[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཉེན་རྟོག་ཕྱོགས་ཀྱིས་གཞུང་ལམ་ཐོག་གང་བྱུང་དུ་པར་བརྒྱབ་ན་ཉེན་ཁ་ཡོད་པའི་དྲན་སྐུལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་གཞུང་ཕྱོགས་ཀྱི་དཔོད་ཆུང་ཐོག་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲན་སྐུལ་བརྙན་ཐུང་ཞིག་ཁྱབ་བསྒྲགས་བྱས་ཤིང་། བརྙན་ཐུང་ནང་ཡུལ་སྐོར་བ་ཚོས་གཞུང་ལམ་ཐོག་ཉལ་ནས་སྡོད་པ་དང་། ཁ་སྦུག་ནས་སྡོད་པ། ཙོག་པུར་སྡོད་པ་སོགས་བྱས་ཏེ་པར་ལེན་པའི་བྱ་སྤྱོད་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ལྡན་ཡོད། ཉེན་རྟོག་ཕྱོགས་ཀྱིས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པར་ཡོང་མཁན་ཚོར་ཡུལ་གཞན་དུ་ཡུལ་སྐོར་བྱེད་སྐབས་བདེ་འཇགས་ནི་གལ་ཆེ་ཤོས་ཡིན། པར་གཅིག་གི་ཆེད་དུ་རང་ཉིད་ཉེན་ཁའི་གནས་སུ་གྱར་འཇུག་རྒྱུ་མེད་པའི་དྲན་སྐུལ་བྱས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དུ་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ལྷག་པར་དུ་དར་གོས་ལམ་བུ་དང་། ཀན་སུའུ་དང་མཚོ་སྔོན་གྱི་སྐོར་ལམ་ཆེན་པོ། མཚོ་བོད་ལམ་ཐིག་སོགས་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་ལམ་ཐིག་ལ་རྒྱལ་ནང་གི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་དེ་ལས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རབ་དང་རིམ་པ་བཟོས་པ་དཔེར་ན། སྒེར་གཉེར་ཡུལ་སྐོར་ཚོགས་པ་མང་དུ་སོང་བ་དང་། སྒེར་འཁོར་གང་བྱུང་དུ་ཁ་བཀག་པ། གཞུང་ལམ་ཐོག་པར་བརྒྱབ་པ་སོགས་སྒྲིག་འགལ་བྱེད་སྤྱོད་ཇེ་མང་དུ་འགྲོ་བཞིན་ཡོད།

    རང་བྱུང་གི་མཛེས་ལྗོངས་མི་རྣམས་ཀྱིས་དགའ་པོ་བྱེད་པ་དང་། གཞུང་ལམ་དྲ་ཐོག་སྐད་གྲགས་ཆོད་པའི་མཛེས་ལྗོངས་ཁུལ་དུ་གྱུར། གསར་འགོད་པས་དྲ་ཐོག་ཏུ་དཔོད་ཆུང་བདག་པོ་དང་སྐད་འཕྲིན་སྤྱི་རྟགས་མང་པོས་ཡུལ་སྐོར་ལམ་སྟོན་ཁྱབ་བསྒྲགས་བྱེད་སྐབས་དང་ལྷག་དོན་དུ“ཀྲུང་གོའི་གཞུང་ལམ་མཛེས་ཤོས”ཞེས་ཁ་བྱང་དུ་འཁོད་པའི་ཡུལ་སྐོར་ལམ་སྟོན་ནང་མཚོ་སྔོན་དང་། ཀན་སུའུ། ཤིན་ཅང་སོགས་ཀྱི་གཞུང་ལམ་ཁག་གཅིག་དེའི་ནང་ཚུད་ཡོད། དེར་བརྟེན་ཡུལ་སྐོར་བ་མང་པོས་གཞུང་ལམ་ཐོག་བརྒྱབ་པའི་པར་མང་པོ་བཀྲམས་པ་དང་མངོན་གསལ་དོད་པའི་གཞུང་ལམ་གྱི་ཐིག་སེར་པོའི་མདུན་དུ་བརྒྱབ་པའི་དགའ་རོགས་གཉིས་ཀྱི་པར་རམ་ཡང་ན་ནང་མི་ཚང་མ་འཛོམས་པའི་ཁྱིམ་ཚང་པར་སོགས་ལ་བལྟས་ཚེ། མི་རྣམས་དངངས་སྐྲག་སྐྱེས་དགོས་པ་ཞིག་ཡོད།

    གཞུང་ལམ་ཐོག་གི་པར་མཛེས་པོ་དེ་དག་གི་རྒྱབ་ཏུ་ཉེན་ཁ་ག་ཚོད་ཡོད་པ་ཚང་མས་ཤེས་སམ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་དྲིལ་བསྒྲགས་ཉིང་ལག་རུ་ཁག་གི་རིམ་པ་བཞི་པའི་ཉེན་རྟོན་དཔོན་མཱ་ཧྥུའུ་ཡིས་ཡུལ་སྐོར་བས་གཞུང་ལམ་ཐོག་པར་རྒྱག་སྟངས་མང་ཆེ་བ་ནི་ཉལ་ནས་སྡོད་པ་དང་། ཁ་སྦུག་ནས་སྡོད་པ། ཙོག་པུར་སྡོད་པ་སོགས་རེད། ལམ་དུམ་ཁག་གཅིག་གི་ས་དབྱིབས་མཐོ་དམའ་མི་སྙོམས་པས་ཁ་ལོ་བས་རྒྱང་རིང་ནས་ལམ་ངོས་ཐོག་པར་རྒྱག་མཁན་མཐོང་མི་ཐུབ། 2017ལོར་མཚོ་སྔོན་ཞིང་ཆེན་ས་ཁོངས་ཀྱི་ལིའུ་ཀེ་མྱུར་བགྲོད་གཞུང་ལམ་ཐོག་ཡུལ་སྐོར་བ་4གཞུང་ལམ་ཐོག་པར་རྒྱག་པའི་དབང་གིས་འགྲིམ་འགྲུལ་ལས་འཛོལ་ཐོན་ཡོད།

    ད་ཆ་ཡུལ་སྐོར་བ་མང་བའི་དུས་ཚིགས་ཡིན་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ས་གནས་ཁག་གི་ཉེན་རྟོག་པའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་གནས་གཏན་འཁེལ་གྱི་ཞིབ་བཤེར་དང་སྐོར་གཡེང་ཞིབ་བཤེར་ཟུང་འབྲེལ་བྱས་ཏེ་སྐོར་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད། ཡུལ་སྐོར་བ་མང་བའི་ལམ་དུམ་དུ་གནས་གཏན་འཁེལ་གྱི་ལས་སྒྲུབ་ས་ཚིགས་བསྐྲུན་ཏེ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྐྱོང་བ་དང་ཡུལ་སྐོར་བས་གཞུང་ལམ་ཐོག་གང་བྱུང་དུ་པར་རྒྱག་རྒྱུ་གཏན་འགོག་བྱེད་ཀྱི་ཡོད། ཁོང་ཚོས་ཉིན་ལྟར་གཞུང་ལམ་ཐོག་པར་རྒྱག་པའི་བྱེད་སྤྱོད་བརྒྱ་ཙམ་ལ་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།