[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>གསར་འགྱུར་ཐོར་བུ།
  • རིག་གནས་བྱ་གཞག་གོང་འཕེལ་ཐད་ཀྱི་གྲོས་གཞི་ནི་ད་ལོའི་དམིགས་ས་ཆེན་པོ་ཞིག་ཏུ་གྱུར་ཡོད།

  • ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-16

    ཙུང་ལི་ལིས་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་།  མི་དམངས་མང་ཚོགས་ཚོས་རིག་གནས་གོང་འཕེལ་གྱི་གྲུབ་འབྲས་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱེད་དགོས་ཞེས་བཏོན་གནང་ཡོད་པ་རེད།  ད་ལོ་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མང་པོ་ཞིག་གིས་འབྲེལ་ཡོད་རིག་གནས་བྱ་གཞག་གོང་འཕེལ་གྱི་གྲོས་གཞི་བསྣམས་ཡོད་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན།  རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དབུ་འཛིན་གཞོན་པ་འབྲོང་བུ་ཚེ་རིང་རྡོ་རྗེས།  འདས་ཟིན་པའི་ལོ་གཅིག་ནང་རང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་རིང་གི་གཙོ་གནད་རིག་གནས་འཛུགས་སྐྲུན་རྣམ་གྲངས་ཁྱོན་ཡོངས་ནས་དོན་འཁྱོལ་བྱུང་སྟེ།  སྤྱི་པའི་རིག་གནས་མ་ལག་འཛུགས་སྐྱོང་ཐད་འགག་སྒྲོལ་གསར་པ་བྱུང་ཡོད།  ཐོབ་པའི་གྲུབ་འབྲས་ཀྱི་སྐུལ་ལྕག་ཐེབས་པ་དང་སྦྲགས།  ངས་རྟག་ཏུ་རྒྱུན་རྣམ་གསར་པའི་འོག་ཇི་ལྟར་བྱས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་དེང་རབས་ཤེས་དཔལ་དང་ཟུང་འབྲེལ་དམ་ཟབ་ཐུབ་པ་བྱེད་རྒྱུའི་ཐད་བསམ་གཞིགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།  སྐབས་གསུམ་བསྟུད་མར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་འགན་བཞེས་ནས་ལོ་13ཕྱིན་པའི་འབྲོང་བུ་ཚེ་རིང་རྡོ་རྗེས་ད་རེས་ཚོགས་འདུ་གཉིས་ལ་ཞུགས་སྐབས་གྲ་སྒྲིག་ཡུན་རིང་གནང་བའི་མི་རིགས་རིག་གནས་ཀྱི་སྲིད་ཇུས་ཐད་ཀྱི་གྲོས་འགོ་འགའ་ཞིག་ཅེས་པའི་གྲོས་གཞི་བསྣམས་ཡོད་པ་རེད།

    པེ་ཅིང་དུ་ཚོགས་འདུར་མ་ཕེབས་གོང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན།  རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྨོན་ལམ་རྡོ་རྗེ་ཆེད་མངགས་རང་སྐྱོང་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་ཕེབས་ནས།  འཁྲབ་སྟོན་པ་ཚོ་དང་བོད་ཀྱི་ལྷ་མོ་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་རྒྱུའི་སྐོར་ལ་བཀའ་མོལ་གནང་བ་རེད།  ན་ནིང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་སྨོན་ལམ་རྡོ་རྗེས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་འདི་ཉིད་སློབ་གྲྭ་འབྲིང་ཆུང་གི་སློབ་ཚན་ནང་བཅུག་ནས།  སློབ་ཁྲིད་བྱེད་དགོས་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་གནང་བར་འབྲེལ་ཡོད་མི་སྣའི་རྒྱབ་སྐྱོར་ཐོབ་པ་རེད།  ད་ལོ་གྲོས་གཞི་དེར་རྒྱ་ཁྱབ་ཐོག་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག  རྒྱལ་ཁབ་རིག་གནས་ཀྱི་སྙིང་བཅུད་ཅིང་ཅུས་ཟློས་གར་ནང་སའི་སློབ་གྲྭ་ཁག་གཅིག་གི་སློབ་ཚན་ནང་བཅུག་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པ་མཁྱེན་རྟོགས་བྱུང་རྗེས།  སྨོན་ལམ་རྡོ་རྗེས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་སློབ་གྲྭ་འབྲིང་ཆུང་གི་སློབ་ཚན་ནང་བཅུག་ནས་སློབ་ཁྲིད་བྱེད་དགོས་རྒྱུའི་གྲོས་གཞི་སླར་ཡང་བཏོན་གནང་བ་རེད།  ཁོང་གིས།  ན་གཞོན་ཚོས་ཆུང་དུས་ནས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་ལ་རྒྱུས་མངའ་ལོན་པ་དང་།  དེར་དགའ་སྣང་སྐྱེས་སུ་བཅུག་སྟེ།  བོད་ཀྱི་ལྷ་མོའི་སྒྱུ་རྩལ་སྔར་བས་སྲུང་སྐྱོབ་དང་རྒྱུན་འཛིན་ཐུབ་པ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན།  མངའ་རིས་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་བསམ་གཏན་གྱིས།  མངའ་རིས་ས་ཁུལ་གྱི་གུ་གེའི་གནའ་ཤུལ་དང་རྩྭ་མདའི་གྲུ་རི་འཛམ་གླིང་རིག་གནས་དང་རང་བྱུང་གི་ཤུལ་བཞག་གཉིས་ལ་རེ་ཞུ་བྱེད་རྒྱུའི་སྐོར་གྱི་གྲོས་འགོ་ཞེས་པའི་གྲོས་གཞི་བསྣམས་ཡོད་པ་རེད།  ཚོགས་ཆེན་ལ་དེ་བས་འཐུས་ཚང་གི་གྲོས་གཞི་གོང་འབུལ་ཞུ་ཐུབ་པ་བྱེད་ཆེད་ཚོགས་འདུའི་བར་གསེང་དུ་བློ་བཟང་བསམ་གཏན་གིས།  ད་དུང་པེ་ཅིང་དུ་གྲགས་ཅན་གནའ་ཤུལ་ཁག་ཅིག་ལ་ཕེབས་ནས་ནང་སའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་གསར་སྤེལ་བྱེད་པའི་བྱ་ཐབས་བཟང་པོ་མཁྱེན་རྟོགས་གནང་སྟེ།  རང་ཉིད་ཀྱི་བློ་སྒོ་འབྱེད་ཐུབ་པའི་རེ་བ་གནང་གི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།