[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ས་མཐོའི་སོ་ལྟ་ཁང་གི་འཐབ་འཛིང་པ་ཚོས་དད་སེམས་ལ་བརྟེན་ནས་མེས་རྒྱལ་གྱི་གཟུགས་བརྙན་བཏོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-08

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་1ཉིན་གྱི་ཞོགས་པའི་ཆུ་ཚོད་7དང་ཕྱེད་ཀར། མཚོ་བོད་ས་མཐོའི་ཁུ་ནུ་རི་གཤམ་དུ་བཅའ་སྡོད་བྱེད་མཁན་འཐབ་འཛིང་པ་ཚོས་ཞོགས་པའི་ཉི་ཟེར་དང་འགྲོགས་ཏེ། རུ་སྟར་གྲུ་བཞི་བསྒྲིགས་ནས་རྒྱལ་གླུ་མཉམ་དུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་མཁའ་དབྱིངས་སུ་མཐོན་པོར་བསྒྲེངས།

    “དེ་རིང་ནི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་འཁྲུངས་སྐར་ཉིན་མོ་རེད། ང་ཚོས་རྒྱལ་དར་བསྒྲེངས་ནས་མེས་རྒྱལ་ལ་བཅངས་པའི་གུས་སེམས་མཚོན་པར་བྱེད་པ་དང་། སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན”ཞེས་རྒྱལ་དར་སྒྲེང་མཁན་ཧྲན་ཝུན་ཡན་གྱིས་བཤད།

    སོ་ལྟ་ཁང་གནས་ཡུལ་ས་བབ་མཐོ་ལ་མཐའ་བཞི་རི་བོས་བསྐོར་བས་འདི་གར“མཁའ་དབྱིངས་ཀྱི་སོ་ལྟ་ཁང”ཞེས་འབོད་ཀྱི་ཡོད།

    ཕ་ཡུལ་ཧོ་ནན་ཕུ་དབྱང་ནས་ཡིན་པའི་འཐབ་འཛིང་པ་ཨན་སའེ་སའེ་ལོ་4ཡི་གོང་སོ་ལྟ་ཁང་འདིར་ཡོང་ནས་མཁའ་ལམ་གྱི་སྲུང་དམག་བྱས། ཁོང་གིས་འཐབ་འཛིང་པ་མང་པོ་ཞིག་འདི་གར་སླེབས་རྗེས་ངོ་གདོང་དམར་སྨུག་ཏུ་གྱུར་པ་མ་ཟད། མཆུ་ཏོ་ནག་པོ་ཆགས་པ། སྐྲ་དང་སེན་མོ་བུད་པ་སོགས་ནི་རྒྱུན་མཐོང་ཞིག་རེད་ཅེས་བཤད།

    “འོན་ཀྱང་ང་ཚོའི་ངོས་ནས་བརྗོད་ན། སོ་ལྟ་ཁང་ནི་གཡུལ་ས་དང་ལས་སྒྲུབ་ནི་དམག་འཐབ་ཅིག་ཡིན་པས། མཁའ་ལམ་ཡག་པོ་སྲུང་རྒྱུ་ནི་ང་ཚོའི་དོར་ཐབས་བྲལ་བའི་འགན་འཁྲི་ཞིག་ཡིན”ཞེས་ཨན་སའེ་སའེ་ཡིས་བཤད།

    རུ་འབྲིང་གི་ཆབ་སྲིད་མཛུབ་ཁྲིད་པ་ཝུན་ཅེ་ཧྥུང་གིས། འཐབ་འཛིང་པ་ཚོ་བཅའ་སྡོད་བྱ་ཡུལ་གྱི་སོ་ལྟ་ཁང་གནས་ཡུལ་གྱི་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10དང་། དགུན་དུས་ཀྱི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་41ཟིན་གྱི་ཡོད་པས། རྩྭ་དང་རྩི་ཤིང་ཤིན་ཏུ་མཐོང་དཀོན་པོ་ཡོད་ཅེས་གསར་འགོད་པར་བཤད།

    “ང་ཚོར་སྲོལ་རྒྱུན་བཟང་པོ་གཉིས་ཡོད་དེ། གཅིག་ནི་ཚེ་སྲོག་བློས་གཏོང་དགོས་རུང་འགན་འཁྲི་ནམ་ཡང་དོར་མི་ རུང་བ་དང་། གཅིག་ཤོས་ནི་ཁོར་ཡུག་ལེགས་སུ་གཏོང་བའི་བློ་སྟོབས་དང་ཆོད་སེམས་དེ་ཡིན”ཞེས་ཝུན་ཅེ་ཧྥུང་གིས་བཤད།

