བྱེད་པར་སྒྱུར་བཅོས་ནི་འགག་རྩ་ཡིན། ཁྱིམ་ཚང་གི་གཉེར་སྐྱོང་བརྟན་པོར་གནས་པའི་རྨང་གཞིའི་ཐོག་འདེབས་གསོའི་ཁྱིམ་དུད་ཆེན་པོ་དང་། ཁྱིམ་ཚང་གི་ཞིང་འབྲོག་ར་བ། ཞིང་པའི་མཉམ་ལས་ཁང་། ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་སོགས་གཉེར་སྐྱོང་བྱེད་པའི་དཔེ་གསར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། ལས་རིགས་ཀྱི་ཞིང་པ་དཔེ་གསར་གསོ་སྐྱོང་། གཞི་ཁྱོན་རན་པོའི་གཉེར་སྐྱོང་རྣམ་པ་སྣ་མང་གཉེར་བ་བཅས་བྱེད་རྒྱུ། ས་ཞིང་གི་བདག་དབང་གཏན་འཁེལ་དང་ཐོ་འགོད་ལག་ཁྱེར་སྤྲོད་པའི་ལས་ཀ་ལེགས་པོར་བསྒྲུབ་རྒྱུ་དང་། གྲོང་གསེབ་ཀྱི་ས་ཞིང་བསྡུ་ལེན་དང་། ཐུན་མོང་གི་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་བཀོལ་བའི་ས་ཆ་ཚོང་རར་ཞུགས་པ། ཁང་སའི་ལམ་ལུགས། ཐུན་མོང་གི་རྒྱུ་ནོར་བདག་དབང་ལམ་ལུགས་སོགས་སྒྱུར་བཅོས་ཚོད་ལྟ་གཟབ་ནན་བྱས་ནས་སྒྱུར་བཅོས་བྱེད་རིང་རྨོ་ཞིང་གྲངས་འབོར་ཉུང་དུ་མི་འགྲོ་བ་དང་། སྤུས་ཀ་མི་ཆག་པ། ཞིང་པའི་ཁེ་ཕན་འགན་སྲུང་ཐུབ་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱེད་རྒྱུ། མཁོ་ཚོང་ཁང་དང་། ས་ཞིང་གསར་སྦོལ། འདེབས་འཛུགས་ལས་རིགས། རྒྱལ་ཁབ་ལ་དབང་བའི་ནགས་ར་ནགས་ཁུལ་སོགས་སྒྱུར་བཅོས་ཟབ་སྤེལ་དང་། གྲོང་གསེབ་ཀྱི་སྒྱུར་བཅོས་ཚོད་ལྟ་ཁུལ་དང་དེང་རབས་ཀྱི་ཞིང་ལས་དཔེ་སྟོན་ཁུལ་ལེགས་པོར་གཉེར་རྒྱུ། འབྲུ་རིགས་ཉོ་གོང་དམའ་ཤོས་དང་སྐབས་འཕྲལ་གསོག་ཉར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་དམིགས་ཚད་རིན་གོང་ཁ་གསབ་བྱེད་ཐབས་ལེགས་བཅོས་བྱེད་རྒྱུ། ཞིང་ལས་དང་འབྲེལ་བ་ཡོད་པའི་མ་དངུལ་གཅིག་གྱུར་གྱིས་སྡེབ་སྒྲིག་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ནོར་སྲིད་ལ་དཀའ་ངལ་ཅི་འདྲ་ཡོད་ཀྱང་ཞིང་ལས་ལ་ཕན་པའི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་དགོས་པ་ལས་ཞན་དུ་གཏོང་མི་རུང་བ་དང་། ཞིང་ལས་ཀྱི་རྒྱབ་སྐྱོར་མ་དངུལ་མང་དུ་གཏོང་དགོས་པ་ལས་ཉུང་དུ་གཏོང་མི་རུང་།  གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དུ་འགྱུར་བའི་འགག་སྒྲོལ་གསར་པ་ཡོང་བར་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བར་བྱེད་རྒྱུ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱད་པར་ཆུང་དུ་གཏོང་རྒྱུའི་རྩ་བའི་ཐབས་ལམ་ཡིན་ལ། ནང་མཁོ་རྒྱ་སྐྱེད་བྱེད་གནས་ཆེ་ཤོས་ཀྱང་ཡིན། མི་ལྟེ་བར་འཛིན་པ་དང་། “མི་དུང་ཕྱུར་1ཅན་གསུམ”གྱི་གནད་དོན་ཐག་གཅོད་རྒྱུ་གཙོ་གནད་དུ་བཟུང་སྟེ་འཕེལ་རྒྱས་གཏོང་བར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་སྐུལ་ཁྲིད་ནུས་པ་ལེགས་པོ་འདོན་རྒྱུ། 

    གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ཐབས་ཆག་ཁུལ་དང་ཉེན་ཅན་ཁང་པ་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ད་ལོ་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་གསར་དུ་བཀོད་སྒྲིག་བྱེད་གྲངས་ཆ་ཚང་ཁྲི་740ཡིན་པ་དེའི་ནང་སྡོད་ཁང་ཐབས་ཆག་ཁུལ་བསྒྱུར་བཀོད་བྱེད་གྲངས་ཆ་ཚང་ཁྲི་580ཡིན་པས་ཆ་ཚང་ཁྲི་110མང་དུ་གཏོང་རྒྱུ་དང་། གྲོང་ཁྱེར་གྱི་ཉེན་ཅན་ཁང་པའི་རིགས་སྡོད་ཁང་ཐབས་ཆག་ཁུལ་བསྒྱུར་བཀོད་བྱེད་པའི་སྲིད་ཇུས་ཁོངས་སུ་འཇུག་རྒྱུ། གྲོང་གསེབ་ཀྱི་ཉེན་ཅན་ཁང་པ་བསྒྱུར་བཀོད་བྱེད་གྲངས་ཁྱིམ་དུད་ཁྲི་366ཡིན་པས་ཁྱིམ་དུད་ཁྲི་100མང་དུ་གཏོང་རྒྱུ་དང་། ཞིང་པའི་སྡོད་ཁང་ལ་ས་འགུལ་གྱི་གནོད་སྐྱོན་སེལ་བའི་བསྒྱུར་བཀོད་གཅིག་གྱུར་གྱིས་འཆར་འགོད་བྱེད་རྒྱུ། སྡོད་ཁང་འགན་སྲུང་ཐད་རིམ་བཞིན་དངོས་རྫས་ཀྱི་འགན་སྲུང་དང་དངུལ་ལོར་གྱི་ཁ་གསབ་མཉམ་དུ་སྤེལ་ནས། ལག་ཡོད་ཁང་པ་འགའ་ཤས་གཞུང་གི་བོགས་གཏོང་ཁང་པ་དང་བཀོད་སྒྲིག་ཁང་པར་བསྒྱུར་རྒྱུ། སྡོད་གནས་དམིགས་བསལ་དཀའ་ངལ་ཡོད་པའི་མ་མཐའི་འགན་སྲུང་ཁྱིམ་ཚང་ལ་སྡོད་ཁང་གི་སྐྱོབ་རོགས་བྱེད་རྒྱུ། རིགས་དབྱེ་ཁྲིད་སྟོན་དང་ཡུལ་བསྟུན་ཇུས་བསྟར་མཐའ་འཁྱོངས་དང་། ས་གནས་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ། གྲོང་མིའི་རང་གནས་སྡོད་ཁང་དང་སྡོད་ཁང་ལེགས་སུ་གཏོང་རྒྱུའི་དགོས་མཁོར་རྒྱབ་སྐྱོར། ས་ཁང་བདག་ཁོངས་ཚོང་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་བཅས་བྱེད་རྒྱུ།

    སྒྱུར་བཅོས་བྱེད་ཐབས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བར་བྱེད་པའི་དཀའ་གནད་ཐག་གཅོད་བྱེད་རྒྱུ། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་དམ་འཛིན་དང་། ཐེམ་ཐོ་བསྒྱུར་བའི་སྲིད་ཇུས་ལྷུག་ཏུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀར་ཞུགས་པ་དང་གཞིས་ཆགས་མོད་ཀྱང་ཐེམ་ཐོ་བསྒྱུར་མེད་པའི་ཕྱི་མིར་གཞིས་ཆགས་འཛིན་ཡིག་གཞིར་བཟུང་བབ་མཚུངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་དང་། གཞིས་ཆགས་འཛིན་ཡིག་གི་རིན་དངུལ་བསྡུ་རིགས་མེད་པར་བཟོ་རྒྱུ། ནོར་སྲིད་ཀྱི་གཏོང་སྤྲོད་སྤོ་བསྒྱུར་སོགས་གྲོང་ཁྱེར་བར་འགྱུར་བ་དང་ཟུང་སྦྲེལ་གྱི་ལམ་སྲོལ་འཛུགས་པ་དང་། ཞིང་པ་ལས་མི་གྲོང་ཁྱེར་བར་བསྒྱུར་བའི་མ་གནས་འགན་འཁྲི་འཁུར་ལེན་ཆ་བགོས་ལུགས་མཐུན་བྱེད་རྒྱུ། ཚད་ལྡན་དང་རྒྱུ་མང་རྒྱུན་མཐུད་བཅས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་མ་དངུལ་འདུ་འཁོར་ལམ་སྲོལ་འཛུགས་རྒྱུ། གྲོན་ཆུང་དང་ཞིབ་ལས་ཀྱི་སྒོ་ནས་ས་ཆ་བཀོལ་སྤྱོད་མཐའ་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་ལ་བཀོལ་སའི་ཚོང་ར་བརྟན་པོར་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་བཀོལ་བའི་ས་ཆ་སྣོན་འཕྲི་ཟུང་སྦྲེལ་གྱི་ཚོད་ལྟ་འཐུས་ཚང་དང་རྒྱ་སྐྱེད་དུ་གཏོང་བ་བཅས་བྱེད་རྒྱུ། མ་དངུལ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དུ་འགྱུར་བའི་ཕྱོགས་བསྡུས་ཚོད་ལྟ་རྒྱ་སྐྱེད་གཏོང་རྒྱུ། 

