[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཚྭ་འདམ་གཤོངས་སའི་འདྲེ་ཚེར་མར་ཐོན་འབབ་ཡག་པོ་བྱུང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-14

    མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ཏ་ཀེ་ལེ་ཤང་ཁྲ་ནཱ་གྲོང་ཚོའི་གྲོང་མི་ཁྲུང་ཡུས་ཧུང་གིས། “འདི་ལོ་འདྲེ་ཚེར་མའི་ཐོན་འབབ་ཡག་པོ་འདུག་པས་ཡོང་འབབ་ཡག་པོ་རག་བྱུང་། བྱས་ཙང་ཁང་པའི་ཕྱི་ནང་ལ་གྲ་སྒྲིག་ཡག་པོ་བྱས་ནས་ལོ་གསར་སྐྱིད་པོ་ཞིག་གཏོང་གི་ཡིན”ཞེས་འཛུམ་དམུལ་དམུལ་ངང་ཤོད་ཞོར་དུ་དཔྱིད་གསར་ཆ་ཡིག་གསར་འགོད་པར་བསྟན།

    2008ལོ་ནས་བཟུང་། ཐན་ཤས་ཆེ་བའི་ཚྭ་འདམ་གཤོངས་སར་དཔལ་འབྱོར་གྱི་རིན་ཐང་དང་སྣོད་བཅུད་ཀྱི་ཕན་འབྲས་གཉིས་ཀ་ལྡན་པའི་འདྲེ་ཚེར་མ་གཞི་ཁྱོན་ཆེན་པོ་བཏབ་པས། མུའུ་ཁྲི་50ཡོད་པའི་འདྲེ་ཚེར་མའི་ནགས་ཚལ་དེ་མཚོ་ནུབ་ཀྲོའུ་ཡི་ཞིང་འབྲོག་པའི་དབུལ་སྒྲོལ་ཕྱུག་འགྱུར་རྒྱབ་རྟེན་བཅོལ་ཡུལ་དུ་གྱུར།

    ཞིང་ཁར་ཡང་སྙིང་འདྲེ་ཚེར་མ་བཏབ་ན་འགྲིག་གམ། ལོ་བཅུའི་གོང་འདྲེ་ཚེར་མ་ཐོག་མར་འདེབས་སྐབས། ཞིང་འབྲོག་པ་ཚོར་འདི་དང་དེ་འདྲ་བའི་དོགས་གཞི་མང་པོ་ཞིག་ཕྲད་ཡོད། ཏ་ཁེ་ལེ་ཤང་ཅུས་ཧྭ་གྲོང་ཚོའི་གྲོང་མི་ཧན་ཀྲེང་ཅིན་གྱིས“སྔོན་ཆད་ཚང་མས་འདྲེ་ཚེར་མ་བཏབ་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་ཀྱི་རེད་སྙམ་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད། འགོ་ཁྲིད་ཀྱིས་ཁྲིད་སྟོན་དང་སྲིད་གཞུང་གིས་ཁ་གསབ་སྤྲད་རྗེས་ཞིང་ཁར་གཞི་ནས་འདྲེ་ཚེར་མ་འདེབས་འགོ་ཚུགས་ཡོད”ཅེས་བཤད།

    ཚྭ་འདམ་གཤོངས་སའི་འདྲེ་ཚེར་མ་རྡོག་ཆེ་ལ་མངར་ཆ་འདུས་ཚད་མཐོ་པོ་ཡོད། ཁྲོམ་རར་བྲིན་ཚོང་བྱས་པ་བརྒྱུད། དེའི་སྤུས་ཚད་ལེགས་པོ་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད། གོར་མོ་དབྱི་ལིན་འདྲེ་ཚེར་མ་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཐང་ཤིང་ཧའེ་ཡིས“ལོ་རེའི་འདྲེ་ཚེར་མ་འཐུ་བའི་དུས་སུ་བཟོ་པ་50ལྷག་ཙམ་གྱིས་ཐོན་སྐྱེད་སྒྲུབ་རིམ་དུ་རིམ་དབྱེ་དང་། ཚགས་རྒྱག་པ། མདོག་ཁ་དབྱེ་བ་བཅས་བྱས་ནས་ཉིན་ལྟར་འདྲེ་ཚེར་མ་སྐམ་པོ་ཏུན་10ཙམ་ལ་ལས་སྣོན་བྱས་ཏེ་ཁྲོམ་རར་འཚོང་གི་ཡོད་ཀྱང་། ཁྲོམ་རའི་དགོས་མཁོ་གཏན་ནས་སྐོང་ཐུབ་ཀྱི་མེད”ཅེས་བཤད། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདྲེ་ཚེར་མ་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་གྲངས་འབོར་དང་དངུལ་འབོར་ཨང་དང་པོའི་ཞིང་ཟོག་ཏུ་གྱུར་ཡོད།

