[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • རི་སྔོ་ཆུ་དྭངས་ཀྱི་ཁྲོད་དུ་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ།

    —— མཚོ་སྔོན་གྱིས་སྣོད་བཅུད་དབུལ་སྒྲོལ་ལམ་བུ་འཚོལ་ཞིབ་བྱེད་པའི་སྙན་ཞུ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཤུའེ་ཡིང་དང་། ཁྲེན་ཁའེ། ལུའོ་ཞའོ་ཕེ། ཙོའུ་ལེ།    |    སྤེལ་དུས།   2019-10-20

    མཚོ་སྔོན་གྱིས་སྣོད་བཅུད་སྲུང་སྐྱོང་དང་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་གལ་ཆེ་མཉམ་བརྩི་མཐའ་འཁྱོངས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་སྒྲོལ་ཐུབ་པར་བྱས་པས་2018ལོའི་ལོ་མཇུག་བར་མཚོ་སྔོན་བོད་རིགས་ས་ཁུལ་གྱི་རྫོང་19དབུལ་སྒྲོལ་དང་དབུལ་ཞྭ་ཕུད་ཐུབ་པ་དང་དུད་ཚང་ཁྲི་6.8དང་མི་འབོར་དབུལ་པོ་ཁྲི་23.9དབུལ་སྒྲོལ་ཐུབ་ཅིང་། དབུལ་པོ་ཐོན་ཚད་4.2%བར་ཆག་པ་རེད།

    སྔར་བྱུང་མྱོང་མེད་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཞུན་བརྡར་བརྒྱུད་མྱོང་བའི་གཙང་གསུམ་ཆུ་འགོའི་མང་ཚོགས་དབུལ་པོའི་འཚོ་བའི་ཆ་རྐྱེན་དང་ཐོན་སྐྱེད་བྱེད་སྟངས་ཐད་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་སྣོད་བཅུད་དབུལ་སྒྲོལ་ལམ་བུར་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཡངས་སུ་སོང་ཡོད།

    འཚོ་བའི་འགྱུར་ལྡོག

    དམངས་འཚོ་དམ་བཟུང་ལས་ཁྱིམ་ཚང་ཁྲི་སྟོང་གི་རྣམ་པ་གསར་རྐྱང་དུ་གྱུར་པ།

    གསེར་མདོག་ཅན་གྱི་ནས་ནག་ཞིང་ཁ་དང་སྔོ་ཐིང་ཐིང་གི་རྩྭ་ར་རྫ་ཆུའི་ཆུ་འགོའི་རྩ་རྔ་ཆུའི་ངོགས་གཉིས་སུ་སྣོལ་མར་གནས་པ་དང་། གྲོང་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་ཞིག་དངུལ་མདོག་གི་དར་སྐུད་ལྟར་རྫོང་གི་མ་ལམ་ནས་ཆུ་གཞུང་གི་ཞིང་ཁ་དང་རི་ཁྲོད་ཀྱི་འབྲོག་རའི་བར་སྣུར་སྲིང་བྱས་ཡོད།

    མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནང་ཆེན་རྫོང་སྐྱོ་བྲག་ཤང་དཀར་གཞུང་གྲོང་ཚོར་སྐྱོད་སྐབས་ཚོན་མདོག་རྣམ་པར་བཀྲ་བའི་སྣུམ་ཚོན་རི་མོའི་ཁྲོད་དུ་གནས་པ་ལྟར་ཡིན་མོད། འོན་ཀྱང་སྔོན་ཆད་གྲོང་ཚོའི་མང་ཚོགས་ཀྱིས་ལྟ་ན་སྡུག་པའི་མཛེས་ལྗོངས་མིག་གིས་མཐོང་ཡང་དབུལ་པོའི་འཚོ་བ་ལས་སྒྲོལ་ཐུབ་མེད།

    དབུལ་པོ་ཆགས་རྐྱེན་ནི་འགྲོ་སྐྱོད་དཀའ་བ་དང་ཐོན་ལས་འཕེལ་རྒྱས་དཀའ་བས་ཡིན་པ་དང་དཀའ་ངལ་ནི་འཐུང་ཆུ་དང་གློག་སྤྱོད་དཀའ་བ་དེ་རེད། 2015ལོར་གནད་སྨིན་དབྱེ་འབྱེད་བྱེད་སྐབས་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་251ཁྲོད་དུད་ཚང་123ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་རེད།

    དཀར་གཞུང་གྲོང་ཚོའི་དབུལ་སྐྱོར་ཧྲུའུ་ཅི་དང་པོ་མ་ཁྲེང་ཞུའེ་ཡིས་གསར་འགོད་པར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་ཚུན་རིམ་ཁག་སྲིད་གཞུང་སྡེ་ཚན་གྱིས་མཉམ་ཤུགས་སྒྲིལ་ནས་རོགས་སྐྱོར་བྱས་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་རྣམ་གྲངས་བསྟུད་མར་ལག་ལེན་བསྟར་ཡོད། ལོ་གཉིས་ཙམ་ནང་གྲོང་ཚོའི་ཆུ་དང་། གློག ལམ་སོགས་ཀྱི་དཀའ་ངལ་རེ་རེ་བཞིན་ཐག་གཅོད་ཐུབ་པ་རེད།

    མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ལས་རིགས་ལག་རྩལ་སློབ་གྲྭའི་དམངས་ཁྲོད་སྲོལ་རྒྱུན་བཟོ་རྩལ་རིགས་ཀྱི་ཆེད་ལས་དངོས་སྦྱོང་ཁང་གི་གྲིབ་གཟུགས་ཕོག་བྱེད་འཕྲུལ་ཆས་ནས་ཐང་ག་འབྲི་སྟངས་ཀྱི་སློབ་ཁྲིད་པར་གཞི་སྟོན་བཞིན་ཡོད་པ་རེད། གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུམ་པ་ཤང་རྫི་ལང་ཐང་གྲོང་ཚོའི་ལོ་18ལ་སླེབས་པའི་བན་དེ་བཀྲ་ཤིས་ཀྱིས་ལྟ་ཞོར་དུ་ཐང་གར་ཚོས་རྒྱག་བཞིན་ཡོད་པ་རེད།

    “བརྩམས་ཆོས་འདི་ཚར་བར་ཉིན་40ཙམ་དགོས། ཁྲོམ་རའི་རིན་གོང་སྒོར་5000ཙམ་ཟིན་གྱི་ཡོད”ཅེས་བན་དེ་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད། ཁོང་གིས་སློབ་རིམ་མཐོ་བའི་སློབ་གྲོགས་སློབ་གྲྭ་ཐོན་རྗེས་ལ་ལ་ཁེ་ལས་སུ་ཕྱིན་པ་དང་ལ་ལས་རང་བརྟེན་ལས་གཏོད་བྱས་ནས་ཐང་གའི་ཀུང་སི་བཙུགས་པར་ཟླ་རེར་ཡོང་འབབ་སྒོར་4000ནས་7000བར་ཡོང་གི་ཡོད་པ་རེད། ཁོང་གིས“ང་སློབ་གྲྭ་ཐོན་རྗེས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་གི་ཡིན”ཞེས་བཤད།

    ཕུགས་ཀྱི་ཇུས་བཏིང་བ་དང་། རྩ་བ་བརྟན་འཛུགས་ཀྱི་བྱེད་ཐབས་སྤྱད་པ།

    ཉེ་བའི་ལོ་ཤས་རིང་། སློབ་གསོ་དང་། སྨན་བཅོས། རིག་གནས་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུར་དམིགས་ནས“འགན་སྲུང་དྲ་བ”ཞིབ་ཚགས་གཉེར་བར་མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་12ཀྱིས་མ་མཐའི་འཚོ་བ་འགན་ལེན་གྱི་ཐ་སྐྱོང་ལོངས་སུ་སྤྱད་དེ་ས་ཁུལ་དབུལ་པོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སྨན་བཅོས་འགན་བཅོལ་ལ་ཞུགས་ཚད་98%ཟིན་པ་དང་ལོ་དགུའི་འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད་94.2%ཟིན་ཡོད་པ་རེད། ཕ་ཚ་བུ་རྒྱུད་ཞིང་འབྲོག་ལས་ཀྱི་འཚོ་བ་སྐྱེལ་མཁན་གྱི་གྲོང་མིས་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་ཁེ་ཕན་ལོངས་སྤྱོད་ཐུབ་ཡོད།

    མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་མཱ་ཧྥེང་ཧྲན་གྱིས་རྨང་གཞིའི་སྒྲིག་བཀོད་དང་། སློབ་གསོའི་དབུལ་སྐྱོར། སྨན་བཅོས་འགན་ལེན་སོགས་ལས་རིགས་དབུལ་སྐྱོར་གྱི་ཆེད་དོན་བྱ་སྤྱོད་བཅུ་ལག་བསྟར་ཤུགས་ཆེན་བྱས་པ་བརྒྱུད་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པ་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ལོའི་ཡོང་འབབ་11%འཕར་ནས་མང་ཚོགས་དབུལ་པོའི་ཡོང་འབབ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་པའི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང“སེམས་ཁྲལ་མེད་པ་གཉིས”ཀྱི་དམིགས་ཚད་སྤྱི་ཡོངས་ནས་མངོན་འགྱུར་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འཕེལ་རྒྱས་ཀྱི་འགྱུར་ལྡོག

