[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>གསར་འགྱུར་ཐོར་བུ།
  • བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མིས་ཏང་འཛུགས་ལས་དོན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།

  • ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-16

    སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མིས།  ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་བོད་ལྗོངས་དང་པེ་ཅིང་དབར་བར་ཐག་རིང་ན་ཡང་རིམ་ཁག་ཏང་རྩ་འཛུགས་དང་མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིང་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་དམ་པོར་སྦྲེལ་བ་དང་།  དམར་མདངས་བཀྲ་བའི་ཏང་དར་ལེ་དབར་ཁྲི་ཡི་གངས་ལྗོངས་ས་མཐོར་ནམ་ཡང་ལྷབ་ལྷུབ་ཏུ་གཡོ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་བསྟན་པས།  ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གཅིག་འདོམས་བྱེད་པའི་འཐབ་ཇུས་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ཏེ།  ཁྲིམས་ལྟར་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཏང་གིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་ནན་པོ་དོན་འཁྱོལ་བྱེད་རྒྱུ།  གཞི་རིམ་གྱི་ཏང་འཛུགས་ལས་ཀའི་ཆུ་ཚད་མཐོ་རུ་དང་འགོ་ཁྲིད་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཐད་འགག་སྒྲོལ་གསར་པ་ཡོང་བ་བྱེད་རྒྱུ་རེད་ཅེས་གསུངས་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་རྩེད་ཐང་གྲོང་རྡལ་རྩེད་ཐང་གྲོང་ལྷན་ཏང་ཀྲེ་པུའི་ཧྲུའུ་ཅི་གཞོན་པ། ཀུན་བཟང་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་ཏང་ཀྲེ་པུའི་ཧྲུའུ་ཅི་ཡེ་ཤེས་སྒྲོལ་དཀར་གྱིས།  གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཏང་ཡོན་གྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་ནི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པ་དང་། ཞིང་འབྲོག་ཁུལ་གྱི་ཏང་ཡོན་གྱི་བསམ་བློའི་རིགས་གཞུང་དང་ཚན་རྩལ་རིག་གནས་སོགས་ཐད་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ།  ནུས་པ་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་བ་དང་གཟུགས་བརྙན་བཟང་པོ་བཙུགས་ནས་མང་ཚོགས་ཀྱི་ཡིད་རངས་དང་བརྩི་བཀུར་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཉིང་ཁྲི་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་དབང་འདུས་དང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ལྷོ་ཁ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའུ་ཡི་རྒྱུན་ལས་ཀྲོན་ཡོན་གཞོན་པ་ཡོན་ཏན་རྣམ་གཉིས་ཀྱིས།  རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་རང་རྟོགས་ངང་འགན་འཁྲི་འཁུར་མཁན་ཨང་དང་པོའི་འགན་འཁྲི་འཁུར་ཏེ།  ཏང་འཛུགས་ལས་དོན་དམ་འཛིན་ཡག་པོ་བྱེད་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་ལ་རྩིས་ནས།  དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་འཆར་འགོད་ནང་འཇུག་པ་དང་།  ལྟེ་བའི་ལས་དོན་དང་མཉམ་དུ་ཇུས་འགོད་དང་བཀོད་སྒྲིག  དོན་འཁྱོལ།  དཔྱད་ཞིབ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་ཐང་སྐྱ་གྲོང་ཚོའི་ཏང་ཀྲེ་པུའི་ཧྲུའུ་ཅི།  གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འཇམ་དབྱངས་ཉི་མས།  ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་ཚུན་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་ཟབ་སྐྱོད་བྱས་ཏེ།  མང་ཚོགས་དང་གཉེན་སྦྲེལ་གྲོགས་སྒྲིག་བྱས་ནས་རྒྱུན་དུ་བཅར་འདྲི་བྱེད་པ་དང་བསམ་འཆར་ཉན་པ།  དམངས་ཀྱི་འདོད་བློ་མཚོན་པ་བྱེད་པ།  གནད་དོན་ཐག་གཅོད་བྱེད་པ་བཅས་བྱས་པས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད་ན་ཡང་།  ཏང་འཛུགས་སྐྱོང་བྱེད་རྒྱུ་ནམ་ཡང་དམ་འཛིན་བྱེད་དགོས་པ་ལས་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ་དང་།  སློབ་གསོའི་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་སྟེ།  རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་ཚུལ་བཞི་དང་གནད་དོན་གཉིས།  ཞན་ཆ་གཅིག་བཅས་བཅོས་སྒྲིག་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་དོན་འཁྱོལ་ཡོང་བ་དང་རིམ་ཁག་ཏང་རྩ་འཛུགས་ཀྱི་གསོན་ཤུགས་ནམ་ཡང་འཕེལ་བ་བྱེད་དགོས་ཞེས་གསུངས་པ་རེད།།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།