    གྲོང་ཁྱེར་དང་གྲོང་རྡལ་འཆར་འགོད་དང་འཛུགས་སྐྲུན་བྱེད་ཚད་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་ཁྱུ་ཚོགས་ཀྱི་འཆར་འགོད་གཏན་འབེབས་ལག་བསྟར་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་གྲོང་ཁྱེར་གཅིག་མཚུངས་ཅན་དུ་འགྱུར་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་འཛུགས་རྒྱུའི་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། གྲོང་རྡལ་ལྷག་པར་ཆེ་བའི་དབང་ནུས་ཆེ་རུ་གཏོང་བའི་ཚོད་ལྟ་བྱེད་པ། ཚད་བརྒལ་གྲོང་ཁྱེར་གྱི་མི་འབོར་ཆེ་ཚུལ་ཚོད་འཛིན། ས་ཁུལ་རིམ་པའི་གྲོང་ཁྱེར་དང་། རྫོང་མཁར། ལྟེ་གནས་གྲོང་རྡལ་བཅས་ཀྱི་ཐོན་ལས་དང་མི་འབོར་གཤོང་ཚད་ཇེ་མཐོར་གཏོང་བ། ཞིང་པ་རང་སར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་སྟབས་བདེ་སྐྲུན་པ་བཅས་བྱེད་རྒྱུ། བློ་གྲོས་དང་ལྡན་པའི་གྲོང་ཁྱེར་འཕེལ་རྒྱས་གཏོང་བ་དང་། ལོ་རྒྱུས་ལྡན་པའི་རིག་གནས་དང་ས་ཁོངས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་རྒྱུ། གྲོང་ཁྱེར་གྱི་ཆུ་དང་སོལ་རླངས་གློག་བཅས་མཁོ་འདོན་དང་། སྤྱི་པའི་འགྲིམ་འགྲུལ་དང་ཆུ་ལོག་དང་ཞོད་སྐྱོན་སྔོན་འགོག་སྒྲིག་བཀོད་སོགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྦགས་བཙོག་དང་འགྲིམ་འགྲུལ་འགག་སྐྱོན་སོགས་གྲོང་ཁྱེར་གྱི་ཞན་ཆ་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཕྱོགས་སྐྱོད་སྔར་ལས་སྟབས་བདེ་དང་གནས་བཅས་པར་ཁོར་ཡུག་སྔར་ལས་འཚམ་པོ་ཡོང་དུ་འཇུག་རྒྱུ།

    ས་ཁོངས་འཕེལ་རྒྱས་གཏོང་ཡུལ་གསར་པ་རྒྱ་ཆེར་བསྐྱེད་རྒྱུ། “ས་རྒྱུད་ཆེ་གྲས་བཞི”དང“འདེགས་སྐྱོར་ས་རྒྱུད་གསུམ”གྱི་འཐབ་ཇུས་སྡེབ་སྒྲིག་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་བྱེད་རྒྱུ། ནུབ་རྒྱུད་ས་ཁུལ་དུ་ཕྱོགས་བསྡུས་འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད། སྐྱེ་ཁམས། དམངས་འཚོ་སོགས་ཀྱི་རྣམ་གྲངས་གལ་ཆེན་ཁག་ཅིག་འཛུགས་སྐྲུན་བྱེད་འགོ་བརྩམ་རྒྱུ་དང་། བྱང་ཤར་ས་ཁུལ་སོགས་བཟོ་ལས་ཀྱི་རྟེན་གཞི་རྙིང་པ་ཁྱོན་ཡོངས་ནས་དར་སྤེལ་གཏོང་རྒྱུའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ལེགས་པོ། དབུས་རྒྱུད་ས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་འདུ་འགག་དང་དྲ་བ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཤར་རྒྱུད་ས་ཁུལ་སྔོན་ལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། གསར་བརྗེའི་གནས་རྙིང་ས་ཁུལ་དང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་དུ་གཏོང་བ། ཁྱད་པར་ཡོད་པའི་ས་ཁོངས་གོང་སྤེལ་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱེད་རྒྱུ། “ཁུལ་གཅིག་ལམ་གཅིག”འཛུགས་སྐྲུན་དང་ས་ཁོངས་གསར་སྤེལ་སྒོ་འབྱེད་ཟུང་འབྲེལ་དང་། ཨེ་ཤ་ཡ་དང་ཡོ་རོབ་གཉིས་ཀྱི་སྐམ་ས་ཆེ་མོའི་འཕྲེད་བརྒལ་ལྕགས་ལམ་དང་སྐམ་མཚོ་གཉིས་ཀྱི་འགག་སྒོའི་རྟེན་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། པེ་ཅིང་དང་ཐེན་ཅིན་ཧོ་པེ་བཅས་མཉམ་སྡེབ་ཀྱིས་འཕེལ་རྒྱས་གཏོང་བ་དང་། འགྲིམ་འགྲུལ་གཞི་གཅིག་ཏུ་འགྱུར་བ་དང་། སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོང་། ཐོན་ལས་རིམ་སྤར་སྤོ་བསྒྱུར་སོགས་ཀྱི་ཐད་སྔོན་ལ་ངོ་བོའི་རང་བཞིན་གྱི་འགག་སྒྲོལ་ཐུབ་པར་བྱེད་རྒྱུ། འབྲི་ཆུའི་དཔལ་འབྱོར་ས་རྒྱུད་འཛུགས་སྐྲུན་དང་། ཆུ་ལམ་རྩེ་གྲ་བཅོས་སྐྱོང་དང་འབྲི་ཆུའི་རྒྱུད་ཀྱི་གྲུ་ཁ་དང་འགག་སྒོ་སོགས་རྣམ་གྲངས་གལ་ཆེན་རིགས་ལས་འགོ་གོ་རིམ་ལྡན་པའི་སྒོ་ནས་བརྩམ་རྒྱུ། ཕྱོགས་བསྡུས་རིམ་མང་གི་བགྲོད་ལམ་ཆེན་པོ་གསར་སྐྲུན། ཐོན་ལས་སྤོ་བསྒྱུར་དཔེ་སྟོན་ཁུལ་སྐྲུན་པ་བཅས་བྱས་ཏེ་ཐོན་ལས་ཤར་རྒྱུད་ནས་ནུབ་རྒྱུད་དུ་སྐས་རིམ་ལྟ་བུའི་སྤོ་བསྒྱུར་བྱེད་རྒྱུ། དབུས་ནུབ་རྒྱུད་ཀྱི་གཙོ་གནད་གསར་སྤེལ་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་སོགས་ས་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུ།

    རང་རྒྱལ་ནི་རྒྱ་མཚོའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། རྒྱ་མཚོའི་འཐབ་ཇུས་འཆར་གཞི་བཟོ་འགོད་དང་ལག་བསྟར་བྱས་ཏེ། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་དང་། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། རྒྱ་མཚོའི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་བ། རྒྱ་མཚོ་ཕྱོགས་བསྡུས་ཀྱིས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། མཚོ་ཐོག་གི་རྩོད་གླེང་ཐག་གཅོད་འཚམ་པོར་བྱེད་པ། ཕྱོགས་གཉིས་དང་ཕྱོགས་མང་གི་རྒྱ་མཚོའི་མཉམ་ལས་ཧུར་ཐག་གིས་གསར་སྤེལ་བཅས་བྱས་ཏེ། རྒྱ་མཚོའི་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་དམིགས་འབེན་འགྲུབ་པའི་འབད་བརྩོན་བྱེད་རྒྱུ། 

    ཐོན་ལས་ཀྱི་གྲུབ་ཚུལ་རིམ་པ་མཐོ་འབྲིང་དུ་སླེབས་པར་སྐུལ་འདེད་གཏོང་རྒྱུ། བཟོ་སྐྲུན་ལས་རིགས་ནི་ང་ཚོའི་ཁྱད་ཡོན་ལྡན་པའི་ཐོན་ལས་ཡིན་པས“ཀྲུང་གོའི་བཟོ་སྐྲུན་2025”ལག་བསྟར་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། རིག་ནུས་ཚུལ་བསྒྱུར། རྨང་གཞི་བརྟན་གཏོང་། སྦགས་མེད་གོང་འཕེལ་བཅས་མཐའ་འཁྱོངས་དང་། བཟོ་སྐྲུན་གྱི་རྒྱལ་ཁབ་ཆེན་པོ་ནས་བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་ཇེ་མགྱོགས་སུ་བསྒྱུར་རྒྱུ། ནོར་སྲིད་ཀྱིས་སྐྱེད་ཀ་གསབ་པ་དང་བཀོལ་ཟད་དངུལ་ཕབ་མགྱོགས་སུ་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས། སྲོལ་རྒྱུན་གྱི་ཐོན་ལས་ལག་རྩལ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་རྒྱུ། ཤུགས་སྣོན་དང་ཚོད་འཛིན་གཉིས་ལྡན་རྒྱུན་འཁྱོངས་དང་། ཐོན་སྐྱེད་བྱེད་ཐལ་མི་ཤོར་བར་བྱེད་པ། ཁེ་ལས་ཟླ་སྒྲིལ་དང་བསྐྱར་སྒྲིག་བྱེད་པར་རྒྱབ་སྐྱོར་བཅས་བྱས་ཏེ། ཚོང་རའི་འགྲན་རྩོད་ཁྲོད་ལེགས་རྒྱས་ཞན་ཕམ་ལྡན་པར་བྱེད་རྒྱུ། བཟོ་ལས་ཅན་དང་ཆ་འཕྲིན་ཅན་མཉམ་འདྲེས་ཟབ་མོ་ཡོང་བའི་སྐུལ་འདེད་དང་། དྲ་སྦྲེལ་ཅན་དང་། ཨང་གྲངས་ཅན། རིག་ནུས་ཅན་སོགས་ཀྱི་ལག་རྩལ་གསར་སྤེལ་བེད་སྤྱོད་བྱས་ཏེ། འགག་རྩའི་ཁྱབ་ཁོངས་ཁག་ཅིག་གོ་སྐབས་དམ་འཛིན་བྱས་ཏེ་འགག་གནད་ལས་སྒྲོལ་གང་ཐུབ་བྱེད་རྒྱུ། 

