[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཆོགས་ཐེངས་བཞི་པའི་ཆེད་སྒྲིག
  • བོད་ལྗོངས་ཀྱི་སྲིད་ཁྲིམས་སྡེ་ཚན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-11-02

        ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་སྤེལ་ཤུགས་ཆེན་བཏང་ནས་ཁྲིམས་སྐྱོང་སྲིད་གཞུང་བསྐྲུན་མགྱོགས་སུ་གཏོང་བ་དང་། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་ནས་ཁྲིམས་སྐྱོང་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་སྤེལ་གཏོང་བ། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་མ་གཏོང་བར་ཏང་གིས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་བ་སོགས་མཇུག་འགྲིལ་མ་ཐག་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་མ་གཏོང་བའི་ལས་འགན་གལ་ཆེན་ཁ་གསལ་བཟོས་ཡོད། རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་གྲོས་བསྡུར་གྱི་སྐབས་སུ་ཚང་འཛོམས་གྲོས་ཚོགས་ཀྱིས་ང་ཚོས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་སྤེལ་གཏོང་བའི་ཐད་བརྗིད་ཆེའི་འཆར་འགོད་ཅིག་ཇུས་འགོད་བྱས་པ་དང་ཁྲིམས་སྐྱོང་གི་ཀྲུང་གོ་འཛུགས་སྐྲུན་ཐད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པར་བརྟེན། ངེས་པར་དུ་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཚད་མཐོན་པོར་བརྟེན་ནས་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་དེ་སྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་གཏོང་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་མ་གཏོང་བའི་སྐོར་གྱི་ཀྲུང་དབྱང་གི་ཇུས་འགོད་དང་བཀོད་སྒྲིག་ཐོག་གོང་བུ་བསྒྲིལ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།

        སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་རྒྱུ་ནི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་སྙིང་དོན་ཁོང་དུ་ཆུད་པ་དང་། དགོངས་དོན་བྱང་ཆུབ་པ། གོ་དོན་མཐིལ་རྟོགས་བཅས་བྱེད་དགོས། ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ། གྲོང་ལྷན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དང་པོ་གཞོན་པ་བཅས་ཡིན་པའི་ཚེ་རིང་དབང་འདུས་ཀྱིས་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་དོན་སྒྲུབ་ཀྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། སྣེ་འཁྲིད་ནས་བཅའ་ཁྲིམས་བརྩི་བ། སྣེ་འཁྲིད་ནས་ཁྲིམས་ལྟར་དོན་སྒྲུབ། གནད་དོན་བསམས་པ་དང་། ཐབས་ཇུས་འདོན་པ། དོན་དག་སྒྲུབ་པ་བཅས་ཀྱི་ཐད་ཁྲིམས་སྐྱོང་གི་ལངས་ཕྱོགས་བརྟན་པོ་བྱས་ནས་ཁྲིམས་སྐྱོང་དགོངས་དོན་མཚོན་པ་དང་ཁྲིམས་སྐྱོང་བསམ་པར་བརྟེན་ནས་གནད་དོན་རྙོག་འཛིང་སྣ་ཚོགས་ཐག་གཅོད་བྱེད་དགོས། བཅའ་ཁྲིམས་ཀྱི་དམར་ཐིག་ལ་མི་རེག་པ་དང་བཅའ་ཁྲིམས་ཀྱི་ཞབས་ཐིག་ལས་མི་བརྒལ་བའི་འདུ་ཤེས་བརྟན་པོ་ཆགས་སུ་བཅུག་ནས་ཁྲིམས་སྐྱོང་ནུས་པ་དང་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་དགོས། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་ཏང་གི་འགོ་ཁྲིད་འོག་དང་ཁྲིམས་སྐྱོང་ལམ་བུའི་ཐོག་ལས་དོན་བསྒྲུབ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ནན་པོ་དང་། ཚད་ལྡན། དྲང་གཞག ཤེས་དཔལ་བཅས་ཀྱི་ཁྲིམས་འཛིན་མཐའ་འཁྱོངས། ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཁྲིམས་གཅོད། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་བདེ་འཇགས་ཐད་ཀྱི་འགོག་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་ལྟ་སྐུལ་ཚོད་འཛིན་ཆེ་རུ་གཏོང་བ། ཉེན་དོན་ཡོངས་བསྒྲགས་ལ་སྐུལ་སྤེལ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཉེན་ཟོན་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས་ཞེས་བཤད་པ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་ཁྲིམས་ལུགས་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཞིའུ་ཧུང་གིས་ཁྲིམས་ལུགས་གཞུང་ལས་ཁང་གི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་ཡག་པོ་བྱེད་དགོས་ཤིང་། གཅིག་ནི་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། གཉིས་ནི་གོ་སྐབས་དམ་འཛིན་དང་སྒྱུར་བཅོས་གསར་གཏོད་བྱེད་དགོས་པ། གསུམ་ནི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ནུས་པ་ཆེ་རུ་གཏོང་དགོས་པ་བཅས་རེད་ཅེས་བརྗོད།

        ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཚགས་པར་དང་། བརྙན་འཕྲིན། རླུང་འཕྲིན། དྲ་བ་སོགས་བརྒྱུད་དེ་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་དེ་གྲོས་ཚོགས་ཀྱི་དགོངས་དོན་ཐོག་མགྱོགས་མྱུར་གཅིག་གྱུར་བྱས་པ་རེད། ཚང་མས་ཁྲིམས་ལྟར་རྒྱལ་སྐྱོང་གི “རིམ་སྤོར་པར་གཞི ”ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་ཚུལ་གསར་པར་ཁ་གཏད་གཅོག་དགོས་ན། “ཁྲིམས་སྐྱོང་བོད་ལྗོངས ”འཛུགས་སྐྲུན་ལ་སྐུལ་མ་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པར་མདུན་སྐྱོད་ཧུར་ཐག་བྱེད་དགོས་ཞེས་བཤད་ཅིང་། ལྷ་ས་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧོ་ཕིང་ཀྲིས་གྲོང་ཁྱེར་དེ་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་བྱ་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ 《ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་མ་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 》ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ། ལག་བསྟར་ཡག་པོ་བཅས་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་བྱེད་དགོས། 《གཏན་འབེབས 》ཀྱི་དོན་སྙིང་གལ་ཆེན་བརྒྱུད་བསྒྲགས་ཡག་པོ་དང་། སློབ་སྦྱོང་ཡག་པོ། ལག་བསྟར་ཡག་པོ། གོ་བ་ཟབ་མོ་ལེན་པ་བཅས་བྱས་ཏེ་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་མ་གཏོང་བའི་སྤྱིའི་དམིགས་ཚད་དང་ལས་འགན་གལ་ཆེན་ཁག་ལ་སློབ་སྦྱོང་གཏིང་ཟབ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི 《གཏན་འབེབས 》ནང་འབྲེལ་བའི་སྲིད་ཁྲིམས་མ་ལག་གི་ལས་དོན་ཁག་དུས་ཐོག་དང་གོ་ཆོད་པའི་ངང་ལེགས་སྒྲུབ་བྱེད་དགོས་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员