[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • རེ་བས་ཁེངས་པའི་འབྱུང་འགྱུར། བདེ་སྐྱིད་ལྡན་པའི་འཚོ་བ།

    གནད་སྨིན་དབུལ་སྐྱོར་གྱིས་སི་ཁྲོན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་སྒྲོལ་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་རོགས་རམ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞའོ་ལིན་དང་། ཧོང་གཡོད། ཀྲང་ཁྲའོ་ཆུན།    |    སྤེལ་དུས།   2019-10-21

    སི་ཁྲོན་ལེང་ཧྲན་དབྱིས་རིགས་ཀྱི་གཞོན་ནུ་པོ་ལི་ཧྲི་པུའུ་ཡི་ཁང་པ་རྙིང་པའི་སྒོའི་སྟེང་དུ་བཀྲག་རྩི་དམར་པོས“འབྱུང་འགྱུར། ཁམས་བཟང”ཞེས་པའི་ཡིག་འབྲུ་ཆེན་པོ་བཞི་བྲིས་ཡོད། ལོ་དེ་དག་ནང་། ཕྱིར་སློབ་སྦྱོང་བྱེད་བཞིན་པའི་པོ་ལི་ཧྲི་པུའུ་གུང་གསེང་ལ་ཁྱིམ་དུ་ལོག་ཐེངས་རེར་གྲོང་ཚོར་འགྱུར་ལྡོག་གསར་པ་བྱུང་བ་མཐོང་གི་ཡོད།

    གནད་སྨིན་དབུལ་སྐྱོར་གྱིས་སི་ཁྲོན་གྱི་ས་ཁུལ་དབུལ་པོའི་མང་ཚོགས་ཀྱི་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་ཏེ་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུར་རོགས་རམ་བྱས་ཡོད།

    རི་གྲོང་དུ་རྣམ་པ་གསར་པ་མངོན་པ།

    བུ་རབས་ཚ་རྒྱུད་ཀྱི་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་པ་དང་ཁྱིམ་ཚང་དབུལ་པོའི་བྱིས་པའི་ངོ་གདོང་ནས་དེ་བས་མཚར་སྡུག་རྣམ་པར་བཀྲ་བའི་འཛུམ་མདངས་མངོན་ཆེད། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པ་དང་། སློབ་མའི་ཉལ་ཁང་བསྐྱར་སྐྲུན། དགེ་རྒན་བསྡུ་བ། ནང་སའི་སློབ་གྲྭ་སྟོང་ཕྲག་མང་པོས་ཤིན་ཏུ་དབུལ་བའི་རྫོང་གི་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱེད་པ། “རྫོང་དཔོན་དང་། ཤང་ཀྲང་། གྲོང་དཔོན། སློབ་སྤྱི། ཁྱིམ་བདག་བཅས་ལྔའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་སོགས་སི་ཁྲོན་ཞིང་ཆེན་གྱི་སློབ་གསོའི་དབུལ་སྐྱོར་སྲིད་ཇུས་སྣ་ཚོགས་རིམ་བཞིན་དོན་འཁྱོལ་བྱེད་བཞིན་ཡོད།

    སི་ཁྲོན་ཞིང་ཆེན་གྱིས་རིག་གནས་སློབ་གསོར་དམ་འཛིན་བྱས་པ་དང་ཆབས་ཅིག ས་ཁུལ་དབུལ་པོར་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་སྟེ། “ཞིང་པའི་མཚན་མོའི་སློབ་གྲྭ”གཉེར་ནས་མང་ཚོགས་དབུལ་པོར་དམིགས་པའི་རྩལ་ནུས་གསོ་སྦྱོང་བྱས་པ་རེད།

    སློབ་གསོར་བརྟེན་ནས་ཁྱིམ་ཚང་དབུལ་པོ་རེ་རེའི་བསམ་བློ་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་རེད།

    སི་ཁྲོན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་དུད་ཚང་དབུལ་པོ་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་ཚད་100%ཟིན་པ་དང་། གྲོང་ཚོ་མང་ཆེ་བར་འཕྲོད་བསྟེན་ཁང་ཡོད་པས་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་པའི་ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སྔོན་འགོག་ནུས་ལྡན་ཐུབ་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། སི་ཁྲོན་གྱིས་གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་136ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ཏེ་མི་ཁྲི་118སྡོད་ཁང་གསར་པར་སྤོས་ཤིང་། སྡོད་ཁང་གསར་པར་ཆུ་དང་གློག་ཡོད་པ་མ་ཟད། གཙང་ལ་དཀར་ཆ་དོད་པོ་ཡོད། སྡོད་ཁང་གསར་པའི་ཕྱི་རོལ་གྱི་ཁོད་སྙོམས་པའི་ཨར་འདམ་ལམ་དེ་ཕྱུག་འགྱུར་དང་ཤེས་དཔལ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཅས་ལ་ཁ་ཕྱོགས་ཡོད་པ་རེད།

    “སེམས་ཁྲལ་མེད་པ་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱས་པའི་རྨང་གཞིའི་ཐོག “འགན་ལེན་གསུམ”སྔར་བས་སྲ་བརྟན་དུ་བཏང་བས་སི་ཁྲོན་དབྱིས་རིགས་ས་ཁུལ་དང་བོད་རིགས་ས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད།