    གསར་དར་ཐོན་ལས་དང་གསར་དར་ལས་རིགས་ནི་འགྲན་རྩོད་བྱེད་པའི་མཐོ་གནས་ཤིག་ཡིན། སྒྲིག་ཆས་རྩེར་སོན་དང་། ཆ་འཕྲིན་དྲ་སྦྲེལ། འདུས་གྲུབ་གློག་ལམ། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ། སྐྱེ་དངོས་སྨན་དང་སྨན་བཅོས། མཁའ་སྐྱོད་སྒུལ་བྱེད་འཕྲུལ་འཁོར། རླངས་འབར་སྒུལ་ཤུགས་འཕྲུལ་འཁོར་སོགས་རྣམ་གྲངས་གལ་ཆེན་ལག་བསྟར་བྱས་ཏེ། གསར་དར་ཐོན་ལས་ཁག་ཅིག་གཙོ་ཁྲིད་ཐོན་ལས་སུ་སྐྱེད་སྲིང་བྱེད་རྒྱུ། “འཕྲིན་སྦྲེལ་དྲ་བ་+”ལས་སྒོའི་འཆར་གཞི་བཟོ་བ་དང་། སྒུལ་བདེའི་འཕྲིན་སྦྲེལ་དྲ་བ་དང་། སྤྲིན་རྩིས། གཞི་གྲངས་ཆེ་བ། ཟོག་འབྲེལ་དྲ་བ་སོགས་དེང་རབས་ཀྱི་བཟོ་སྐྲུན་ལས་རིགས་དང་ཟུང་འབྲེལ་བྱེད་པར་སྐུལ་འདེད་དང་། གློག་རྡུལ་ཚོང་དོན་དང་བཟོ་ལས་ཀྱི་འཕྲིན་སྦྲེལ་དྲ་བ། འཕྲིན་སྦྲེལ་དྲ་བའི་དངུལ་རྩ་བཅས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བཅས་བྱས་ཏེ། འཕྲིན་སྦྲེལ་དྲ་བའི་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཚོང་ར་རྒྱ་སྐྱེད་གཏོང་བར་སྣེ་ཁྲིད་བྱེད་རྒྱུ། རྒྱལ་ཁབ་ཀྱིས་གསར་དར་ཐོན་ལས་ཀྱི་ལས་སྒོ་གསར་དུ་སྤེལ་བར་མ་འཇོག་ཁྲིད་སྟོན་བྱེད་པའི་ཐེབས་རྩ་སྒོར་དུང་ཕྱུར་400བཙུགས་ཤིང་། ཐོན་ལས་གསར་སྤེལ་ལ་ཤུགས་སྣོན་དང་རོགས་སྐྱོར་བྱེད་ཆེད། མ་དངུལ་སྡེབ་སྒྲིག་དང་གྲབས་གསོག་སྔར་ལས་མང་པོ་བྱེད་རྒྱུ། 

    ཞབས་ཞུའི་ལས་རིགས་ནི་ལས་ཀར་ཞུགས་ཁྱོན་ཆེ་ཞིང་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པས། ཞབས་ཞུའི་ལས་རིགས་སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱས་ཏེ། ནོར་ཁྲལ་དང་། ས་ཆ། རིན་གོང་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་དང་དེ་བཞིན་ཕོགས་ལྡན་འཁོར་ཞག་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ཡུལ་སྐོར་དང་། བདེ་ཐང་། རྒན་གསོ། གསར་གཏོད་ཇུས་འགོད་སོགས་འཚོ་བ་དང་ཐོན་སྐྱེད་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ། འཁོར་རྒྱུག་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཞིང་ལས་ཐོན་རྫས་ཆེ་གྲས་སྡེབ་འཚོང་དང་། མཛོད་འཇུག འཁྱགས་ཕྲེང་སོགས་དེང་རབས་ཀྱི་དངོས་ཟོག་འཁོར་རྒྱུག་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། འཁོར་རྒྱུག་གི་མ་གནས་དམའ་རུ་ཆེས་ཆེར་གཏོང་གང་ཐུབ་བྱེད་རྒྱུ། 

    སྒྲིག་སྲོལ་གསར་གཏོད་ལ་བརྟེན་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། གསར་གཏོད་གསར་སྐྲུན་བྱེད་པའི་འགག་རྩ་མིར་ཐུག་ཡོད། ཚན་རྩལ་གྱི་གྲུབ་འབྲས་བཀོལ་སྤྱོད་ཐག་གཅོད་དང་ཁེ་བཟང་དོ་དམ་སྒྱུར་བཅོས་མགྱོགས་སུ་གཏོང་བ་དང་། རྐང་དབང་དང་ཐོབ་ཆ་བགོ་བར་བསྔགས་སྐུལ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཁོངས་རྒྱ་བསྐྱེད་པ། ཚན་རྩལ་གྲུབ་འབྲས་དངོས་བསྒྱུར་དང་ལས་གནས་གསར་གཏོད་ཀྱི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གསར་གཏོད་བྱེད་མཁན་ཤེས་ལྡན་པར་གྲུབ་འབྲས་ཀྱི་ཁེ་བཟང་ལོངས་སུ་སྤྱོད་དུ་འཇུག་རྒྱུ། ཚན་ཞིབ་མི་སྣའི་འགྲོ་འོང་ལ་སྐུལ་མ་ཐེབས་བྱེད་ཀྱི་སྲིད་ཇུས་གཏན་འབེབས་དང་། ཚན་རྩལ་གདེང་འཇོག་དང་གོ་མིང་དཔྱད་འཇོག རྒྱལ་ཁབ་ཀྱི་བྱ་དགའི་ལམ་ལུགས་བཅས་སྒྱུར་བཅོས་བྱས་ཏེ། ཚན་ཞིབ་གླིང་དང་ཁང་རིགས་དབྱེ་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་དང་རིག་སྟོབས་སྤུས་ལེགས་ནང་འདྲེན་བྱེད་རྒྱུ། ཤེས་བྱའི་ཐོན་དངོས་བདག་དབང་གི་འཐབ་ཇུས་ལས་སྒོའི་འཆར་གཞི་ལག་བསྟར་གཏིང་ཟབ་དང་། དབང་གནོད་བྱ་སྤྱོད་ཀྱི་རིགས་ལ་རྡུང་རྡེག་ནན་པོར་གཏོང་བ། གསར་གཏོད་གསར་སྐྲུན་བྱེད་པར་དངོས་གནས་སྲུང་སྐྱོབ་བྱས་ཏེ། གསར་གཏོད་ཀྱི་ལྗོན་ཤིང་དེ་ཉིད་ཡལ་འདབ་རྒྱས་སུ་འཇུག་རྒྱུ། 

    ཁེ་ལས་ནི་ལག་རྩལ་གསར་གཏོད་ཀྱི་བྱེད་པོ་ཡིན། ཁེ་ལས་ཀྱི་ཞིབ་འཇུག་འགྲོ་གྲོན་ཕྱོགས་སྡོམ་གྱིས་འཕྲི་འཐེན་དང་། ལག་རྩལ་མཐོ་གསར་གྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་སོགས་ཀུན་ཕན་ཅན་གྱི་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ། ཁེ་ལས་ལ་གསར་གཏོད་མ་དངུལ་འཇོག་པར་བསྔགས་སྐུལ་བཅས་བྱེད་རྒྱུ། ཁེ་ལས་སྔར་ལས་མང་བས་ཚན་རྩལ་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་པ་དང་། ཚན་ཞིབ་ལས་སྟེགས་སྐྲུན་པར་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སྐྱེད་དགོས་མཁོ་ཞིབ་འཇུག་གསུམ་མཐུན་སྦྱོར་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། མི་མང་པོས་གསར་དུ་གཏོད་པའི་བར་སྟོང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྒྱལ་ཁབ་ཀྱི་རང་རྟེན་གསར་གཏོད་དཔེ་སྟོན་ཁུལ་འཕར་འཛུགས། རྒྱལ་ཁབ་ཀྱི་མཐོ་གསར་ཁུལ་ལེགས་གཉེར་བཅས་བྱས་ཏེ། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་འདུས་ཆེ་བའི་གནའ་བ་ཁྱུ་ཁྲིད་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་རྒྱུ། ཁེ་ལས་ཆུང་ཕྲན་འབྲིང་གསུམ་ལ་མདུན་ལམ་ཧ་ཅང་ཆེན་པོ་ལྡན་པས། རྟ་ཐོག་ཕེབས་སྐྱེལ་ཞུ་བ་ལྟ་བུའི་རོགས་རམ་བྱས་ནས“དམངས་ཁྲོད”གསར་གཏོད་ཀྱི་དར་སྲོལ་ཆགས་ཏེ་གང་སར་ཁྱབ་པར་བྱེད་རྒྱུ། 

    གསར་གཏོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བའི་གཙོ་གནད་ནི་ཚན་རྩལ་ཐོན་ཁུངས་བགོ་སྒྲིག་ལེགས་འགྱུར་བྱེད་རྒྱུ་དེ་ཡིན། ཀྲུང་དབྱང་ནོར་སྲིད་ཀྱི་ཚན་རྩལ་འཆར་འགོད་དོ་དམ་བྱེད་སྟངས་སྒྱུར་བཅོས་བྱེད་པར། ཡོངས་བསྒྲགས་གཅིག་གྱུར་ཡིན་པའི་རྒྱལ་ཁབ་ཀྱི་ཚན་རྩལ་དོ་དམ་ལས་སྟེགས་འཛུགས་རྒྱུ། སྲིད་གཞུང་གིས་རྨང་གཞིའི་ཞིབ་འཇུག་དང་། མདུན་གྲལ་ལག་རྩལ་དང་གལ་ཆེ་ཞིང་འགག་རྩ་ལྡན་པའི་ཐུན་མོང་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱས་ཏེ། ཐོག་མའི་གསར་གཏོད་ལ་བསྔགས་སྐུལ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་རྣམ་གྲངས་གལ་ཆེན་ལག་བསྟར་གང་མྱུར། སྤྱི་ཚོགས་ལ་ཚན་ཞིབ་གལ་ཆེན་གྱི་རྨང་གཞིའི་སྒྲིག་ཆས་དང་ཚན་ཞིབ་ཡོ་བྱད་ཆེ་གྲས་ཁྱོན་ཡོངས་ནས་སྒོ་འབྱེད་པ་བཅས་བྱེད་རྒྱུ། མི་དམངས་དུང་ཕྱུར་མང་པོའི་སྤྱང་གྲུང་དང་བློ་གྲོས་འདོན་སྤེལ་ཐུབ་པ་བྱུང་ན། མི་ཁྲི་ཕྲག་མང་པོའི་གསར་གཏོད་ཀྱི་རྦ་རླབས་འཕྱུར་དུ་འཇུག་ཐུབ་ངེས་ཡིན། 

    ལྔ། དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་འཛུགས་སྐྱོང་ལ་བསྟུད་མར་སྐུལ་འདེད་གཏོང་རྒྱུ། 

    རྒྱལ་ཁབ་སྐྱོང་ཐབས་དམ་པ་ནི། མི་དམངས་ཕྱུག་པོར་གྱུར་བ་ཉིད། དམངས་འཚོའི་བདེ་སྐྱིད་ཡར་སྐུལ་བྱེད་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཡོང་སྒོ་བགོ་བཤའི་ལམ་ལུགས་ལེགས་བཅོས་དང་འཐུས་ཚང་བཟོ་བ། ཐབས་བརྒྱ་ཇུས་སྟོང་གིས་གྲོང་མིའི་ཡོང་སྒོ་མང་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་འདྲ་མཉམ་དྲང་གཞག་དང་འཆམ་མཐུན་ཡར་ཐོན་ཡོང་བར་སྐུལ་འདེད་བྱེད་རྒྱུ། 

    ལས་སྒོ་གསར་གཏོད་དང་ལས་ཞུགས་ལ་སྐུལ་འདེད་གཏོང་གང་ཐུབ་བྱེད་རྒྱུ། ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བྱ་གཞག་གསར་གཏོད་ཀྱིས་ལས་ཞུགས་སྐུལ་ཁྲིད་བྱེད་རྒྱུ། ད་ལོ་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ཁྲི་749ཡོད་པ་ལོ་རྒྱུས་ཐོག་མང་ཤོས་ཡིན་པས། ལས་ཞུགས་སློབ་སྟོན་དང་ལས་སྒོ་གསར་སྤེལ་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་སྟེ། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཀར་ཞུགས་པར་སྐུལ་འདེད་གཏོང་བའི་འཆར་གཞི་དོན་འཁྱོལ་བྱས་ནས། གཞི་རིམ་དུ་ལས་ཀར་ཞུགས་པར་སྐུལ་མ་གཏོང་རྒྱུ། སློབ་ཆེན་གྱི་སློབ་མར་བྱ་གཞག་གསར་གཏོད་ཀྱི་སྐུལ་འདེད་འཆར་གཞི་ལག་བསྟར་བྱས་ཏེ། ཐོན་ལས་གསར་པའི་ལས་ཞུགས་ལས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ། གྲུབ་ཚུལ་ལེགས་སྒྲིག་དང་ཐོན་ནུས་ལྷག་ཐལ་ཆེ་བ་སེལ་ཐབས་བྱེད་པའི་ཁྲོད་ཀྱི་ལས་ཤོར་མི་སྣ་ཡང་བསྐྱར་ལས་ཀར་ཞུགས་པའི་ལས་དོན་ལེགས་སྒྲུབ་བྱེད་རྒྱུ། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་མི། དམག་ལོག་དམག་མི་ལས་ཀར་ཞུགས་པ་བཅས་གཅིག་གྱུར་གྱིས་འཆར་འགོད་བྱེད་རྒྱུ། ཞིང་པ་ལས་མིའི་ལས་རིགས་ནུས་རྩལ་ཆེ་རུ་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པ་དང་། ལས་ཤོར་འགན་བཅོལ་གྱིས་ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་བཟོ་རྒྱུ། ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་གཏོང་བའི་གནད་དོན་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པ་དང་། ངལ་རྩོལ་ལ་ལྟ་ཞིབ་དང་རྩོད་གཞི་ཐག་གཅོད་པའི་ལམ་སྲོལ་འཐུས་ཚང་བཙུགས་ཏེ། བཅའ་ཁྲིམས་ཉིད་ངལ་རྩོལ་པའི་ཁེ་དབང་གི་སྲུང་མ་ལྟ་བུར་འགྱུར་བར་བྱེད་རྒྱུ། 

    སྤྱི་ཚོགས་འགན་སྲུང་ལ་ཤུགས་རྒྱག་པ་དང་གྲོང་མིའི་ཡོང་འབབ་མང་དུ་གཏོང་རྒྱུ། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་བརྒྱ་ཆ་10ཇེ་མཐོར་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་གཅིག་གྱུར་གྱིས་སྒོར་55ནས་སྒོར་70བར་ཇེ་མཐོར་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་དངུལ་རྒྱལ་ཡོངས་གཅིག་གྱུར་ཡོང་བ་བཅས་བྱེད་རྒྱུ་དང་། ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་སོགས་ཀྱི་སྤྲོད་དངུལ་འཇལ་ཚད་གཅོག་རྒྱུ། མ་མཐའི་གླ་ཕོགས་ཚད་གཞི་སྙོམས་སྒྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་མཉམ་དུ་གླ་ཕོགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཞི་རིམ་གྱི་ལས་བྱེད་མི་སྣར་སྲིད་ཇུས་ཐོག་ནས་གཟིགས་སྐྱོང་བྱེད་པ་དང་། རྫོང་རིམ་པ་མན་གྱི་ལས་ཁུངས་སུ་གཞུང་ཞབས་པའི་གོ་གནས་དང་འགན་རིམ་མཉམ་སྤྱོད་ལམ་ལུགས་འཛུགས་རྒྱུ། ནད་གཞི་ལྗིད་པོ་དང་དམིགས་བསལ་ལྗིད་པོར་སྨན་བཅོས་སྐྱོབ་རོགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐབས་འཕྲལ་སྐྱོབ་རོགས་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཉེན་ཚབས་དང་དཀའ་སྡུག་ཆེན་པོ་འཕྲད་པའི་མང་ཚོགས་ཀྱི་སྐྱབས་ཞུའི་རེ་བ་དོན་དང་ལྡན་པ་དང་། དུས་ཐོག་ཏུ་རོགས་སྐྱོར་འཐོབ་པར་བྱེད་རྒྱུ། དཀའ་ངལ་ཡོད་པའི་བྱིས་པ་དང་། ལོ་ན་ཆེ་བ་དང་ནུས་སྟོབས་ཉམས་པའི་རྒན་རྒོན། དབང་བོ་སྐྱོན་ཅན་ཚབས་ཆེན་དང་དབུལ་ཕོངས་དབང་པོ་སྐྱོན་ཅན་པ་སོགས་དམིགས་བསལ་དཀའ་ངལ་ཆེ་བའི་མི་ཚོགས་ལ་ཕན་བདེའི་འགན་སྲུང་ལམ་ལུགས་དང་ཞབས་ཞུའི་མ་ལག་འཐུས་ཚང་འཛུགས་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱེད་ཚད་ཇེ་མཐོར་གཏོང་བ་དང་། གཟིགས་སྐྱོང་བྱེད་ཡུལ་གྱི་གོད་སོས་དང་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ། གླ་ཕོགས་དང་འགན་སྲུང་ཚད་གཞི་སོགས་སྲིད་ཇུས་ཀྱི་ཕན་ཁེ་ཐོབ་རྒྱ་ཆེ་རུ་བཏང་སྟེ་རིམ་པ་ཁག་གི་སྲིད་གཞུང་གིས་ངེས་པར་དུ་དོན་འཁྱོལ་ཡོང་བར་བྱེད་རྒྱུ། མང་ཚོགས་ཀྱི་བདེ་སྡུག་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པས། ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་དམངས་འཚོའི་མཚམས་ཚད་དམའ་ཤོས་ལེགས་སྐྱོང་དང་ལེགས་སྒྲུབ་བྱེད་རྒྱུ། 

    སློབ་གསོ་དྲང་སྙོམས་ངང་གོང་སྤེལ་དང་སྤུས་ཀ་ལེགས་སུ་འགྲོ་བར་སྐུལ་འདེད་བྱེད་རྒྱུ། སློབ་གསོ་ནི་ད་ལྟའི་ལས་དོན་དང་། མ་འོངས་པའི་རེ་བ་ཡིན་པས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ན། སློབ་མའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་དང་། གསར་གཏོད་ཀྱི་སྙིང་སྟོབས། ལག་ལེན་གྱི་ནུས་པ་བཅས་ཇེ་ཆེར་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་རྒྱུ། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་སློབ་གསོ་གཅིག་གྱུར་ངང་སྒྱུར་བཅོས་དང་མཐོ་རིམ་སློབ་གླིང་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ། འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དུ་འཛུགས་སྐྲུན་མགྱོགས་མྱུར་དང་། སློབ་གྲྭ་ཞན་རིགས་དང་ཞག་སྡོད་ལམ་ལུགས་སློབ་གྲྭའི་རྨང་གཞིའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ། ཞིང་པ་ལས་མི་དང་འགྲོགས་ནས་ཡོང་བའི་བུ་ཕྲུག་འབྱོར་ཡུལ་རང་དུ་འོས་འགན་སློབ་གསོ་དང་ལེན་བྱེད་པའི་སྲིད་ཇུས་དོན་འཁྱོལ་དང་། རྗེས་མཐུད་སློབ་རིམ་སྤོར་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། དེང་རབས་ཀྱི་ལས་རིགས་སློབ་གསོའི་མ་ལག་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ། ས་གནས་ཀྱི་དངོས་གཞིའི་མཐོ་རིམ་སློབ་གྲྭ་ཁག་གཅིག་བཀོལ་སྤྱོད་ཅན་གྱི་ཕྱོགས་སུ་སྒྱུར་བའི་སྣེ་ཁྲིད་བྱེད་པ་དང་། ཁ་གཏད་རོགས་སྐྱོར་སོགས་ཀྱི་ཐབས་ལ་བརྟེན་ནས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་གཏོང་རོགས་བྱས་ཏེ། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དང་མི་འབོར་མང་བའི་ཞིང་ཆེན་གྱི་མཐོ་རིམ་རྒྱུགས་ལེན་སློབ་མ་བསྡུ་ཚད་མུ་མཐུད་ནས་ཇེ་མང་དུ་གཏོང་བ་དང་། འཛམ་གླིང་གི་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་འཛུགས་སྐྲུན་བྱེད་རྒྱུ། དམིགས་བསལ་སློབ་གསོ་དང་། སློབ་ན་མ་རན་གོང་གི་སློབ་གསོ། རྒྱུན་མཐུད་སློབ་གསོ། མི་རིགས་ས་ཁུལ་གྱི་སློབ་གསོ་སྣ་ཚོགས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ། དམངས་གཉེར་སློབ་གསོ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བྱེད་རྒྱུ། སློབ་གསོའི་བྱ་གཞག་དངོས་གནས་ལེགས་སྒྲུབ་བྱེད་ཆེད། ང་ཚོས་མ་དངུལ་འཇོག་པར་ཁག་ཐེག་བྱས་ནས་དངུལ་སྐར་མ་གང་ཙམ་ཡང་ལེགས་པོར་སྤྱོད་པ་དང་། གྲོང་གསེབ་དང་དབུལ་ཁུལ་གྱི་སློབ་མ་གཞུང་ཕྱོགས་སུ་སྐྱོད་པའི་ཐབས་ལམ་ཤར་གཏོང་བྱས་ཐོག མི་ཚང་མར་སློབ་གསོ་མྱངས་ནས་རང་གི་ལས་དབང་སྒྱུར་བའི་གོ་སྐབས་སྤྲོད་རྒྱུ། 

    གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཐུས་ཚང་ཇེ་མགྱོགས་སུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་སྲུང་འཐུས་ཚང་དུ་གཏོང་བ་དང་། ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་ཚད་གཞི་མི་རེར་ལོ་རེའི་སྒོར་320ནས་སྒོར་380བར་ཇེ་མཐོར་གཏོང་བ། གྲོང་མིའི་སྨན་བཅོས་འགྲོ་གྲོན་ཧ་ལམ་ཞིང་ཆེན་ནང་ཁུལ་དུ་ཐད་ཀར་བསྡོམས་རྩིས་རྒྱག་ཐུབ་པར་འགྱུར་བ། ལས་འཁྱུར་ངལ་གསོ་མཁན་གྱི་སྨན་བཅོས་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་བསྡོམས་རྩིས་རྒྱག་པར་སྐུལ་འདེད་བརྟན་པོར་གཏོང་བ་བཅས་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་གཞི་ལྗིད་རིགས་འགན་བཅོལ་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་རྒྱུ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། རིག་ཚན་ཀུན་ལ་མཁས་པའི་སྨན་པའི་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་བགོས་ནད་བརྟག་སྨན་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་རྒྱུ། རྫོང་རིམ་པའི་གཞུང་བཙུཌ་སྨན་ཁང་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བ་དང་། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་100ཐམ་པ་རུ་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ཚོད་ལྟ་བྱས་ཏེ། སྨན་གྱིས་སྨན་ཁང་གསོ་རིགས་འདོར་བ་དང་། མཐོ་རྫུས་སྨན་རིན་གཅོག་པ། སྨན་བཅོས་ཞབས་ཞུའི་རིན་གོང་ལེགས་སྒྲིག་ལུགས་མཐུན། སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་བརྒྱུད་ནས་འགྲོ་གྲོན་དོ་སྙོམས་བཅས་བྱས་ཐོག མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་བར་བརྩོན་ལེན་བྱེད་རྒྱུ། སྨན་པ་གཞི་རིམ་གྱི་གནས་མང་པོར་ལས་གཉེར་དུ་བསྐྱོད་པར་བསྔགས་སྐུལ་བྱས་ཏེ། སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། ཞིང་ཆེན་རིམ་པའི་སྨན་བཅོས་སྒྱུར་བཅོས་ཕྱོགས་བསྡུས་ཀྱིས་ཚོད་ལྟ་ཟབ་སྤེལ་དང་། སྨན་བཅོས་རྩོད་གཞི་སྔོན་འགོག་བྱེད་པའི་འདུམ་འགྲིག་ལམ་སྲོལ་གང་མྱུར་འཛུགས་རྒྱུ། མི་རེར་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་རོགས་དངུལ་ཚད་གཞི་ཆ་སྙོམས་སྒོར་35ནས་སྒོར་40བར་ཇེ་མཐོར་བཏང་སྟེ། འཕར་སྣོན་བྱུང་བ་ཚང་མ་གྲོང་གསེབ་སྨན་བཅོས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུར་བཀོལ་སྤྱོད་བྱེད་པ་དང་། ཞིང་པ་དུང་ཕྱུར་མང་པོས་རང་ཡུལ་དུ་སྨན་ལ་བསྟེན་ཐུབ་པར་སྟབས་བདེ་བཟོ་རྒྱུ། ནད་གཞི་ལྗིད་རིགས་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་སྨན་བཅོས་དང་མི་རིགས་སྨན་བཅོས་བྱ་གཞག་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ། འཆར་ལྡན་བུ་བཙའི་ཞབས་ཞུར་དོ་དམ་དང་སྒྱུར་བཅོས་བྱེད་པའི་སྐུལ་འདེད་གཏོང་རྒྱུ། བདེ་ཐང་ཡོང་བར་བྱ་རྒྱུ་ནི་མང་ཚོགས་ཀྱི་གཞི་རྩའི་བླང་བྱ་ཡིན་པས། ང་ཚོས་སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མུ་མཐུད་ནས་མཐོ་རུ་བཏང་སྟེ་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུ། 

    མི་དམངས་མང་ཚོགས་ལ་སྔར་ལས་ལྷག་པའི་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ། རིག་གནས་ནི་མི་རིགས་ཀྱི་བསམ་བློའི་སྲོག་རྩ་དང་གསར་གཏོད་ཀྱི་འབྱུང་ཁུངས་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་ནས། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་གཏོང་བ་དང་། རྩོམ་རིག་སྒྱུ་རྩལ་དང་གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་གློག་བརྙན་བརྙན་འཕྲིན། ཡིག་ཚགས་སོགས་ཀྱི་བྱ་གཞག་བཅས་འཕེལ་རྒྱས་གཏོང་བ། རིག་གནས་ཤུལ་དངོས་དང་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པར་མཐོང་ཆེན་བཅས་བྱེད་རྒྱུ། ཕུལ་བྱུང་རིག་རྩལ་བརྩམས་ཆོས་སྔར་ལས་མང་པོ་མཁོ་སྤྲོད་བྱེད་པ་དང་། དམངས་ཡོངས་ཀྱིས་དཔེ་དེབ་ལྟ་བ་དར་སྤེལ་བཏང་སྟེ། དཔེ་དེབ་ལྟ་སྤྲོ་བའི་སྤྱི་ཚོགས་འཛུགས་སྐྱོང་བྱེད་རྒྱུ། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་དང་དོ་མཉམ་ཅན་དུ་འགྱུར་བར་རིམ་གྱིས་སྐུལ་འདེད་དང་། སྤྱི་པའི་རིག་གནས་སྒྲིག་བཀོད་རིན་དངུལ་མི་དགོས་པར་སྒོ་འབྱེད་རྒྱ་བསྐྱེད་པ། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་ལ་སྐུལ་འདེད་བཅས་བྱེད་རྒྱུ། རིག་གནས་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་བསྲེས་ཀྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཕྱི་ནང་གི་མི་ཆོས་བརྗེ་རེས་རྒྱ་བསྐྱེད་བྱས་ཏེ། རྒྱལ་སྤྱིའི་ཁྱབ་སྤེལ་གཏོང་ནུས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམངས་ཡོངས་ཀྱི་ལུས་སྦྱོང་དང་། རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས་བཅས་འཕེལ་རྒྱས་བཏང་སྟེ། 2022ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་གཉེར་རེ་ཞུ་བའི་ལས་དོན་ལེགས་པོར་བསྒྲུབ་རྒྱུ། 

