[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>ཆེད་དོན་བཅར་འདྲི།
  • འཐུས་མི་ཚེ་དབང་རིག་འཛིན་གྱིས་བྱང་ཐང་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་ ཁུལ་འཛུགས་དགོས་ཞེས་གསུངས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-16

    153096_yis_1426394683893.jpg

    འདི་ནི་ཚེ་དབང་རིག་འཛིན་ཡིན་པ།

    “བོད་བྱང་ཐང་ནི་གོ་ལ་ཧྲིལ་པོའི་ཐང་རྒོད་སྣོད་བཅུད་མ་ལག་ཁྲོད་ཆེས་དཔེ་མཚོན་དང་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་སྲུང་ཡུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ཚྭ་མེད་ཆུ་བོའི་ཐོན་ཁུངས་བདེ་འཇགས་ལ་འགན་ལེན་དང་། གནམ་གཤིས་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་། ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བཅས་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པས་སྣོད་བཅུད་ཀྱི་གནས་བབ་ཧ་ཅང་གལ་ཆེ་བ་དང་། སྣོད་བཅུད་ཀྱི་རིན་ཐང་ཆེན་པོ་ལྡན་པ། སྣོད་བཅུད་ཀྱི་ནུས་པ་དམིགས་བསལ་བཅས་ལྡན་ཡོད”ཅེས་པ་ནི་བོད་བྱང་ཐང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཚེ་དབང་རིག་འཛིན་གྱིས་བོད་བྱང་ཐང་གི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལ་དོ་སྣང་ཆེན་པོ་བྱེད་བཞིན་དུ་གསུངས་པ་ཞིག་རེད།

    “ཉེ་བའི་ལོ་ཤས་ནང་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་རྐྱེན་གྱིས་བྱང་ཐང་ས་མཐོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལ་འགྲན་སློང་མང་པོ་འཕྲད་ཡོད”ཚེ་དབང་རིག་འཛིན་གྱིས་བྱང་ཐང་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཇི་ལྟར་བྱེད་དགོས་པ་དང་དུས་མཚུངས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་རང་རྒྱལ་དང་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་སྣོད་བཅུད་བདེ་འཇགས་ལ་འགན་ལེན་བྱེད་པ་དང་། འབྲོག་ལས་ཐོན་ལས་དང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ། མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡུལ་འཐུས་ཚང་དུ་གཏོང་བ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ཡུན་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལྡན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    དེའི་ཕྱིར་འཐུས་མི་ཚེ་དབང་རིག་འཛིན་གྱིས་ད་ཐེངས་ཀྱི་ཚོགས་འདུར་ཞུགས་ནས《བྱང་ཐང་ས་མཐོར་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་ཁུལ་འཛུགས་རྒྱུའི་སྐོར་གྱི་གྲོས་འགོ》ཕུལ་བ་དང་། ཚེ་དབང་རིག་འཛིན་གྱིས་བྱང་ཐང་ས་མཐོར(ནག་ཆུ་ས་ཁུལ)རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་ཁུལ་བཙུགས་ནས་ས་མཐོའི་སྣོད་བཅུད་ཀྱི་ཧ་ཅང་དཀོན་པའི་ཐོན་ཁུངས་དང་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས“སྣོད་བཅུད་ལ་སྲུང་སྐྱོང་དང་། ཐོན་ལས་གསར་སྤེལ། སྒོ་འབྱེད་གྲ་རྒྱས། ཕྱུགས་ཉུང་དུ་བཏང་ནས་ཕན་ནུས་གོང་མཐོར་གཏོང་བ། ལས་རིགས་བསྒྱུར་ནས་འཚོ་སྡོད་བྱེད་པ། རྒྱུན་མཐུད་འབབ་འཕར”བཅས་ཀྱི་ས་མཐོའི་སྣོད་བཅུད་ཤེས་དཔལ་དམིགས་བསལ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ནས་སྲུང་སྐྱོང་དང་འཕེལ་རྒྱས་གཉིས་ཕན་གྱི་དམིགས་ཚད་མངོན་འགྱུར་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།