    གསར་འགོད་པར་སོ་ལྟ་ཁང་གི་སྒོ་འགྲམ་སྟེ་ཁུ་ནུ་རི་བོའི་གཤམ་ནས་སེ་བའི་སྡོང་པོ་6ཡོད་པ་དེ་དག་སྐམ་ནས་ལོ་མ་མཐོང་རྒྱུ་མེད་ལ་སྲིན་བལ་གྱིས་བཟོས་པའི་དྲོད་སྲུང་ཤུབས་ཀྱིས་བཏུམས་ཡོད་པ་མཐོང་བྱུང་། ད་ཆ་སོ་ལྟ་ཁང་གི་མཐའ་འཁོར་དུ་སེ་བའི་སྡོང་པོ་རྐང་49བཏབ་ཡོད་ཅིང་། དེ་དག་འཐབ་འཛིང་པ་ཚོས་2013ལོ་ནས་བཟུང་བཏབ་པ་ཞིག་རེད་ཅེས་ཝུན་ཅེ་ཧྥུང་གིས་བཤད།

    འཐབ་འཛིང་པ་ཚོས་ད་དུང་དེ་སྔོན་དེ་གར་སྦྱར་པ་དང་རྒྱ་ལྕང་ཚོད་འདེབས་བྱེད་མྱོང་ཡོད། ལོ་ལྟར་གྱི་ཟླ་གསུམ་པ་ནི་རི་སྟེང་གི་གངས་འཁྱགས་བཞུར་ནས་ཤིང་འདེབས་པའི་དུས་ཚིགས་ཤིག་རེད། “འདི་གར་ཧ་ཅང་གྲང་བས་སྡོང་པོ་ཆུང་ཆུང་ཞིག་ཀྱང་སྐྱེ་ཐུབ་ཀྱི་མི་འདུག ལོ་ལྟར་གྱི་ཟླ་དྲུག་པར་སེ་བའི་སྡོང་པོར་ཡལ་འདབ་རྒྱས་རུང་ཟླ་བརྒྱད་པར་སྐམ་འགྲོ་གི་འདུག”ཅེས་ཝུན་ཅེ་ཧྥུང་གིས་བཤད།

    སོ་ལྟ་ཁང་ནང་གི་དྲོད་ཚད་གཞན་མཐོ་བ་ཡོད། གངས་རིས་བསྐོར་བའི་སོ་ལྟ་ཁང་འདིའི་ནང་གི་གང་སར་མཐོང་རྒྱུ་ཡོད་པའི་ལྗང་མདོག་ལས་མི་རྣམས་ལ་སྤྲོ་བ་ཞིག་ངང་གིས་སྦྱིན་གྱི་ཡོད་ཅིང་། དྲོད་ཁང་ནང་ཀྲོ་མ་ཀྲུ་དང་། སོ་ལོ་སྔོན་པོ། ཇིན་ཚལ་བཅས་བཏབ་ཡོད་པ་མ་ཟད། ད་དུང་ཕ་ཡུལ་ལྷོ་ཕྱོགས་ནས་ཡིན་པའི་འཐབ་འཛིང་པ་ཚོས་འཁྱེར་ཡོང་བའི་ཤིང་འབྲས་ཀྱང་བཏབ་ཡོད།

    ལོ་28ལ་སླེབས་པའི་འཐབ་འཛིང་པ་ལུའོ་ཁྲང་ཆང་རུ་འབྲིང་དེའི་མ་བྱན་ཡིན་ཞིང་། ཁོང་གིས“འདི་གར་ཀྲོ་མ་ཀྲུ་ཟླ་བཞི་པར་གཞི་ནས་སྨིན་གྱི་ཡོད། ཚལ་རིགས་དེ་དག་ལས་སླ་པོར་སྐྱེ་ཐུབ་ཀྱི་མེད་པས་མཐོང་བ་ཙམ་གྱིས་སེམས་ནང་ཧ་ཅང་དགའ་པོ་འདུག”ཅེས་བཤད།

    འཚོ་བར་དཀའ་ངལ་ག་ཚོད་ཡོད་རུང་ལྷག་བསམ་རྣམ་དག་བྱེད་རྒྱུ་ནི་འཐབ་འཛིང་པ་ཚང་མའི་དད་སེམས་ཤིག་རེད། ཁོང་ཚོས་རེ་སྒུག་དང་། ཡུལ་མིའི་བརྩེ་སེམས། རྒྱལ་གཅེས་ཀྱི་སེམས་པ་བཅས་ཚང་མ་མེས་རྒྱལ་ནུབ་བྱང་དུ་ཡོད་པའི་སོ་ལྟ་ཁང་འདིར་བཅངས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།