    སྤྱི་ཚོགས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུ། སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ལས་རིགས་ཀྱི་མཐུན་ཚོགས་དང་། ཚོང་ཚོགས་གཉིས་སྲིད་འཛིན་ལས་ཁུངས་དང་འབྲེལ་ཐག་གཅོད་རྒྱུ། ཚོགས་པ་དང་རྩ་འཛུགས་ཀྱིས་ཁྲིམས་ལྟར་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པ་དང་། ཆེད་ལས་ཀྱི་སྤྱི་ཚོགས་ལས་དོན་དང་། དང་བླངས་ཞབས་ཞུ། དགེ་རྩའི་བྱ་གཞག་བཅས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་རྒན་གསོའི་སྒྲིག་ཆས་དར་སྤེལ་གཏོང་བར་སྐུལ་མ་བཏང་སྟེ་སྡེ་ཁུལ་དང་ཁྱིམ་སྡོད་རྒན་གསོ་འཕེལ་རྒྱས་གཏོང་རྒྱུ། གྲོང་གསེབ་ཀྱི་གཞིས་སྡོད་བྱིས་པ་དང་། བུད་མེད། རྒན་རྒོན་བཅས་ལ་ཐུགས་ཁུར་གྱི་ཞབས་ཞུ་མཁོ་འདོན་བྱེད་ཆེད། ལོ་ན་མ་སོན་པའི་སྐྱེ་བོའི་སྤྱི་ཚོགས་ཀྱི་སྲུང་སྐྱོང་ལམ་ལུགས་འཛུགས་རྒྱུ། བུད་མེད་དང་བྱིས་པའི་ཁེ་དབང་འགན་ལེན་ཏན་ཏིག་བྱ་རྒྱུ། སྤྱི་པའི་ཐོལ་བྱུང་དོན་རྐྱེན་སྔོན་འགོག་ཐག་གཅོད་དང་གནོད་འགོག་གནོད་སེལ་རྒུད་སྐྱོབ་བཅས་ཀྱི་ནུས་པ་ཇེ་ཆེར་གཏོང་རྒྱུ། ས་ཡོམ་དང་། གནམ་གཤིས། ཚད་འཇལ་རིས་འབྲི། ས་གཤིས་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ། ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་གསོ་ཟབ་སྤེལ་དང་། མི་དམངས་ཀྱི་འདུམ་འགྲིག་ལས་དོན་ལ་ཤུགས་སྣོན། ཁྲིམས་ལུགས་ཀྱི་རོགས་སྐྱོར་ལམ་ལུགས་འཐུས་ཚང་བཅས་གཏོང་རྒྱུ། ཇུས་ཐག་གལ་ཆེན་གཅོད་པར་སྤྱི་ཚོགས་བརྟན་ལྷིང་ཡོང་མིན་དཔྱད་དཔོག་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་ཀྱི་འགལ་བ་སྔོན་འགོག་དང་འདུམ་འགྲིག་ནུས་ལྡན་བྱེད་རྒྱུ། ཡིག་བསྐུར་ངོ་བཅར་ཁྲིམས་ལུགས་ཀྱི་ཐབས་ལམ་དུ་བཙུད་ནས་མང་ཚོགས་ཀྱི་ཚུལ་མཐུན་ཞུ་གསོལ་དུས་ཐོག་ཏུ་རང་སར་ཐག་གཅོད་བྱེད་རྒྱུ། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གཏིང་ཟབ་བྱེད་པ་དང་། དངོས་སྣང་ཅན་གྱི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་སྟེ། གཏུམ་སྤྱོད་འཇིགས་སྐུལ་དང་། འཆལ་རྒྱན་དུག་གསུམ། ལོག་ཆོས། ལྐོག་ཚོང་འདྲེན་པ་སོགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། དྲ་སྦྲེལ་གྱི་བར་སྟོང་འཕེལ་རྒྱས་དང་ཚད་ལྡན་བཟོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་ལ་འགན་ལེན་ཏན་ཏིན་བྱེད་རྒྱུ། མིའི་ཚེ་སྲོག་གི་རིན་ཐང་གཞལ་དུ་མེད་པས་སྔར་ལས་བློ་ཐག་རྦད་ཆོད་ཀྱི་བྱེད་ཐབས་སྤྱད་དེ་བདེ་འཇགས་ཐོན་སྐྱེད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། བཟའ་བཅའ་དང་སྨན་རྫས་གནོད་མེད་ཀྱི་གོ་རིམ་ཧྲིལ་པོ་འགན་སྲུང་བྱེད་རྒྱུ། ནུས་བསྲི་སྙིགས་འཕྲི་དང་ཁོར་ཡུག་བཅོས་སྐྱོང་གི་འགག་སྒྲོལ་ལས་ཀ་ལེགས་པོར་བསྒྲུབ་རྒྱུ། ཁོར་ཡུག་སྦགས་བཙོག་ནི་དམངས་འཚོའི་ཆག་སྒོ་དང་། དམངས་སེམས་ལ་གནོད་བྱེད་ཡིན་པས། བཙན་ཐབས་ལ་བརྟེན་ནས་བཅོས་སྐྱོང་མཐའ་གཅིག་བྱ་རྒྱུ། ད་ལོར། དབྱང་གཉིས་ཐཱན་རྫས་འབུད་བསྐྱུར་བྱེད་ཚད་བརྒྱ་ཆ་3.1ཡན་ཉུང་དུ་འགྲོ་བ་དང་། རྫས་འགྱུར་ལ་མཁོ་བའི་དབྱང་གི་ཚད་དང་ཨན་ཏན་འབུད་བསྐྱུར་བྱེད་ཚད་གཉིས་ཀ་བརྒྱ་ཆ་2ཡས་མས་ཆག་པ། དབྱང་གཉིས་ཐཱན་རྫས་དང་ཨན་ཏན་འགྱུར་རྫས་འབུད་བསྐྱུར་བྱེད་ཚད་སོ་སོར་བརྒྱ་ཆ་3ཡས་མས་དང་བརྒྱ་ཆ་5ཡས་མས་ཆག་པར་བྱེད་རྒྱུ། རླུང་ཁམས་ཆེན་མོའི་སྦགས་བཙོག་སྔོན་འགོག་ལས་སྒོའི་འཆར་གཞི་ལག་བསྟར་གཏིང་ཟབ་དང་། ས་ཁོངས་མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན། རྡོ་སོལ་གཙང་མ་ནུས་ཆེའི་བེད་སྤྱོད་ལ་ཤུགས་སྣོན། སོལ་སྤར་གློག་འདོན་ཁང་གི་འབུད་བསྐྱུར་ཆེས་ཉུང་སྒྱུར་བཀོད་བྱེད་པར་སྐུལ་འདེད་བཅས་བྱས་ཏེ། ས་ཁོངས་གལ་ཆེན་དུ་རྡོ་སོལ་འཛད་སྤྱོད་རྩ་བ་ནས་མི་འཕར་བར་བྱེད་རྒྱུ། ནུས་ཁུངས་གསར་པའི་རླངས་འཁོར་ཁྱབ་གདལ་དུ་གཏོང་བ་དང་། འཁོར་རིགས་ཀྱི་བཙོག་རླངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྣུམ་གྱི་ཚད་གཞི་དང་སྤུས་ཀ་ལེགས་སུ་གཏོང་བ། ས་ཁོངས་གལ་ཆེན་གྱི་གྲོང་ཁྱེར་གལ་ཆེན་ལ་རྒྱལ་ཁབ་ཀྱི་ཚད་གཞི་ལྔ་པའི་རླངས་འཁོར་ལ་ས་སྣུམ་དང་ཁྲའེ་ཡིའུ་སྣུམ་ཁྱོན་ཡོངས་ནས་མཁོ་འདོན་བྱེད་རྒྱུ།

    2005ལོའི་ལོ་མཇུག་གི་གོང་ལ་ཐོ་བཀོད་སྐྱེལ་འདྲེན་བྱེད་པའི་རྟགས་སེར་རླངས་འཁོར་ཐམས་ཅད་མེད་པར་བཟོ་རྒྱུ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ལེགས་པོ་བཅལ་ནས་ཐཱན་འབུད་བསྐྱུར་བྱེད་དབང་ཉོ་ཚོང་ཚོད་ལྟ་བྱེད་གནས་རྒྱ་སྐྱེད་རྒྱུ། ཆུའི་སྦགས་བཙོག་འགོག་སེལ་ལས་སྒོའི་འཆར་གཞི་ལག་བསྟར་བྱས་ཏེ། གཙང་པོ་དང་མཚེའུ་རྒྱ་མཚོ་བཅས་པའི་སྦགས་བཙོག་དང་། ཆུའི་སྦགས་བཙོག་གི་འབྱུང་ཁུངས། ཞིང་ལས་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆུ་འགོ་ནས་ཆུའི་ཀ་ལའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་རྒྱུ། ཁོར་ཡུག་སྦགས་བཙོག་ཕུང་གསུམ་པས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་སྐོར་གྱི་བཅའ་ཁྲིམས་འཛུགས་པའི་ལས་དོན་ལེགས་པར་བསྒྲུབ་རྒྱུ། ང་ཚོས་ངེས་པར་དུ་ཁོར་ཡུག་གི་ཁྲིམས་ལུགས་ལག་བསྟར་ཏན་ཏིག་བྱས་ནས། ལྐོག་འབུད་ལྐོག་སྐྱུར་མཁན་ལ་རྡུང་རྡེག་དྲག་པོ་བཏང་ཐོག་དེ་ཚོར་རིན་དོད་ཆེན་པོ་འཇལ་དུ་འཇུག་རྒྱུ། རྒྱ་ཡན་དུ་གཏོང་མཁན་གྱི་འགན་འཁྲི་བདའ་འདེད་ནན་པོར་བྱས་ནས་དེར་གཅོད་དགོས་ངེས་ཀྱི་ཆད་པ་གཅོད་རྒྱུ། 

    ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེ་བྱེད་རྒྱུ་ནི་གོང་འཕེལ་དང་དམངས་འཚོ་དང་འབྲེལ་བ་ཡོད་པས། རླུང་ནུས་གློག་འདོན་དང་། འོད་ནུས་གློག་འདོན། སྐྱེ་དངོས་ཀྱི་ནུས་པ་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཆུ་གློག་འཕེལ་རྒྱས་ཧུར་ཐག་གཏོང་བ། ཉིང་གློག་བདེ་འཇགས་ངང་འཕེལ་རྒྱས་གཏོང་བ། རྡོ་གཡམ་སོལ་རླངས་དང་སོལ་རིམ་སོལ་རླངས་གསར་སྤེལ་བེད་སྤྱོད་བཅས་བྱེད་རྒྱུ། ནུས་ཁུངས་འཛད་སྤྱོད་བྱེད་འབོར་ཚོད་འཛིན་བྱས་ཏེ། བཟོ་ལས་དང་འགྲིམ་འགྲུལ། ཨར་ལས་སོགས་ཁྱབ་ཁོངས་གཙོ་གནད་ཀྱི་ནུས་བསྲི་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་ནས་བཟོ་ལས་ཀྱི་སྙིགས་རོ་དང་འཚོ་བའི་གད་སྙིགས་ཐོན་ཁུངས་ཅན་དུ་འགྱུར་བ་བྱས་ཏེ་བེད་སྤྱོད་ཤུགས་ཆེན་བྱེད་རྒྱུ། རང་རྒྱལ་གྱི་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་ཚོང་རའི་རྟིང་ཤུགས་ཧ་ཅང་ཆེན་པོ་ཡིན་པས། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་ཐོན་ལས་རིགས་གསར་དར་གཙོ་རྟེན་ཐོན་ལས་སུ་བསྐྲུན་རྒྱུ། 

    ནགས་ཚལ་དང་། རྩྭ་ཐང་། གཙང་ཆུ། འདམ་ར་བཅས་ནི་རང་བྱུང་ཁམས་ཀྱིས་མིའི་རིགས་ལ་སོས་སུ་གནང་བའི་སྔོ་ལྗང་རྒྱུ་ནོར་ཞིག་ཡིན་པས་ངེས་པར་དུ་གཅེས་སྤྲས་ལྡབ་འགྱུར་བྱེད་རྒྱུ། སྐྱེ་ཁམས་ལས་གཞི་གལ་ཆེན་འཛུགས་སྐྲུན་དང་། སྐྱེ་ཁམས་ནུས་པའི་གཙོ་གནད་ཁུལ་རྒྱ་ཆེ་རུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་དཔེ་སྟོན་ཁུལ་ལེགས་གཉེར། རྒྱལ་ཁོངས་ས་ཆ་དང་གཙང་ཆུ་ཕྱོགས་བསྡུས་བཅོས་སྐྱོང་ཚོད་ལྟ། འབབ་རྒྱུད་སྟོད་སྨད་ལ་འཕྲེད་ཕྱོགས་ཀྱི་ཁ་གསབ་ལམ་སྲོལ་ཚོད་ལྟ་རྒྱ་སྐྱེད་བཅས་བྱས་ཏེ་རྨ་འབྲི་རྫ་གསུམ་གྱི་ཆུ་འགོ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ། རང་བྱུང་ནགས་ཚལ་སྲུང་སྐྱོང་བྱེད་ཁོངས་རྒྱ་ཆེ་རུ་གཏོང་བ་དང་། རང་བྱུང་ནགས་ཚལ་ཚོང་ལས་རང་བཞིན་གྱི་གཅོད་འབྲེག་བྱེད་རིགས་གོ་རིམ་ལྡན་པའི་སྒོ་ནས་མཚམས་འཇོག་རྒྱུ། ད་ལོ་ཞིང་དོར་ནགས་གསོ་དང་རྩྭ་གསོ་སྤྱི་ཆིང་ཁྲི་66.7དང་། ནགས་བཟོ་སྤྱི་ཆིང་ཁྲི་600གསར་སྣོན་བྱེད་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འགག་རྩ་བྱ་སྤྱོད་སྤེལ་རྒྱུ་དང་མཐར་ཐུག་རྒྱུན་འཁྱོངས་ལ་ཐུག་ཡོད་པས། ང་ཚོས་ངེས་པར་དུ་དམ་འཛིན་ལྷོད་གཡེང་རྩ་བ་ནས་མ་བཏང་བར་གནམ་སྔོན་རྡུལ་བྲལ་དང་ཆུ་གཙང་རྒྱུན་འབབ། འཕེལ་རྒྱས་རྒྱུན་མི་ཆད་པ་བཅས་ངེས་པར་དུ་ཡོང་བ་བྱེད་རྒྱུ། 

