[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་པོའི་འགྲམ་གྱི་ཙོང་ཉར་སྲུང་སྐྱོབ་བྱེད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-21

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། མིག་སྔར། མཚོ་སྔོན་པོའི་འགྲམ་ངོགས་ཀྱི་ཙོང་ཉ་ཕྱིར་རྒྱུ་བའི་དུས་སུ་སླེབས་ཤིང་། ཉ་ཆུང་གྲངས་ལས་འདས་པ་མཚོ་སྔོན་པོར་བཞུར་བའི་ཆུ་བོ་ཆེ་ཆུང་40ལྷག་ཙམ་གྱི་གྱེན་འདེད་དེ་འགྲོ་གི་ཡོད།

    ལོ་34ལ་སླེབས་པའི་ཀུའོ་མིང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཆབ་ཆ་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཡིན་ཞིང་། 2016ལོར་ཁོང་དང་ལས་རོགས་5ཆབ་ཆ་རྫོང་ཅང་སི་ས་ཚིགས་སུ་སྒར་བརྒྱབ་ནས་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་སྤྱི་ལེ་180ཙམ་དང་སྤྱི་ལེ་ངོས་གྲུ་2230ཟིན་པའི་མཚོ་སྔོན་པོའི་ཆུ་ཁོངས་དང་དེ་བཞིན་འབྲོང་ཆུ་དང་། ཤིན་མགོན་ཆུ། རྟ་ནག་ཆུ་སོགས་ཙོང་ཉ་ཕྱིར་རྒྱུ་བའི་ཆུ་བོ་10ལྷག་ཙམ་ལ་སྐོར་ཞིབ་བྱེད་པའི་འགན་ཁུར།

    མཚོ་སྔོན་པོའི་ཙོང་ཉ་ནི་རང་རྒྱལ་ལ་དམིགས་བསལ་དུ་ཡོད་པའི་ཉ་རིགས་ཤིག་ཡིན་པ་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང་། མང་ཤོས་སྐབས་སུ་ཏུན་ཁྲི་32ཟིན་གྱི་ཡོད། དུས་རབས་གོང་མའི་ལོ་རབས་60པའི་དཀའ་ངལ་ཆེ་བའི་ལོ་གསུམ་གྱི་རིང་མི་ཚོས་ཙོང་ཉ་འབོར་ཆེན་བཟུང་བས་ཉ་རིགས་ཏུན་2600བར་ཉུང་དུ་སོང་ཡོད།

    “མཚོ་སྔོན་པོ་ནི་ཚྭ་མཚོ་ཡིན་པས་ལོ་རེའི་ཟླ་5པ་ནས་8པའི་བར་ཙོང་ཉ་རྣམས་སྲོག་ཉེན་ལ་མ་འཛེམ་པར་མཚོ་སྔོན་པོར་བཞུར་བའི་ཚྭ་མེད་ཆུའི་གྱེན་འདེད་དེ་ཕྱིར་རྒྱུ་ཞིང་། དེས་ངར་སློང་གི་ནུས་པ་ཐོན་ཏེ་ཉ་ཕྲུག་སྐྱེ་འཕེལ་ཡོང་གི་ཡོད”“ཙོང་ཉ་ཕྱིར་རྒྱུ་སྐབས་ཉེན་ཁ་ཧ་ཅང་ཆེ་བས་རྟག་ཏུ་ཆུ་ངོགས་སུ་ཟུག་ནས་ཤི་གི་ཡོད། དེར་བརྟེན་ང་ཚོས་རྟག་ཏུ་གཙང་འགྲམ་དུ་བསྐྱོད་དེ་ཆུ་ངོགས་སུ་ཟུག་པ་མཐོང་ཚེ་འཕྲལ་དུ་སྐྱོབ་དགོས་ཀྱི་ཡོད”ཅེས་ཙོང་ཉའི་སྐོར་གླེང་སྐབས་ཀུའོ་མིང་གིས་སྤྲོ་སེམས་ཆེན་པོས་བཤད།

    “ཙོང་ཉ་སྲུང་སྐྱོབ་བྱེད་པ་ནི་མཚོ་སྔོན་པོར་སྲུང་སྐྱོང་བྱས་པ་ཞིག་ཡིན། ད་ཆ་མཚོ་ངོགས་སུ་ཙོང་ཉ་བཟུང་མཁན་ཧ་ཅང་ཉུང་དུ་ཕྱིན་ཡོད། ཉ་ལས་དང་། སྤྱི་བདེ། བཟོ་ཚོང་སོགས་སྡེ་ཚན་གྱིས་མཉམ་འབྲེལ་བྱ་སྤྱོད་དུས་ཡུན་རིང་པོ་སྤེལ་བ་དང་མཚོ་ངོགས་མང་ཚོགས་ཚོས་ཀྱང་རང་རྟོགས་ངང་སྲུང་སྐྱོབ་བྱེད་ཀྱི་ཡོད། མཚོ་བཀག་ཉ་གསོ་བྱས་ནས་ལོ་20ལྷག་ཙམ་སོང་ཡོད”ཅེས་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ཉ་ལས་ཅུས་ཁྱོན་རྒྱས་ཞིབ་བཤེར་ས་ཚིགས་ཀྱི་ཀྲེན་ཀྲང་བློ་བཟང་གིས་གདེང་ཚོད་ཆེན་པོས་བཤད་ཅིང་། ཁོང་ཚོས་ཆུ་ཚོད་24ཡི་རིང་མི་5རེས་སྐོར་བྱས་ཏེ་མཚོ་ངོགས་སུ་སྐོར་ཞིབ་བྱེད་ཀྱི་ཡོད་པས་ད་ཆ་མཚོ་ངོགས་ཀྱི་ཞིང་འབྲོག་པའི་ཉེན་དོན་སྙན་སེང་ཧ་ལམ་འབྱོར་གྱི་མེད་པ་རེད།

