[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2015རྒྱལ་ཡོངས་ཀྱི་ཚོགས་གཉིས>གསར་འགྱུར་ཐོར་བུ།
  • མགོན་པོ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཞིབ་ནང་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-13

    ཚེས་11ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད།

    མགོན་པོ་བཀྲ་ཤིས་ཀྱིས་ཉིན་ཤས་རིང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་དང་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་པས་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། སྙན་སྒྲོན་གཉིས་ཀྱི་ཚིག་སྦྱོར་ལེགས་ལ་དམ་པ་དོན་གཉེར་ཡོད་པ་དང་། དམངས་འཚོ་དང་། དམངས་ཀྱི་གནས་ཚུལ། དམངས་ཀྱི་འདུན་པ་བཅས་གང་ལེགས་མཚོན་ཡོད་པས་རྦད་དེ་དད་མོས་ཡོད་ཅེས་གསུངས་ཤིང་། ཁོང་གིས་འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་པས་ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་འོག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་དྲན་གསོའི་བྱེད་སྒོ་ཡག་པོ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ལས་དོན་སྐོར་གླེང་སྐབས་མགོན་པོ་བཀྲ་ཤིས་ཀྱིས་གྲོས་མོལ་དམངས་གཙོ་ནི་ཆབ་སྲིད་ཁྱབ་ཁོངས་ནང་ཏང་གི་མང་ཚོགས་ལམ་ཕྱོགས་མངོན་པའི་མངོན་ཚུལ་གལ་ཆེན་ཞིག་ཡིན། མིག་སྔར་ཇི་འདྲ་བྱས་ཏེ་ཕྱོགས་ཡོངས་ནས་ལས་ཀའི་བསམ་ཕྱོགས་གསར་གཏོད་དང་ཆབ་སྲིད་གྲོས་མོལ་གྱི་འགན་ནུས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་སྲིད་གྲོས་རྩ་འཛུགས་ཀྱི་གལ་ཆེའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་། སྒོ་ཀུན་ནས་ཏང་ནན་སྐྱོང་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་ཐབས་དང་ཇུས་འདོན་དགོས་ཞེས་གསུངས་པ་རེད།

    མགོན་པོ་བཀྲ་ཤིས་ཀྱིས་གྲོས་མོལ་དང་ཐུན་མོང་གི་ངོས་འཛིན་སྔར་བས་ཟབ་ཏུ་བཏང་སྟེ་སྲིད་གྲོས་གྲོས་མོལ་ལག་ལེན་ཁྲོད་ཀྱི་འབྲེལ་མཐུད་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་སྤྱི་ཚོགས་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ“གནད་དོན་ཐོན་སྐབས་གྲོས་བསྡུར་མང་ཙམ་བྱེད་པ་དང་། གནད་དོན་འཕྲད་ཚེ་གྲོས་བསྡུར་མང་ཙམ་བྱེད་པ། ལས་དོན་སྒྲུབ་སྐབས་གྲོས་བསྡུར་མང་ཙམ་བྱེད་པ”བཅས་ཀྱི་གོམས་གཤིས་དང་རྣམ་པ་བཟང་པོ་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།