    དྲུག སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་རྒྱུ།

    ང་ཚོས་ཁྱོན་ཡོངས་ནས་བཅའ་ཁྲིམས་ལྟར་རྒྱལ་སྐྱོང་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་དང་། གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་ཅན་གྱི་སྲིད་གཞུང་བཅས་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་ཐོག སྲིད་གཞུང་གི་ལག་བསྟར་ནུས་པ་དང་ཀུན་གྱི་ཡིད་རྟོན་ནུས་པ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། 

    རྩ་ཁྲིམས་ལྟར་སྲིད་སྐྱོང་དང་བཅའ་ཁྲིམས་ལྟར་སྲིད་འཛིན་རྒྱུན་འཁྱོངས་བྱས་ནས་སྲིད་གཞུང་གི་ལས་དོན་ཁྱོན་ཡོངས་ནས་ཁྲིམས་སྐྱོང་གི་འཁོར་རྒྱའི་ནང་འཇུག་རྒྱུ། རྩ་ཁྲིམས་ནི་ང་ཚོའི་རྩ་བའི་བྱེད་སྒོའི་ཚད་གཞི་ཡིན་པས། སྲིད་གཞུང་རིམ་པ་ཁག་དང་དེའི་ལས་དོན་མི་སྣ་ཚང་མས་ངེས་པར་དུ་སྲུང་བརྩི་ནན་པོ་ཞུ་དགོས། ཁྲིམས་བརྩི་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱས་ནས་བཅའ་ཁྲིམས་ལྟར་འགན་འཁྲི་ཁྱོན་ཡོངས་ནས་སྒྲུབ་རྒྱུ་དང་། སྲིད་འཛིན་བྱ་སྤྱོད་ཚང་མར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་དགོས་པ་ལས་སྲིད་གཞུང་གི་སྡེ་ཁག་གང་ཞིག་ཡིན་རུང་བཅའ་ཁྲིམས་ཕྱིའི་དབང་ཆ་འཛུགས་མི་ཆོག སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་དང་། དྲང་བདེན་ཡ་རབས་ཀྱི་ཁྲིམས་བསྟར་ཚད་གཞི་ནན་དུ་གཏོང་བ། ཕྱོགས་བསྡུས་ཁྲིམས་བསྟར་མགྱོགས་སུ་གཏོང་བ། སྲིད་འཛིན་ཁྲིམས་བསྟར་གྱི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱེད་རྒྱུ། ཁྲིམས་འགལ་སྒྲིག་འགལ་གྱི་སྤྱོད་ཚུལ་ཐམས་ཅད་བདའ་འདེད་གཏོང་རྒྱུ་དང་ཁྲིམས་བསྟར་ནན་པོ་མེད་པའི་སྣང་ཚུལ་ཐམས་ཅད་ཡོ་བསྲང་ངེས་པར་དུ་བྱེད་དགོས། 

    དོ་དམ་གསར་གཏོད་རྒྱུན་འཁྱོངས་དང་། ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ། སྲིད་གཞུང་གི་ཕན་གོ་ཕྱོད་ནུས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུར་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་གང་ནུས་སྤྱད་ནས་ཕུང་གསུམ་པས་འདོན་སྤྲོད་ཐུབ་པའི་ལས་དོན་རང་བཞིན་གྱི་དོ་དམ་ཞབས་ཞུ་ཚོང་རའམ་སྤྱི་ཚོགས་ལ་སྒྲུབ་རྒྱུར་སྤྲོད་རྒྱུ། ཇུས་ཐག་གཅོད་རྒྱུ་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ནས་རིག་མཛོད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱེད་རྒྱུ། སྲིད་དོན་ཡོངས་བསྒྲགས་ཁྱོན་ཡོངས་ནས་ལག་བསྟར་དང་། གློག་རྡུལ་སྲིད་དོན་དང་དྲ་ཐོག་ལས་སྒྲུབ་ཁྱབ་གདལ་གཏོང་རྒྱུ། སྲིད་གཞུང་རིམ་པ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་རང་རྟོགས་ངང་དང་ལེན་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན། དམངས་གཙོའི་ཏང་ཤོག་ཁག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མ་གཏོགས་པའི་མི་དྲག་དང་མི་དམངས་ཚོགས་པ་ཁག་བཅས་ཀྱི་བསམ་འཆར་ཉན་འཇོག་ནན་ཏན་བྱེད་རྒྱུ། ང་ཚོའི་ལས་དོན་སྒྲུབ་རིགས་ཐམས་ཅད་ཀྱིས་ཁྱོན་ཡོངས་ནས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་དང་མི་དམངས་ཀྱི་འདོད་བློ་གང་ལེགས་མཚོན་པ་བྱེད་རྒྱུ།

    བཅའ་ཁྲིམས་ལྟར་དབང་ཆ་སྤྱོད་པ་རྒྱུན་འཁྱོངས་དང་། བསྲི་ཚགས་དར་སྤེལ་དང་རྒྱས་སྤྲོས་བཅོས་སྐྱོང་བྱས་ནས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་རྒོལ་བའི་ལས་དོན་གཏིང་ཟབ་སྤེལ་རྒྱུ། ཏང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཐོག“སྤྱོད་ཚུལ་བཞི”རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཡོ་བསྲང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི“སྲུང་བྱ་རྣམ་གསུམ”མུ་མཐུད་ལག་བསྟར་ནན་པོ་བྱེད་རྒྱུ། རུལ་སུངས་ཀྱི་སྣང་ཚུལ་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་དབང་ཆ་འཐོབ་འཚོལ་བྱེད་པ་དེ་ཡིན་པས། དབང་ཆ་སྟོབས་ཆུང་དུ་གཏོང་བར་བརྟེན་ནས་སྲིད་གཙང་སྟོབས་ཆེ་རུ་གཏོང་བ་དང་ལམ་ལུགས་ར་བ་དམ་བརྟན་བསྐོར་ཏེ། འཐོབ་འཚོལ་གྱི་བར་སྟོང་མཐའ་གཅིག་ཏུ་མེད་པ་བཟོ་བ་དང་རུལ་སུངས་ཀྱི་གཞི་མ་སྟོངས་སུ་འཇུག་དགོས། སྲིད་འཛིན་ལྟ་ཞིབ་ལ་ཤུགས་སྣོན་དང་རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱས་ནས་སྤྱི་པའི་མ་དངུལ་དང་སྤྱི་པའི་ཐོན་ཁུངས། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་བཅས་ལ་ལྟ་སྐུལ་དང་དོ་དམ་ནན་པོ་བྱེད་རྒྱུ། རུལ་སུངས་ལ་རྒོལ་བའི་དྲག་གནོན་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཐོག་རུལ་སུངས་པར་བཟོད་སྒོམ་རྩ་བ་ནས་མ་བྱས་པར་རྩད་ཞིབ་ནན་པོ་བྱེད་རྒྱུ། རུལ་སུངས་སུ་གྱུར་པའི་བྱ་སྤྱོད་དེ་འགོ་ཁྲིད་ལས་ཁུངས་དང་མང་ཚོགས་ཀྱི་ཉེ་འཁོར་གང་དུ་ཐོན་ཀྱང་ངེས་པར་དུ་ཉེས་ཆད་ནན་པོ་གཅོད་རྒྱུ། 

    རང་འགུལ་ངང་ལས་བྱེད་པ་རྒྱུན་འཁྱོངས་དང་། དོན་འཁྱོལ་དམ་འཛིན་ནན་པོ་བྱས་ཏེ་དམངས་ཆེད་སྲིད་བརྩོན་ཐུབ་པ་ཏན་ཏིག་བྱེད་རྒྱུ། དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པས། བསམ་པའི་ཉམས་འགྱུར་ཡང་གསར་པ་ཡོད་དགོས། རྒྱ་ཆེའི་གཞུང་ཞབས་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་དོན་གཉེར་དང་བདེ་སྐྱིད་བསྐྲུན་རྒྱུ་དེ་འགན་འཁྲི་ཆེ་ཤོས་སུ་བརྩི་བ་དང་། ཐོག་མཐའ་བར་གསུམ་དུ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་ལས་འགན་དེ་ཕྲག་ཐོག་ཏུ་ཁུར་བ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་སྐྱིད་སྡུག་དེ་སེམས་གཏིང་དུ་འཇོག་པ་བཅས་བྱེད་རྒྱུ། སྲིད་གཞུང་རིམ་པ་ཁག་གིས་འགན་འཁྲི་ནན་སྒྲུབ་ཏན་ཏིག་དང་། ལག་ལེན་དོན་འཁྱོལ་དམ་འཛིན། གསར་གཏོད་ཀྱི་རང་བཞིན་ལྡན་པ་བཅས་ཀྱི་སྒོ་ནས་ལས་དོན་སྤེལ་རྒྱུ། སྲིད་དོན་བྱས་རྗེས་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བྱས་རྗེས་མངོན་གསལ་དོད་པར་གཟེངས་བསྟོད་ཤུགས་ཆེན་བྱེད་རྒྱུ་དང་། ལས་དོན་ཐད་ནུས་པ་མེད་མཁན་ལ་བསླབ་འདོམས་སྐུལ་ལྕག་གཏོང་རྒྱུ། འགོ་ཁྲིད་པའི་ལས་མི་བྱེད་པ་དང་སྲིད་དོན་ལ་ལྷོད་གཡེང་བྱེད་མཁན་ལ་ཡོངས་གྲགས་ཕྱིར་འདོན་བྱེད་རྒྱུ་དང་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་བྱེད་རྒྱུ། འཐུས་མི་རྣམ་པ། 

    རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་ཅིག་ཡིན་པས། འདྲ་མཉམ་མཐུན་སྒྲིལ་རོགས་རེས་ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་འགན་འཁྲི་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དར་རྒྱས་མེད་པའི་མི་རིགས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་གཏོང་བར་རོགས་སྐྱོར། མཐའ་དར་དམངས་ཕྱུག་བྱ་སྤྱོད་སྤེལ་བ། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དང་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་50འཁོར་བ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱེད་རྒྱུ། མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་བྱུང་ན། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོ་སྔར་བས་གྲ་རྒྱས་སྟོབས་ལྡན་དང་བདེ་སྐྱིད་གཞིས་འཇགས་ཡོང་ངེས་རེད། 

    ང་ཚོས་ཆོས་ལུགས་ལས་དོན་གྱི་ཏང་གི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཆོས་ལུགས་ཀྱི་འབྲེལ་བ་ཞི་མཐུན་ཡོང་བར་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་ཆོས་ལུགས་ལས་རིགས་ཀྱི་མི་དྲག་དང་ཆོས་དད་མང་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ། 

    མེས་རྒྱལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ནང་ཞུགས་རྒྱུ་དང་མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བར་སྐུལ་སྤེལ། ཀྲུང་ཕྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་སྤུན་ཟླ་དང་དེ་ཚོའི་ཁྱིམ་མི་བཅས་ཀྱི་ཐུན་མིན་ནུས་པ་ང་ཚོས་འདོན་སྤེལ་སྔར་ལས་ལེགས་པ་བྱས་ནས་རྒྱལ་ཕྱི་རྒྱལ་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བློ་ཁ་ཕྱོགས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། 

    འཐུས་མི་རྣམ་པ། 

    རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་འཛུགས་རྒྱུ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་རྩ་བའི་འགན་ལེན་ཡིན། དུས་བབ་གསར་པའི་འོག་ཏང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་ལ་རྩེ་གཅིག་ཏུ་དམིགས་པ་དང་། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་རྒྱུན་འཁྱོངས་། ཕྱོགས་ཁག་དང་ཁྱབ་ཁོངས་ཁག་ཏུ་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ལེགས་པོ། མཐའ་སྲུང་མཚོ་སྲུང་མཁའ་སྲུང་བཅས་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱེད་རྒྱུ། དེང་རབས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་ལེགས་སྐྱོང་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྲུང་ཚན་རིག་ཞིབ་འཇུག་དང་ལག་རྩལ་མཐོ་གསར་གྱི་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྲུང་ཚན་རྩལ་བཟོ་ལས་འཕེལ་རྒྱས་གཏོང་བ་བཅས་བྱེད་རྒྱུ། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་སྤེལ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲིམས་ལུགས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་རྒྱུ། དེང་རབས་ཅན་གྱི་དྲག་ཆས་ཉེན་རྟོག་པའི་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་ཆེ་རུ་གཏོང་བ་དང་། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་སྲུང་འཛུགས་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་། དམག་དམངས་འབྲེལ་འདྲིས་འཕེལ་རྒྱས་གཏིང་ཟབ་ཡོང་བ་བྱེད་རྒྱུ། སྲིད་གཞུང་རིམ་པ་ཁག་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་དང་། བློ་བརྟན་འགྱུར་མེད་ཀྱིས་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་སྐུལ་སྤེལ་གཏོང་རྒྱུ། 

    འཐུས་མི་རྣམ་པ།

    ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་“ཤང་ཀང་བས་ཤང་ཀང་སྐྱོང་བ”དང་“ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་བཅས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཐོག་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་དམ་ནན་བྱས་ཏེ་ལས་དོན་སྒྲུབ་རྒྱུ་དང་། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་འདོམས་དང་སྲིད་གཞུང་གིས་བཅའ་ཁྲིམས་ལྟར་སྲིད་སྐྱོང་བ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། དམངས་གཙོར་སྐུལ་སྤེལ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ལ་རྒྱབ་སྐྱོར་གང་ཐུབ་བྱེད་རྒྱུ། ནང་ས་དང་ཤང་ཀང་ཨའོ་མོན་གྱི་ཁྱབ་ཁོངས་ཁག་དབར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་སྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ནང་ཤང་ཀང་དང་ཨའོ་མོན་གྱི་དམིགས་བསལ་ནུས་པ་མུ་མཐུད་འདོན་སྤེལ་བཅས་བྱེད་རྒྱུ། ཀྲུང་དབྱང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་འོག་ཤང་ཀང་དང་ཨའོ་མོན་རང་ངོས་ཀྱི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་ཚེ་ཤང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཛིན་ཐུབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། 

    ང་ཚོས་ཐའེ་དབན་ལ་འཛིན་པའི་ལས་ཀའི་སྲིད་དོན་གལ་ཆེན་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ངོགས་གཉིས་ཀྱིས“གོ་གཉིས་ལོའི་ངོས་འཛིན་གཅིག་མཐུན”རྒྱུན་འཁྱོངས་དང་། “ཐའེ་དབན་རང་བཙན་”ལ་རྒོལ་བའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ཡང་དག་པ་མཐའ་འཁྱོངས་བཅས་བྱེད་རྒྱུ། ངོགས་གཉིས་བར་གྲོས་མོལ་དང་གླེང་མོལ་ཧུར་ཐག་དང་། དཔལ་འབྱོར་གཉིས་ཕན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། གཞི་རིམ་དང་གཞོན་ནུ་ལོ་ཆུང་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་རྒྱུ། སྤུན་ཟླ་ཐའེ་དབན་བའི་ཁེ་དབང་བཅའ་ཁྲིམས་ལྟར་སྲུང་སྐྱོང་དང་། མང་ཚོགས་སྔར་ལས་མང་བར་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་བྱུང་བའི་འབྲས་བུ་ལོངས་སུ་སྤྱོད་དུ་འཇུག་རྒྱུ། ངོགས་གཉིས་ཀྱི་སྤུན་ཟླས་ཤེས་རྟོགས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཤ་ཁྲག་ལྟ་བུའི་སྤུན་ཉེའི་བརྩེ་དུང་ཟབ་ཏུ་གཏོང་བ། སེམས་ཁམས་ཀྱི་རྒྱང་ཁྱད་ཉེ་རུ་གཏོང་བ་བཅས་བྱས་ཏེ་མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བར་ང་ཚོས་རེ་སྒུག་བྱེད་ཀྱི་ཡོད། ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་འགྲོ་བ་ནི་འགོག་ཐབས་བྲལ་བ་དང་ཕྱོགས་ཁ་སྒྱུར་ཐབས་མེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། 

    འཐུས་མི་རྣམ་པ། 

    ང་ཚོས་ཞི་བའི་འཕེལ་རྒྱས་དང་མཉམ་ལས་མཉམ་རྒྱལ་གྱི་དར་ཆ་མུ་མཐུད་མཐོན་པོར་བསྒྲེང་ཞིང་། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་གྱུར་གྱིས་འཆར་འགོད། ཞི་བའི་འཕེལ་རྒྱས་གཏོང་ལམ་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བསྐྱོད་པ། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལག་བསྟར། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་རྒྱལ་ཕྱིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། མཉམ་ལས་མཉམ་རྒྱལ་ལྟེ་བར་འཛིན་པའི་རྒྱལ་སྤྱིའི་འབྲེལ་བ་དཔེ་གསར་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ། རྒྱལ་ཁབ་ཆེ་ཁག་དང་འཐབ་ཇུས་ལྡན་པའི་གྲོས་མོལ་དང་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། སྐྱོན་དང་བྲལ་ཞིང་བརྟན་པོ་ཡིན་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་གཞི་སྒྲོམ་འཛུགས་རྒྱུ། མཐའ་སྐོར་གྱི་ཕྱི་འབྲེལ་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་སྟེ་མཐའ་སྐོར་གྱི་ལས་དབང་གཞི་གཅིག་ཏུ་བསྒྱུར་བ་བྱེད་རྒྱུ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་རྒྱུ། རྒྱལ་སྤྱིའི་ཕྱོགས་མང་ལས་དོན་ལ་ཧུར་ཐག་ཞུགས་པ་དང་། རྒྱལ་སྤྱིའི་མ་ལག་དང་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་ཕྱོགས་སུ་འཕེལ་རྒྱས་ཡོང་བར་བྱེད་རྒྱུ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་འགོག་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་འབྲེལ་ཡོད་བྱེད་སྒོ་ལེགས་པོ་གཉེར་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་རྒྱུ། ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ཞིང་དཔུང་པ་མཉམ་གཤིབ་བྱས་ཏེ་སྔར་ལས་རྒྱུན་སྲིང་གི་ཞི་བདེ་སྲུང་སྐྱོང་དང་སྔར་ལས་དར་རྒྱས་ཀྱི་འཛམ་གླིང་སྐྲུན་འདོད་ཡོད། 

    འཐུས་མི་རྣམ་པ། 

    དུས་རབས་ཀྱིས་ཀྲུང་གོར་འཕེལ་རྒྱས་གྲ་རྒྱས་ཡོང་བའི་ལོ་རྒྱུས་ཀྱི་གོ་སྐབས་སྤྲད་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་ང་ཚོས་མཐུན་སྒྲིལ་དམ་ཟབ་བྱས་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་སེམས་ནུས་གཅིག་སྒྲིལ་དང་གསར་གཏོད་ཡར་བརྩོན་བྱས་ཏེ་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་དམིགས་འབེན་དང་ལས་འགན་ལེགས་སྒྲུབ་ཧུར་ཐག་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་འབྱོར་ཕྱུག་དམངས་གཙོ་ཤེས་དཔལ་ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས། 

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་འབྱོར་བའི་གློག་འཕྲིན)

    (ཀྲུང་དབྱང་མི་རིགས་ཡིག་སྒྱུར་ཅུས་ཀྱིས་མཁོ་འདོན་བྱས་་པ་གཞིར་བཟུང)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།