[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>ཆེད་དོན་བཅར་འདྲི།
  • བོད་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་གི་མི་རིགས་མཐུན་སྒྲིལ་གྱི་ལྟ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-22

    《ཀྲུང་གོའི་མི་རིགས་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “མི་རིགས་དབར་མཐུན་སྒྲིལ་གྱི་རྒྱུ་རྐྱེན་གཙོ་ཆེ་ཤོས་ནི་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲེས་བཅས་བྱ་རྒྱུ་དེ་རེད། འགྲོ་འོང་ནི་རྣམ་པ་ཞིག་དང་། སྤེལ་རེས་ནི་ནང་དོན་ཞིག འབྲེལ་འདྲེས་ནི་ངོ་བོ་ཞིག་བཅས་རེད། ཕྱོགས་གཞན་ཞིག་ནས་བརྗོད་ན། རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་ཕན་ཚུན་བརྩི་འཇོག་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་ཆ་སྙོམས་མེད་པའི་ཧེ་བག་ཆུང་དུ་བཏང་ཚེ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་གཞི་ནས་ཡག་པོ་སྒྲུབ་ཐུབ”ཅེས་མི་རིགས་མཐུན་སྒྲིལ་ལས་དོན་ཇི་ལྟར་བྱས་ནས་ཡག་པོ་བསྒྲུབ་རྒྱུའི་སྐོར་ལ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། བོད་ལྗོངས་སློབ་ཆེན་ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་། བོད་ལྗོངས་སློབ་ཆེན་བོད་ཀྱི་དཔལ་འབྱོར་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཡིན་པའི་ཐུབ་བསྟན་མཁས་གྲུབ་ཀྱིས་དེ་ལྟར་གསུང་གི་འདུག

    ཐུབ་བསྟན་མཁས་གྲུབ་ཀྱིས། སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཏེ་རྒྱལ་ཁབ་དང་མི་དམངས་ལ་བདེ་སྐྱིད་དཔག་མེད་སྦྱིན་ཡོད་ལ། ཚང་མའི་ཡོང་འབབ་ཀྱང་བལྟོས་བཅས་ཀྱིས་མང་དུ་ཕྱིན་ཡོད། འོན་ཀྱང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ས་ཁོངས་ཁག་གི་འཕེལ་རྒྱས་མྱུར་ཚད་སྙོམས་པོ་མེད་པ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་དོ་མཉམ་མེད་པའི་དབང་གིས་སེམས་ཁམས་ཐད་ཚད་ངེས་ཅན་གྱི་ཐོག་ནས་དོ་སྙོམས་མེད་པ་ཆགས་ཡོད་པའི་ངོས་འཛིན་གནང་བ་རེད། ཁོང་གིས“དེ་སྔ་ང་ཚོས་གཞུང་ལུགས་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་རྒྱུ་རྐྱེན་གཙོ་བོ་ནི་དཔལ་འབྱོར་གྱི་རྒྱུ་རྐྱེན་རེད། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ཆ་སྙོམས་མེད་ཁར་ཡོང་འབབ་འཕར་བའི་མྱུར་ཚད་དང་གཏོང་སྒོའི་གྲུབ་ཆ་མི་འདྲ་བའི་དབང་གིས་ཞི་མཐུན་གྲུབ་རྐྱེན་ལ་རིམ་བཞིན་ཤུགས་རྐྱེན་བཟོ་གི་ཡོད། ལྷག་པར་དུ་ལོ་ཤས་གོང་ང་ཚོས་འཕེལ་རྒྱས་ཐད་ཀྱི་ཁྱད་པར་ལ་ནན་བཤད་བྱས་དྲགས་ནས་ཕན་ཚུན་དབར་གྱི་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲེས་བཅས་ལ་ལྷོད་གཡེང་ཤོར་ཡོད། དེར་བརྟེན་ཁྱད་པར་ལ་བརྩི་འཇོག་བྱས་ཚེ་གཞི་ནས་སྣ་མང་ལ་བཟོད་སྒོམ་བྱེད་ཐུབ་ཅེས་རྒྱུན་དུ་བརྗོད་ཀྱི་ཡོད”ཅེས་གསུངས་པ་རེད།