    ནང་གནས་སྒུལ་ཤུགས་ཆེ་རུ་ཕྱིན་པ།

    དཀར་མཛེས་ཀྲོའུ་དར་མདོ་གྲོང་ཁྱེར་གུ་བྲག་གྲོང་རྡལ་བྲག་འགོ་གྲོང་ཚོའི་གྲོང་མི་ཐན་ཤིན་ཆུང་ཁྱིམ་ནས་སྤྱི་ལེ་1གི་སར་ཡོད་པའི་ཐོན་ལས་རྟེན་གཞིར་སུར་པན་རྐོ་བཞིན་འདུག ངོ་གདོང་ཉི་མས་ཚིག་ནས་དམར་པོར་གྱུར་ན་ཡང་དགའ་བའི་འཛུམ་མདངས་སྔར་བཞིན་མངོན།

    ཐན་ཤིན་ཆུང་གིས“དེ་སྔ་ས་ཞིང་ཁོ་ན་འདེབས་ཀྱི་ཡོད། ད་ཆ་ཞིང་དུས་ལ་ཞིང་ལས་བྱེད་པ་དང་། སོས་དལ་གྱི་སྐབས་སུ་རྟེན་གཞིར་གླ་པར་འགྲོ་གི་ཡོད་པས་ཟླ་རེར་གླ་ཆ་སྒོར་3000ལྷག་ཙམ་ཡོང་གི་འདུག”ཅེས་བརྗོད།

    དབུལ་སྒྲོལ་ཐད“གཞན་སྐུལ”ནས“རང་འགུལ”དུ་འགྱུར་བའི་བར། གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཀྱིས་གྲོང་གསེབ་ཀྱི་དབུལ་པོའི་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་དང་རིག་ནུས་ཀྱི་མི་མངོན་པའི་ནུས་པ་འཕེལ་བར་བྱས་ཤིང་། སི་ཁྲོན་དབྱིས་རིགས་ས་ཁུལ་དང་བོད་རིགས་ས་ཁུལ་གྱིས་ཡུལ་བབ་དང་བསྟུན་ཏེ། རང་བྱུང་ཆ་རྐྱེན་གང་ལེགས་སྤྱད་ནས་ཁྱད་ལྡན་འབྲུ་རིགས་དཀྱུས་མ་འདེབས་འཛུགས་དང་སྤུས་ལེགས་ཞིང་འབྲོག་ཐོན་ལས་སོགས་འཕེལ་རྒྱས་བཏང་བ་དང་། གྲོང་ཚོ་དབུལ་པོ་རེར་ཉུང་མཐར་ཡང་གཉེར་སྐྱོང་བྱེད་པོ་གསར་པ་གཅིག་ཡོད་པ་བྱས་ཏེ་དབུལ་སྒྲོལ་ལ་ཕུགས་ཕན་གྱི་ལམ་བུ་ཞིག་བཏིང་ཡོད་པ་རེད། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སི་ཁྲོན་གྱི་མི་འབོར་དབུལ་པོ་ཁྲི་303ཐོན་ལས་དང་རང་ཡུལ་དུ་གླ་པར་བསྐྱོད་ནས་དབུལ་སྒྲོལ་ཐུབ་པས། དབུལ་སྒྲོལ་གྱི་སྤྱིའི་མི་འབོར་གྱི་54.7%ཟིན་ནས་སི་ཁྲོན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གནམ་ས་ཕྱེད་ཀ་བཟུང་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ངེས་ཡིན་པ།

    སི་ཁྲོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། བོད་རིགས་ས་ཁུལ་དང་དབྱིས་རིགས་ས་ཁུལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་མི་འབོར་དབུལ་པོ་2013ལོའི་ལོ་མཇུག་གི་ཁྲི་116ནས་2018ལོའི་ལོ་མཇུག་གི་ཁྲི་36.4བར་ཉུང་དུ་སོང་ནས་དབུལ་པོ་ཐོན་ཚད་25.4%ནས་8%བར་ཆག་ཡོད།

    2018ལོ་ནས་2019ལོའི་ལོ་སྟོད་བར། སི་ཁྲོན་ཞིང་ཆེན་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་རིཌ་ཁག་གི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་1185.5ཟིན་པ་དང་། དབུལ་སྒྲོལ་གྱི་ལས་འགན་དཀའ་ཚེགས་ཆེ་ཤོས་ཡིན་པའི་ལེང་ཧྲན་ཀྲོའུ་ཁོ་ནར་དབུལ་སྐྱོར་ལས་བྱེད་པ་ཁྲི་1.1བཏང་ཡོད་པ་རེད།

    ལེང་ཧྲན་ཀྲོའུ་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཙེང་ལིང་ཅུས་ཀྱིས“གནད་སྨིན་དབུལ་སྐྱོར་ལག་ལེན་བསྟར་འགོ་ཚུགས་ཚུན། ང་ཚོས་བསྐྱོད་པའི་ལམ་བུ་དེ་ཡང་དག་པ་དང་། སྤྱད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་ཡོད། སང་ལོ། ང་ཚོས་ད་དུང་ངར་ཤུགས་སྒྲིམ་ཚེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་ངེས་རེད”ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།