    “རྫོང་དུ་ལོ་གཅིག་དུས་བཞིར་སྨྱན་སྦྱོར་སྣ་ཚོགས་བརྒྱུད་དྲིལ་བསྒྲགས་བྱེད་པ་དང་། ཉ་ཕྱིར་རྒྱུ་བའི་དུས་ཚིགས་སུ་བརྙན་འཕྲིན་དང་དྲ་རྒྱའི་ཐད་གཏོང་བཀོད་སྒྲིག་བྱས་པར་ན་ནིང་དྲ་ཐོག་ཏུ་ཐད་གཏོང་ལ་ལྟ་མཁན་ཐེངས་ཁྲི་2000ལྷག་ཙམ་ཟིན་ཡོད། ཙོང་ཉར་སྲུང་སྐྱོབ་བྱ་རྒྱུ་དེ་ཁྱིམ་ཚང་ཀུན་གྱིས་ཤེས་རྟོགས་ཐུབ་ཡོད”ཅེས་རྐང་ཚ་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཆི་མེ་ཡིས་བཤད།

    ཟླ་7པར་རྐང་ཚ་རྫོང་ཁྱོན་རྒྱས་ཆུ་བོའི་འགྲམ་དུ“ཆུ་བོ་ཕྱེད་ཀ་དྭངས་ཤིང་གཙང་ལ་ཕྱེད་ཀ་ཉ་ཡིས་ཁེངས་པའི”ཉམས་དགའི་རྣམ་པ་ལས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། མི་གསུམ་རེ་ལྔ་རེ་བྱས་ནས་གཙང་འགྲམ་དུ་འཛོམས་ཏེ་ཉ་ཆུང་གིས་འཕག་མཆོང་བརྒྱབ་ནས་བང་རིམ་རེ་རེ་བརྒལ་ཏེ་ཆུ་བོའི་སྟོད་རྒྱུད་དུ་རྒྱུ་བར་ལྟ་གི་ཡོད།

    རྐང་ཚ་རྫོང་ནགས་ཚལ་སྤྱི་བདེ་ཅུས་སྐྱིད་སྨོན་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ལིའུ་ཝེ་ཡིས་གསར་འགོད་པར། “ཡུལ་སྐོར་བ་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བ་དང་མང་ཤོས་སྐབས་ཉིན་ལྟར་ཆིག་སྟོང་ལྷག་ཙམ་ཟིན་གྱི་ཡོད”མིའི་རིགས་ཀྱི་འགུལ་སྐྱོད་ལས་ཙོང་ཉ་ཕྱིར་རྒྱུ་བར་འགལ་རྐྱེན་བཟོ་རྒྱུ་འགོག་ཆེད། རྐང་ཚ་རྫོང་སྲིད་གཞུང་གིས་ལོ་འགའ་ཤས་ཀྱི་སྔོན་ནས་གཡུ་དཀར་འོམ་ལུང་ཆུའི་མཐོ་ཚད་ལ་སྨི་2ལྷག་ཙམ་ཡོད་པའི་ཆུ་རགས་རྡོ་སྐས་རིམ་པ་18ལ་བརྗེས་པ་དང་རྡོ་སྐས་རེའི་མཐོ་ཚད་ལ་ལི་སྨི་15ཡོད་པའི་ཁྲོད་ད་དུང་ཤུར་ཡང་བཟོས་ཡོད་པ་རེད། 2016ལོར་སླར་ཡང་སྒོར་ཁྲི་850བཏང་ནས་ཁྱོན་རྒྱས་ཆུ་བོར་རྡོ་སྐས་20ལྷག་ཙམ་ལས་གྲུབ་པའི་ཉ་ཕྱིར་རྒྱུ་ས་ཡང་བཟོས་པ་རེད།

    “མཁྲེགས་ཆས་ལ་འགྱུར་ལྡོག་ཕྱིན་པ་ཙམ་མ་ཟད། ད་ལྟ་ཚང་མས་ཙོང་ཉར་སྲུང་སྐྱོང་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་འདུག”ཅེས་ལིའུ་ཝེ་ཡིས་བཤད་པ་དང་། ཁོང་གིས“དེ་སྔོན་ཡུལ་སྐོར་བས་ངོ་མཚར་ཆེ་བར་སྣང་ནས་རྟག་ཏུ་ཉ་འཛིན་གྱི་ཡོད། ད་ལྟ་ཚང་མས་ཆུ་འགྲམ་ནས་ལྟ་བ་ལས་ཐ་ན་གད་སྙིགས་གང་བྱུང་དུ་དབྱུགས་པའང་མཐོང་རྒྱུ་མེད་པས་ཙོང་ཉ་ཕྱིར་རྒྱུ་བར་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་མངོན་གསལ་དོད་པོས་ཉུང་དུ་ཕྱིན་འདུག”ཅེས་བཤད།

    འགྱུར་ལྡོག་དེ་འདྲ་མཚོ་སྔོན་པོའི་འགྲམ་དུ་ཙོང་ཉ་བཟུང་ནས་འཚོ་བ་སྐྱེལ་མཁན་གྲོང་སྡེ་བཅུ་ལྷག་ཙམ་ལའང་བྱུང་ཡོད།

    ཀྲུའུ་པའོ་ཕེང་ནི་རྐང་ཚ་རྫོང་ཁྱོན་རