[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • འཕུར་སྐྱོད་ཀྱི་བདེ་འཇགས་འགན་ལེན་བྱེད་པ།

    —— ས་མཐོའི་གནམ་ཐང་གི“བྱ་རིགས་འདེད་མཁན”ཞིག་གིས་ལས་གནས་དེ་ལོ་བཅུ་བརྟན་སྲུང་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-09

    “ངའི་མིང་ལ་ཀྲང་ཧོན་ཟེར་གྱི་ཡོད། འདི་ལོ་ལོ་35ཡིན། མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སིའི་འཁོར་སྐྱོད་དོ་དམ་པུའི་གནམ་གྲུའི་རྒྱུག་ལམ་རུ་ཁག་གི་བྱ་རིགས་འདེད་མཁན་ཞིག་ཡིན”འོད་ཆེམ་ཆེམ་འཕྲོ་བའི་ལས་གོས་ལྗང་ཁུ་གྱོན་པའི་ཤ་རྩི་ནག་ལ་ལས་ཀ་འཇོན་པའི་ཕོ་གཞོན་དེ་2009ལོར་མཐོ་རིམ་ལས་རིགས་སློབ་གྲྭ་ཐོན་རྗེས་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་ཐང་དུ་ལས་ཀ་བྱས་ནས་ད་བར་ལོ་10སོང་ཡོད།

    ཞོགས་པའི་ཆུ་ཚོད་5པར་ཀྲང་ཧོན་གྱི་ཉིན་གཅིག་གི་ལས་ཀ་འགོ་ཚུགས། ཀྲང་ཧོན་གྱི་ལས་ཀ་ནི་ཧ་ཅང་དམིགས་བསལ་ཆེ་བ་ཞིག་རེད། གནམ་གྲུ་འབབ་འཕུར་གྱི་བདེ་འཇགས་འགན་ལེན་བྱ་ཆེད། ཁོང་གིས་འཕུར་སྐྱོད་ཁུལ་གྱི་གནས་ཚུལ་ཚང་མ་དང་ལྷག་དོན་དུ་གནམ་ཐང་གི་མཁའ་དབྱིངས་ཀྱི་བྱ་རིགས་ལ་དོ་སྣང་ཆེན་པོ་བྱེད་དགོས་ཀྱི་ཡོད། བྱ་རིགས་ཀྱིས་གནམ་གྲུར་བརྡུངས་ཚེ་མཁའ་སྐྱོད་ཀྱི་བདེ་འཇགས་ལ་འཇིགས་སྣང་ཆེན་པོ་བཟོ་གི་ཡོད་པས། གནམ་ཐང་གི་གནམ་གྲུའི་རྒྱུག་ལམ་རུ་ཁག་གི“བྱ་རིགས་འདེད་མཁན”གྱི་ལས་ཀ་ནི་གནམ་གྲུའི་རྒྱུག་ལམ་ཐོག་ཚན་རིག་དང་མཐུན་པའི་ངང་བྱ་རིགས་འདེད་རྒྱུ་དེ་རེད།

    ཟླ་10པར་སླེབས་ཚུན། མཚོ་སྔོན་དུ་སྟོན་དུས་ཀྱི་དུས་བྱ་གནས་སྤོ་བྱེད་མང་བའི་དུས་ཡིན་པ་དང་། གནམ་ཐང་ཡང་བྱ་རིགས་གནས་སྤོ་བྱ་ཡུལ་གྱི་ལམ་གཙོ་བོའི་ཐོག་གནས་ཡོད། རྒྱལ་སྟོན་རིང་ཉིན་ལྟར་དུས་གཏན་གནམ་གྲུ་ཐེངས་200ཡན་འཕུར་སྐྱོད་བྱེད་ཀྱི་ཡོད་པས་བྱ་རིགས་འདེད་པའི་ལས་འགན་དེ་བས་ལྕི་བ་ཡོད།

