[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>ཆེད་དོན་བཅར་འདྲི།
  • འཐུས་མི་ཝང་ཡུས་ཧུའུ་ཡིས་ཁྲིམས་འཛུགས་བྱས་པ་བརྒྱུད་གཙང་གསུམ་ཆུ་འགོ་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་དགོངས་འདུན་ལ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་    |    རྩོམ་པ་པོ།      |    སྤེལ་དུས།   2015-03-17

    ཤིན་ཧྭ་གསར་འགྱུར་ཁང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་ནས་བབས་མ་ཐག་པའི་ཝང་ཡུས་ཧུའུ་ཡིས“ད་ཕན་ལོ་ཤས་རིང་ང་ཚོ་གཙང་གསུམ་ཆུ་འགོར་GDPཡིས་སྣོད་བཅུད་ལ‘ཕན་པ’བཏགས་པས་སྣོད་བཅུད་ཁོར་ཡུག་ཅུང་ལེགས་སུ་ཕྱིན་ཡོད། འོན་ཏེ་གཙང་གསུམ་ཆུ་འགོའི་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་སྔར་བས་སྐུལ་མ་གཏོང་དགོས་ན་ཁྲིམས་འཛུགས་ཀྱི་ཐོག་ནས་དེ་རྒྱལ་ཁབ་ཀྱི་དགོངས་འདུན་འགྱུར་བ་བྱེད་དགོས”ཞེས་གསུངས་པ་རེད།

    རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པའི་གཙང་གསུམ་ཆུ་འགོའི་ཁུལ་གྱིས་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་ནང་དམིགས་བསལ་ནུས་པ་གལ་ཆེན་འདོན་པ་སྟེ། རྨ་ཆུའི་33.1.%དང་། འབྲི་ཆུའི་2% རྫ་ཆུའི་14.7%བཅས་ནི་གཙང་གསུམ་ཆུ་འགོ་ནས་རྒྱུག་གི་ཡོད། གཙང་གསུམ་ནས་ལོ་ལྟར་སྨད་རྒྱུད་དུ་ཆུ་རྨིས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་600ལྷག་ཙམ་རྒྱུག་གི་ཡོད་པ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་སྣོད་བཅུད་ནུས་པའི་ཁུལ་དེའི་ལྟེ་བར་ཆགས་ཡོད།

    ཝང་ཡུས་ཧུའུ་ཡིས་2005ལོ་ནས་བཟུང་རྒྱལ་ཁབ་ཀྱིས་གཙང་གསུམ་ཆུ་འགོའི་ཁུལ་དུ་སྣོད་བཅུད་སྲུང་སྐྱོང་གི་དུས་ཐེངས་དང་པོའི་ལས་གྲྭ་བསྐྲུན་པ་དང་ཡུལ་ཤུལ་དུ་ཆེད་དངུལ་སྒོར་དུང་ཕྱུར་50ལྷག་ཙམ་བཏང་སྟེ་ཕྱུགས་འཚོ་གཏན་འགོག་དང་ཕྱུགས་རིགས་ཉུང་དུ་གཏོང་བ་དང་། རྩྭ་ཐང་གི་ཨ་བྲ་དང་གནོད་འབུ་སེལ་བ། དེ་བཞིན་རྩི་ཤིང་སླར་གསོ་སོགས་ཀྱི་ཐད་སྤྱད་ཡོད། ཡུལ་ཤུལ་དུ་ཁྱབ་ཁོངས་ཚང་མས་སྣོད་བཅུད་ལ“ཕན་པ”བཏགས་པ་སྟེ། GDPདཔྱད་ཞིབ་མི་བྱེད་པ་དང་། གཏེར་རྫས་སྔོག་འདོན་མི་བྱེད་པ། སྦགས་བཙོག་ཡོད་པའི་བཟོ་ལས་འཕེལ་རྒྱས་མི་གཏོང་བ། ས་གནས་དེ་གའི་སྐྱེ་དངོས་དང་ཤིང་ནགས་འཐུ་རྒྱུ་གཏན་འགོག་བྱེད་པ། རྩྭ་ཐང་མུའུ་ཁྲི་6015ལ་ཕྱུགས་འཚོ་གཏན་འགོག་བྱེད་པ་བཅས་རེད་ཅེས་གསུངས་པ་རེད།

