[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས།

    “བཅུ་གཅིག་ཟུང”གི་ཟོག་ཉོའི་དུས་ཆེན་རིང་དྲ་ཐོག་གཡོ་ཐབས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

    “བཅུ་གཅིག་ཟུང”འཆར་ལ་ཉེ་བའི་སྐབས་འདིར། དྲ་ཐོག་ཚོང་དོན་གྱི་ལས་སྟེགས་ཆེན་པོ་ཁག་གིས་གོང་གཅོག་བྲིན་ཚོང་བྱེད་སྒོ་སྣ་ཚོགས་རྒྱུན་ཆད་མེད་པར་སྤེལ་གྱི་ཡོད་པས། མཚོ་སྔོན་ཞིང་ཆེན་ཉེན་རྟོག་ཕྱོགས་ཀྱིས། དྲ་ཐོག་ནས་དངོས་ཟོག་ཉོ་སྐབས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས། དྲ་ཐོག་གཡོ་ཐབས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    ཉེ་ཆར། ཟི་ལིང་གི་གྲོང་མི་མཁྱེན་ལྡན་མ་ལེ་ལགས་ལ་རྒྱུས་མེད་པའི་ཁ་པར་ཞིག་འབྱོར་ནས“ང་ནི་དྲ་ཐོག་ཚོང་ཁང་ག་གེ་མོ་ཞིག་གི་ཞབས་ཞུ་ཡིན་པ་དང་། ཁྱོད་ཀྱིས་ཐའོ་པའོ་དྲ་ཚིགས་ནས་ཉོས་པའི་གྱོན་ཆས་དེར་སྤུས་ཚད་ཀྱི་གནད་དོན་ཡོད་པས་དངུལ་ཕྱིར་བསློག་རྒྱུ་ཡིན”ཞེས་བཤད་པར་མཁྱེན་ལྡན་མ་ལེ་ལགས་ཡིད་ཆེས་ནས། “དངུལ་སློག་ཆེད་མི”ཞེས་པའི་སྐད་འཕྲིན་བསྣན་པ་དང་སྦྲགས། མངགས་ཐོའི་ཨང་གྲངས་ཀྱང་མཁོ་འདོན་བྱས་པ་དང་། དེ་རྗེས“ཆེད་མི”དེས་མཁྱེན་ལྡན་མ་ལེ་ལགས་ལ་གུན་གསབ་དབང་བསྐུར་གྲོས་མཐུན་ཞིག་དང་སྒོར་5000གི་ཅེ་པེ་ནས་དངུལ་བུན་བསྐུར་བའི་པར་ཞིག་བསྐུར་བ་མ་ཟད། ད་དུང་གཏོང་སྤྲོད་འབོའི་ཅེ་པེ་ཁ་ཕྱེ་ནས་སྒོར་5000བླངས་དགོས་ཞེས་བཤད་པ་དང་། མཁྱེན་ལྡན་མ་ལེ་ལགས་ཀྱིས་དངུལ་བླངས་རྗེས་རང་ཉིད་ཀྱི་རྩིས་ཐོའི་ལྷག་དངུལ་དངོས་འབྲེལ་མང་དུ་ཕྱིན་པ་མཐོང་རྗེས་བློ་བདེ་ནས“ཆེད་མི”དེས་བཤད་པ་ལྟར་བླངས་དངུལ་ཚང་མ་ཕ་རོལ་པོའི“དངུལ་སློག་རྩིས་ཐོའི”ཐོག་བསྐུར་བ་རེད། ཕ་རོལ་པོས་མཁྱེན་ལྡན་མ་ལེ་ལགས་ལ་སྐར་མ་3གྱི་རྗེས་སུ་གཏོང་སྤྲོད་འབོའི་ཅེ་པེའི་དངུལ་གྲངས་རང་འགུལ་ངང་5000ཟིན་གྱི་རེད་ཅེས་བཤད་མོད། འོན་ཀྱང་ཡུན་རིང་བསྒུཌ་ཀྱང་ཅེ་པེའི་དངུལ་གྲངས་མང་དུ་མ་ཕྱིན་པས་མཁྱེན་ལྡན་མ་ལེ་ལཌ་ཀྱིས་རང་ཉིད་གཡོ་འོག་ཏུ་ཚུད་པ་གཞི་ནས་ཤེས་པ་རེད།