    ས་མཐོའི་དབུལ་པོ་གནད་སྨིན་འགག་སྒྲོལ་ཡོང་བ་བྱས་པ།

    ལོ་54ལ་སླེབས་པའི་ཏའེ་ཚུན་ཀྲུང་ངལ་དུབ་ཀྱིས་མནར་ཡང་སྐད་ཆ་ཤོད་སྐབས་སྐད་ཧ་ཅང་གསང་པོ་ཡོད། “དེ་སྔོན་དབུལ་པོ་ཡིན། དབུལ་པོར་འགྱུར་དོན་ནི། ལས་ཀ་ཙག་ཙིག་བྱས་ནས་ཡོང་འབབ་ཕྲན་བུ་བྱུང་བ་ཕུད་དེ་མིན་གྱི་ཡོང་འབབ་གང་ཡང་མེད”ཏའེ་ཚུན་ཀྲུང་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་ཁོའོ་ལུའུ་ཁོའོ་གྲོང་རྡལ་ཨན་ཁང་གྲོང་ཚོའི་དུད་ཚང་དབུལ་པོ་ཞིག་རེད།

    དེ་སྔོན་ཨན་ཁང་གྲོང་ཚོར་འཚོ་བའི་ཆ་རྐྱེན་ཡག་པོ་མེད། ཏའེ་ཚུན་ཀྲུང་དང་བཟའ་ཟླས་སོ་ཕག་བཟོ་གྲྭར་ལས་ཀ་བྱས་ནས་འཚོ་བ་འཁྱོལ་ཙམ་ཞིག་ཡོད། འོན་ཀྱང་2014ལོར་བཟའ་ཟླར་ནད་ལྕི་པོ་ཕོག་ནས་ལྟ་རྟོག་བྱེད་དགོས་པའི་ཁར་བུ་མོ་གཉིས་པོ་སློབ་གྲྭར་འགྲོ་ཡི་ཡོད་པས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་སྤྱོད་སྤེལ་བ་དེས་ཁྱིམ་ཚང་དེར་གོ་སྐབས་ཡག་པོ་ཞིག་བྱུང་ཡོད། 2017ལོར་ཏའེ་ཚུན་ཀྲུང་གིས་གནད་སྨིན་དབུལ་སྐྱོར་གྱི་གྲངས་ཉུང་སྐྱེད་གསབ་དངུལ་བུན་གཡར་ནས་ས་ཞིང་མུའུ་10འགན་གཙང་བླངས་ཏེ་གྲོ་ལི་བཏབ་པར་ལོ་དང་པོར་ཁེ་གཙང་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད།

    “མཚོ་སྔོན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ནི་ལས་དོན་གཏིང་ཟབ་སྤེལ་རྒྱུ་དེ་ཡིན”ཞེས་མཱ་ཧྥེང་ཧྲེང་གིས་བརྗོད་པ་དང་། སྲོལ་རྒྱུན་གྱི་འབྲོག་ལས་དང་མཐོ་གྲང་གི་ཞིང་ལས་གཙོ་བོར་བྱས་པའི་ཞིང་འབྲོག་ལས་ཀྱི་ཐོན་ལས་གྲུབ་ཆ་དང་། འཕེལ་རྒྱས་གཏོང་སྟངས་རགས་ལས་དང་ཐོན་སྐྱེད་ནུས་ཕྱོད་དམའ་བ། ཞིང་འབྲོག་པར་འབབ་འཕར་དཀའ་བ་བཅས་ནི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི“དཀའ་གནད་ཁྲོད་ཀྱི་དཀའ་གནད”རེད་ཅེས་བརྗོད།

    ནད་རྐྱེན་བཙལ་ནས་ནད་ཐོག་སྨན་བཅོས་ཐུབ་རྒྱུ་ནི་གལ་ཆེན་པོ་ཡིན། བོད་རིགས་ས་ཁུལ་གྱི་མི་རེའི་ཆ་སྙོམས་ཀྱི་ཚད་གཞི་སྒོར་6400གཞིར་བཟུང་འདོད་འདུན་དང་ནུས་པ་ཡོད་པའི་དུད་ཚང་དབུལ་པོ་ཁྲི་21.56ལ་ཐོན་ལས་དབུལ་སྐྱོར་གྱི་མ་རྩ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ་དང་། གྲོང་ཚོ་རེར་སྒོར་ཁྲི་50ཡི་ཚད་གཞི་གཞིར་བཟུང་བོད་རིགས་ས་ཁུལ་གྱི་གྲོང་ཚོ་དབུལ་པོ་658ལ་རོགས་རེས་མ་དངུལ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ། མ་དངུལ་སྒོར་དུང་ཕྱུར་7.15བཏང་ནས་གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱས་ཏེ་བོད་རིགས་ས་ཁུལ་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རོགས་སྐྱོར་རྣམ་གྲངས་སྲིད་འཛིན་གྲོང་ཚོ་1623ལ་ཁྱབ་ཐུབ་པ་བྱུང་ཡོད།

    རྩེ་ཁོག་རྫོང་གི་རྫོང་དཔོན་ཀུན་གྲགས་ཚེ་རིང་གིས་2018ལོར་རྫོང་ཡོངས་ཀྱི་དུད་ཚང་3473དང་མི་གྲངས་14032དབུལ་སྒྲོལ་དང་དབུལ་པོ་ཉུང་གཏོང་ཐུབ་ཡོད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།