    གནམ་ཐང་གི་བྱ་རིགས་འདེད་པའི་སྒྲིག་ཆས་སྣ་ཚོགས་ཡོད། དེའི་ནང་ཉི་འོད་ནུས་པའི་སོལ་རླངས་མེ་སྒྱོགས་དང་། ཉི་འོད་ནུས་པའི་སྒྲ་ཟློས་བྱ་རིགས་འདེད་ཆས། ནུས་པ་མང་བའི་བྱ་རིགས་འདེད་བྱེད་རླངས་འཁོར། བྱ་འགོག་དྲ་བ་སོགས་ཡོད། གནམ་གྲུ་བདེ་བླག་ངང་འབབ་འཕུར་ཐུབ་ཆེད། བྱ་རིགས་འདེད་མཁན་ཚོས་དུས་དང་རྣམ་པ་ཀུན་ཏུ་ལས་གནས་བརྟན་སྲུང་བྱེད་དགོས་ཀྱི་ཡོད། སྤྱི་ལེ་10ཡོད་པའི་རྒྱུག་ལམ་དེར་ང་ཚོས་ཉིན་ལྟར་ཉུང་མཐར་ཡང་བྱ་རིགས་འདེད་བྱེད་རླངས་འཁོར་བཏང་ནས་སྐོར་བ་ཐེངས་25ཙམ་རྒྱག་དགོས་ཀྱི་ཡོད་ཅེས་ཀྲང་ཧོན་གྱིས་བཤད།

    གནམ་ཐང་གི་བདེ་འཇགས་འཕུར་སྐྱོད་འགན་ལེན་བྱ་ཆེད། གནམ་ཐང་འཁོར་སྐྱོད་དོ་དམ་པུའི་གནམ་གྲུའི་རྒྱུག་ལམ་རུ་ཁག་གི་འགན་འཁྲི་ནི“བྱ་རིགས་འདེད་པ”ཕུད་ད་དུང་གནམ་གྲུ་འབབ་ས་དང་རྒྱུག་ལམ་ལ་ཞིབ་བཤེར་དང་འཕུར་སྐྱོད་ཁུལ་གྱི་མཁའ་དབྱིངས་གཙང་བཟོ་ཞིབ་བཤེར་སོགས་ལས་ཀའི་འགན་ཁུར་དགོས་ཀྱི་ཡོད། ཀྲང་ཧོན་གྱིས“དེ་ཙམ་མ་ཟད། ང་ཚོས་ད་དུང་རྩྭ་ཡང་སེ་བརྔ་དགོས་ཀྱི་ཡོད། རྩྭ་རིང་པོ་སྐྱེས་ཚེ་རྒྱུག་ལམ་གྱི་ལམ་སྟོན་གློག་འོད་དང་ལམ་རྟགས་བྱང་བུ་འགེབ་ཀྱི་ཡོད། རྩྭ་ཆ་ཚང་བརྔས་པར་ཟླ་བ་3འགོར་གྱི་ཡོད”ཅེས་བཤད།

    ལས་ཀ་དེ་ལོ་10བྱས་པའི་ཀྲང་ཧོན་ནི་ལས་གཅེས་ཀྱི་བྱ་རིགས་འདེད་མཁན་ཞིག་ཡིན་པ་མ་ཟད། ད་དུང་གནམ་གྲུའི་རྒྱུག་ལམ་རུ་ཁག་གི་མཁའ་འགྲུལ་ཞིབ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ཡང་ཡིན་པ་རེད། 2017ལོར་ཁོང་གིས་སྣེ་འཁྲིད་པའི་རུ་མི་13རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་ཚོགས་ཆུང་གི“ལེགས་གསུམ་གསར་གཏོད”བྱེད་སྒོའི་ཕུལ་བྱུང་བདེ་འཇགས་ཚོགས་ཆུང་ལ་བདམས་པ་དང་། 2018ལོར་རྒྱལ་ཡོངས་ཀྱི་དམངས་སྤྱོད་མཁན་འགྲུལ་གྱི“ཁམས་བཟང་བུམ་པའི”འགྲན་བསྡུར་གྱི་བྱེད་སྒོའི“ཕུལ་བྱུང་ཚོགས་ཆུང”གི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    ཀྲང་ཧོན་གྱིས“གནམ་ཐང་དུ་ཡོང་མ་ཐག་ང་རང་ལས་ཀ་དེ་བྱེད་པར་བཏང་བྱུང་། ལས་ཀ་དེ་ལས་ང་ལ་གཟི་བརྗིད་ཚོར་སེམས་དང་འགན་འཁྲི་ཁུར་སེམས་ཚོར་བྱུང་། དུས་གཏན་གནམ་གྲུ་ཚང་མ་རྒྱུན་གཏན་ལྟར་འབབ་འཕུར་ཐུབ་ནས་འགྲུལ་པ་ཚང་མའི་ཚེ་སྲོག་གི་བདེ་འཇགས་འགན་ལེན་བྱུང་བ་མཐོང་སྐབས་དཀའ་ལས་ཁག་པོ་ཇི་ཙམ་ཡོད་རུང་གནོང་འགྱོད་སྤུ་ཙམ་ཡང་མི་འདུག”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།