[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱིས་བྱེད་ཐབས་39བཏོན་ནས་ཤེས་ལྡན་མི་སྣ་གཞི་རིམ་དུ་སྐྱོད་པར་སྐུལ་ལྕག་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར། ཤེས་ལྡན་མི་སྣ་སྤྱོད་ཤུགས་ཆེ་རུ་གཏོང་ཆེད། ཉེ་ཆར་མཚོ་སྔོན་གྱིས《ཤེས་ལྡན་མི་སྣ་དཀའ་ཚེགས་ཆེ་བའི་མཐའ་མཚམ་ས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོར་སྐྱོད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》(གཤམ་དུ《བྱེད་ཐབས་འགའ་ཞིག》ཞེས་བསྡུ་རྒྱུ)བཏོན་ནས་ཞིང་ཆེན་ཕྱིའི་ཤེས་ལྡན་མི་སྣ་དེ་བས་མང་པོ་མཚོ་སྔོན་དུ་གསར་གཏོད་ལས་གཏོད་ལ་ཡོང་བར་ཡིད་དབང་བཀུག་པ་དང་འབྲེལ། ཞིང་ཆེན་ནང་ཁུལ་གྱི་ཤེས་ལྡན་མི་སྣ་དེ་བས་མང་པོ་གཞི་རིམ་གྱི་འཐབ་ས་དང་པོར་འཇོན་ཐང་དང་བློ་གྲོས་ལེགས་སྐྱེས་འབུལ་བར་ཁྲིད་སྟོན་བྱས་པ་རེད།

    《བྱེད་ཐབས་འགའ་ཞིག》ནང་བྱ་གཞག་ལས་སྟེགས་ཀྱིས་ཤེས་ལྡན་མི་སྣའི་གཅིག་སྡུད་ཕན་འབྲས་ལ་ཤུགས་སྣོན་དང་། ཤེས་ལྡན་མི་སྣའི་དོ་དམ་སྲིད་ཇུས་འཐུས་ཚང་། ཞིང་ཆེན་ཕྱི་ནང་གི་ཤེས་ལྡན་མི་སྣའི་རོགས་སྐྱོར་མཐུན་སྦྱོར་ལམ་སྲོལ་གསར་གཏོད། ས་ཆ་དེ་རང་གི་ཤེས་ལྡན་མི་སྣ་སྡོད་ཐུབ་པ་དང་ཡག་པོ་སྤྱོད་ཐུབ་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་5ཐད་ཀྱི་སྲིད་ཇུས་བྱེད་ཐབས་39ཚུད་ཡོད་པ་རེད།

    མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝུའུ་གོ་ཆང་གིས《བྱེད་ཐབས་འགའ་ཞིག》ནང་རྒྱལ་ཁབ་ཀྱིས་སྐུལ་འདེད་དང་ལག་བསྟར་བྱས་པའི་དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་སོགས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་གང་ལེགས་སྤྱད་ནས་འབྲེལ་ཡོད་ལས་གྲྭའི་རྣམ་གྲངས་དང་ཤེས་ལྡན་མི་སྣའི་འཆར་གཞི་མཚོ་སྔོན་དུ་ལག་བསྟར་བྱེད་པར་རང་འགུལ་ངང་འབྲེལ་མཐུད་དང་བརྩོན་ལེན་ཧུར་ཐག་བྱས་པ་དང་འབྲེལ། ཞིང་ཆེན་རིམ་པའི་བྱ་གཞག་སྒྲིག་ཁོངས་ཀྱི་སྤྱི་འབོར་ལས་མི་བརྒལ་བའི་སྔོན་འགྲོའི་འོག ཞིང་ཆེན་ཡོངས་སུ“ཤེས་ལྡན་མི་སྣའི་སྒྲིག་ཁོངས་མཛོད”བཙུགས་ནས་གྲོང་ཁྱེར་དང་ཀྲོའུ་ཡི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། སློབ་གསོ། འཕྲོད་བསྟེན་སོགས་དམངས་འཚོའི་ཁྱབ་ཁོངས་ལ་ཤིན་ཏུ་མཁོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་འགན་ལེན་བྱས་ནས་ཤེས་ལྡན་མི་སྣ་དེ་བས་མང་པོ་མཚོ་སྔོན་དུ་སྐྱོད་པའི་ཡིད་དབང་བཀུག་ཡོད་ཅེས་ངོ་སྤྲོད་བྱས།

    གཞན་ཡང《བྱེད་ཐབས་འགའ་ཞིག》ནང་ད་དུང་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་གླ་ཕོགས་དང་ཐོབ་ཐང་ལ་ཕྱོགས་པའི་སྲིད་ཇུས་དོན་འཁྱོལ་དང་། རིགས་གཅིག་མཁས་ཅན་གྱིས་གཞི་རིམ་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་ཀྱི་འཆར་གཞི་ལག་བསྟར། ཚན་ཞིབ་དང་ཁེ་ལས་ཀྱི་ཤེས་ལྡན་མི་སྣ་ཕྱོགས་གཉིས་ཀར་སྐྱོད་རྒྱུར་སྐུལ་ལྕག ཤེས་ལྡན་མི་སྣས་གཞི་རིམ་ལ་ཞབས་འདེགས་ཞུ་བའི་སྟེགས་བུ་སྐྲུན་པ་སོགས་ཀྱི་བྱེད་ཐབས་བཏོན་ནས། རིགས་ཁག་གི་ཤེས་ལྡན་མི་སྣ་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོར་སྐྱོད་པར་སྐུལ་ལྕག་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།