    ཝང་ཡུས་ཧུའུ་ཡིས་གོང་གསལ་བྱ་ཐབས་སྤྱད་རྗེས་སྲུང་སྐྱོང་ཁུལ་ནང་གི་ལོ་མང་སྐམ་པའི་མཚེའུ་ཁག་གཅིག་སླར་གསོ་ཡོང་འགོ་ཚུགས་པ་དང་ས་ཁུལ་ཁག་གཅིག་གི་རྩྭ་ར་ཞན་འགྱུར་གྱི་འཕེལ་ཕྱོགས་འགོག་ཐུབ་པ་བྱུང་བ་དང་དེ་བས་དགའ་བ་སྐྱེ་འོས་པ་ཞིག་ནི་ས་གནས་དེ་གའི་བདག་མེད་སྲོག་ཆགས་མང་དུ་སོང་བ་དང་འགུལ་སྐྱོད་ཁྱབ་ཁོངས་ཀྱང་ཆེ་རུ་ཕྲན་བུ་སོང་ཡོད་ཅེས་གསུངས་པ་རེད།

    ཝང་ཡུས་ཧུའུ་ཡིས་མི་སེར་གྱི་ཡོང་འབབ་དངོས་འབྲེལ་ཕྲན་བུ་ཆག་ཡོད། ས་གནས་དེ་གའི་མི་སེར་གྱི་འཚོ་བའི་ཆུ་ཚད་དམའ་རུ་མི་འགྲོ་བ་བྱེད་ཆེད་མཚོ་སྔོན་ཞིང་ཆེན་གྱིས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ་དང་ཞིང་ཆེན་སྲིད་གཞུང་གིས་མ་དངུལ་བཏང་སྟེ་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁ་གསབ་རོགས་དངུལ་སྤྲོད་པའི་ལམ་སྲོལ་བཙུགས་ཏེ་ས་གནས་དེ་གའི་ལས་ཞུགས་ཁྲོམ་རའི་སྤྱི་ཕན་ལས་གནས་མང་དུ་གཏོང་བ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྲུང་སྐྱོང་བྱས་ཡོད་ཅེས་གསུངས་པ་རེད།

    ཝང་ཡུས་ཧུའུ་ཡིས“མཚོ་སྔོན་ནི་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་བའི་ཞིང་ཆེན་ཞིག་ཡིན་པ་དང་ནོར་སྲིད་ཀྱི་ནུས་པ་ཚད་ཡོད་ཡིན་སྟབས་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དང་སྤྲོད་པའི་ཁྱབ་ཁོངས་ཀྱང་ཧ་ཅང་དམའ་པོ་རེད”ཅེས་དང་ཁོང་གིས་གོམ་སྟབས་རྗེས་མར་གཙང་གསུམ་ཆུ་འགོའི་ཁུལ་སྲུང་སྐྱོང་བྱེད་པར་མང་ཚོགས་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་དང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    ཝང་ཡུས་ཧུའུ་ཡིས་དང་ཐོག་རྒྱལ་ཁབ་རིམ་པའི་ཐོག་ནས་གཙང་གསུམ་ཆུ་འགོའི་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་བཅའ་ཁྲིམས་ཆེད་མངགས་བཟོ་བ་དང་ཁྲིམས་འཛུགས་ཀྱི་རྣམ་པའི་ཐོག་ནས་གཙང་གསུམ་ཆུ་འགོ་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་དགོངས་འདུན་ལ་འགྱུར་བ་བྱེད་དགོས། གཉིས་ནས་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཁ་གསབ་རོགས་དངུལ་སྤྲོད་པའི་ལམ་སྲོལ་གང་མྱུར་འཛུགས་པ་དང་ཀྲུང་དབྱང་ནོར་སྲིད་ཀྱིས་གཙང་གསུམ་ཆུ་འགོའི་སྲུང་སྐྱོང་ཁུལ་ལ་གཞན་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།