    2015ལོའི་ལོ་མཇུག་ནས་བཟུང་། ཁྲོམ་ར་བརྟན་པོ་མེད་པའི་དབང་གིས་འདྲེ་ཚེར་མའི་རིན་གོང་ཆག་ནས་ཞིང་དུད་ལ་ལོ་བསྟུད་མར་གྱོང་གུན་ཕོག་ཡོད། དེར་བརྟེན་ས་གནས་དེ་གའི་སྲིད་གཞུང་གིས་ཚྭ་འདམ་གཤོངས་སའི་འདྲེ་ཚེར་མའི་འདེབས་ཡུལ་གྱི་སྤྱི་པའི་སྤུས་རྟགས་བཏོད་པ་དང་རིན་གོང་སྟོན་གྲངས་ནང་འདྲེན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་རེད། མཚོ་ནུབ་ཀྲོའུ་དུར་ལམ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཕན་ལི་ཆིང་གིས“འདྲེ་ཚེར་མའི་ཐོན་ཟོག་བྲིན་ཁ་མི་རྒྱུག་པའི་སྐབས་སུའང་ཚྭ་འདམ་གཤོངས་སས་འདྲེ་ཚེར་མའི་སྤུས་ཚད་ཀྱི་འགག་སྒོ་བརྟན་པོ་བསྲུངས་ནས་རིན་གོང་འཕར་ཆག་ཆེན་པོ་མི་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད”ཅེས་བཤད།

    2019ལོར《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་འདྲེ་ཚེར་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལག་ལེན་བསྟར་བ་ནས་བཟུང་། འདྲེ་ཚེར་མའི་སྤུས་ཚད་ཁྲིམས་ལ་ཐོག་མར་བཅུག་པ་དང་། འདྲེ་ཚེར་མ་དང་དེའི་ཐོན་རྫས་ཐོན་སྐྱེད་ལས་སྣོན་བྱེད་རིང་ཅའོ་ཡ་མུ་ཟི་སྐྱུར་ནཱ་དང་དེའི་ཚབ་བྱེད་རྒྱུ་ཆ་སྤྱད་མི་ཆོག་པའི་གཏན་འགོག་བྱས་ཡོད། ཁྲ་ནཱ་གྲོང་ཚོའི་གྲོང་མི་ཁྲེན་ཡུས་ལན་གྱིས“སྤུས་ཀ་ནི་ང་ཚོས་རིན་གོང་འཕར་ཆག་ལ་ཁ་གཏད་གཅོག་པའི་མཆོག་ནོར་ཉག་གཅིག་ཡིན་པས། ཐོན་འབབ་ཡག་པོ་ཡོང་ཆེད་སྨན་རྫས་གཏན་ནས་སྦྱོར་རྟ་བྱེད་ཀྱི་མེད། ལོ་འདིར་འདྲེ་ཚེར་མའི་ཁྲོམ་ར་ཡང་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཤད།

    “ན་ནིང་ཐོན་འབབ་ཡག་པོ་འདུག མུའུ་རེ་ནས་ཐོན་འབབ་རྒྱ་མ་600ཙམ་འདུག་པས་ལོ་གསར་སྐྱིད་པོ་གཏོང་རྒྱུ་ཡོད། ཁྱིམ་གྱི་མུའུ་བཅུ་ཡི་འདྲེ་ཚེར་མ་ལས་འདི་ལོ་འབབ་འཕར་སྒོར་ཁྲི་10བྱུང”ཞེས་གྲོང་མི་ལི་ཝུན་ཁུའེ་ཡིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།