    ཉེན་རྟོག་ཕྱོགས་ཀྱིས། “དངུལ་སློག་པར”ཁ་གཡར་བའི་གཡོ་ཐབས་མང་པོ་ཡོད། ཁྲམ་པ་ཚོས་དུས་རྒྱུན་ཚོང་ཟོག་རྫོགས་པའམ་ཡང་ན་སྤུས་ཚད་ཀྱི་ཐད་གནད་དོན་སོགས་ལ་ཁ་གཡར་ནས། འཛད་སྤྱོད་པར་དངུལ་བསློག་རྒྱུའི་རེ་ཞུ་བྱེད་དུ་འཇུག་གི་ཡོད། གཡོ་ཐབས་གཅིག་ནི་འཛད་སྤྱོད་པར་མི་སྒེར་གྱི་ཆ་འཕྲིན་དང་ཁ་པར་གྱི་ར་སྤྲོད་ཨང་གྲངས་འབྲི་དགོས་པའི་གཡོ་སྒྱུའི་དྲ་ཚིགས་སུ་འཛུལ་རྒྱུར་བསླུ་བྲིད་བྱེད་པ་དང་། གཡོ་ཐབས་གཞན་ཞིག་ནི་གྱོང་གུན་གསབ་པར་བདེན་མིན་ར་སྤྲོད་བྱེད་དགོས་པར་ཁ་གཡར་ཏེ། འཛད་སྤྱོད་པར་དྲ་ཐོག་དངུལ་བུན་ལས་སྟེགས་ནས་དངུལ་བུན་གཡར་དུ་འཇུག་པ་མ་ཟད། ད་དུང་དུས་བཀག་ལྟར་དངུལ་བུན་འཇལ་འཇུག་གི་ཡོད། འཛད་སྤྱོད་པས་རང་ཉིད་ཀྱི་རྩིས་ཐོའི་ལྷག་དངུལ་མང་དུ་ཕྱིན་པ་མཐོང་རྗེས་ཡིད་ཆེས་ནས་མཐར་གཡོ་འོག་ཏུ་ཚུད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    མཚོ་སྔོན་ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ན་ནིང་གི“བཅུ་གཅིག་ཟུང”རིང་། མཚོ་སྔོན་ཞིང་ཆེན་གྱི་མྱུར་སྐྱེལ་ཁེ་ལས་ཁག་གི་སྦྲག་དངོས་བསྡུས་ཚད་ཁྲི་84.41ཟིན་པ་དེ་དུས་མཚུངས་ལས་105.66%འཕར་བ་དང་། སྔོན་དཔག་བྱས་ན། འདི་ལོའི“བཅུ་གཅིག་ཟུང”རིང་དྲ་ཐོག་ནས་དངོས་ཟོག་ཉོ་མཁན་སྔར་རྒྱུན་བཞིན་ཧ་ཅང་མང་པོ་ཡོད་པ་མ་ཟད། དྲ་ཐོག་ནས་ཉོས་པའི་ཆ་འཕྲིན་སྤྱོད་པའི་ཉེས་གསོག་བྱེད་སྤྱོད་ཀྱང་རྒྱུན་ཆད་མེད་པར་མང་དུ་འགྲོ་རྒྱུ་ཡིན་པ་རེད།

    མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས། སྐད་འཕྲིན་དང་འཕྲིན་ཐུང་ནང་གི་ཆ་རྒྱུས་མེད་པའི་རྩ་གཉིས་ཨང་རྟགས་སོགས་རང་དགར་བཤེར་རྒྱུ་མེད་པ་མ་ཟད། དྲ་ཚིགས་ཐོག་མི་སྒེར་གྱི་ཆ་འཕྲིན་དང་དེ་བཞིན་དངུལ་ཁང་གི་ར་སྤྲོད་ཨང་གྲངས་ཀྱང་རང་དགར་འབྲི་རྒྱུ་མེད། དྲ་ཐོག་ནས་ཉོས་པའི་དངོས་ཟོག་གི་རིན་པ་ཕྱིར་སློག་པའམ་ཡང་ན་སྦྲག་ཐོག་བསྐུར་དངོས་བོར་བརླག་སོང་བ་ཤེས་རྗེས་འཕྲལ་དུ་ལས་སྟེགས་དེའི་ཚོང་པ་དང་འབྲེལ་གཏུག་བྱས་ནས་བདེན་མིན་ཞིབ་བཤེར་བྱེད་དགོས་པ་ལས་ཕྱོགས་གསུམ་པའི་དྲ་ཚིགས་ཐོག་རང་ཉིད་ཀྱི་ཆ་འཕྲིན་སྣ་ཚོགས་མཁོ་འདོན་སོགས་བྱེད་མི་ཉན་ཞེས་འཛད་སྤྱོད་པར་དྲན་སྐུལ་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།