    ཐུབ་བསྟན་མཁས་གྲུབ་ཀྱིས“ལོ་ལྟར་ཞིབ་འཇུག་སློབ་མ་བསྡུ་བའམ་ཡང་ན་དངོས་གཞིའི་སློབ་མར་སློབ་ཁྲིད་བྱེད་སྐབས་ངས་རྟག་ཏུ་ངའི་སློབ་མ་བྱེད་པའི་ཆ་རྐྱེན་དང་པོ་ནི་བོད་ལ་དགའ་ཞེན་དང་། བོད་ལ་བརྩི་འཇོག བོད་དུ་བློ་གཅིག་སེམས་གཅིག་གིས་བྱ་བ་སྒྲུབ་ཐུབ་པ་བཅས་བྱེད་དགོས། བོད་ལ་དགའ་ཞེན་བྱེད་པ་ཕུད། ད་དུང་བོད་ཀྱི་ལོ་རྒྱུས་དཔེ་དེབ་དང་བོད་ཀྱི་དེང་རབས་དང་འབྲེལ་བའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཐད་ཀྱི་དཔེ་དེབ་བཀླགས་ནས་ཤེས་ཐུབ་པ་དང་ཉིན་ལྟར་བོད་ཀྱི་གསར་འགྱུར་དང་དེ་བཞིན་ཆ་འཕྲིན་སྣ་ཚོགས་ལ་དོ་སྣང་བྱེད་ཐུབ་པ་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནས་བོད་ལ་ཞབས་འདེགས་ངོ་མ་ཞུ་ཐུབ་པ་དང་གཞི་ནས་མི་རིགས་ཁག་དབར་མཐུན་སྒྲིལ་བྱེད་ཐུབ་པའི་ནན་བཤད་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད།

    ལོ་ཤས་རིང་། ཐུབ་བསྟན་མཁས་གྲུབ་ཀྱིས་སློབ་ཁྲིད་གནང་སའི་ཞིབ་འཇུག་སློབ་མ་མང་ཆེ་བ་ནང་སའི་སློབ་མ་རེད། དེའི་ནང་སློབ་མ་མང་ཆེ་བས་བོད་སྐད་མི་ཤེས་ལ་བོད་ཡིག་དེ་བས་ཀྱང་ཤེས་ཀྱི་མེད། འོན་ཀྱང་ཁོང་གིས་སློབ་མ་རྣམས་གྲོང་གསེབ་འབྲོག་ཁུལ་དུ་བརྟག་ཞིབ་བྱེད་པར་འཁྲིད་ཀྱི་ཡོད། “གོ་བརྡ་མི་འཕྲོད་པར་ཁྱེད་ཀྱིས་བརྟག་ཞིབ་ཇི་ལྟར་སྒྲུབ་སམ། དེ་ལྟར་བྱས་ཚེ་ཁོང་ཚོས་བོད་ཡིག་སྦྱོང་བའི་དགོས་པ་ཤེས་ཐུབ་ལ་རྟག་ཏུ་བོད་ཀྱི་རིག་གནས་མྱོང་རོལ་དང་ཤེས་རྟོགས་བྱེད་དགོས་པའང་ཤེས་ཐུབ། དེ་ནས་ཁོང་ཚོར་རིམ་བཞིན་བོད་ཡིག་སྦྱོང་བའི་འདུན་པ་སྐྱེ་སྲིད”ཅེས་ཐུབ་བསྟན་མཁས་གྲུབ་ཀྱིས་རྒྱ་རིགས་ལས་བྱེད་པ་ཞིག་གིས་བོད་སྐད་ཤོད་ཤེས་ཚེ་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་དང་སྤེལ་རེས་དེ་བས་ཟབ་མོ་བྱེད་ཐུབ་ནས་ཕན་ཚུན་གྱི་བརྩེ་སེམས་ཟབ་ཏུ་གཏོང་ཐུབ་པ་དང་མི་རིགས་དབར་དེ་བས་མཐུན་སྒྲིལ་ཡོང་ཐུབ་པའི་ངོས་འཛིན་གནང་གི་འདུག

    ཐུབ་བསྟན་མཁས་གྲུབ་ཀྱིས“མི་རིགས་དབར་གྱི་གནད་དོན་ཐག་གཅོད་བྱེད་པར་ངེས་པར་དུ་ཕན་ཚུན་བརྩི་འཇོག་དང་སོ་སོའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས་ལ། གཉེན་ཉེའི་དུང་སེམས་འཛིན་པ་དང་ལྟ་རྟོག་རོགས་རེས་ཀྱི་གལ་ཆེའི་རང་བཞིན་ཡང་རྟོགས་པ་བྱེད་དགོས། འདི་ནི་མི་རིགས་དབར་མཐུན་སྒྲིལ་གྱི་རྒྱུ་རྐྱེན་གཙོ་ཆེ་ཤོས་རེད་ལ་མི་རིགས་དབར་མཐུན་སྒྲིལ་ཡག་པོ་བྱེད་པའི་སྔོན་འགྲོའང་རེད”ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།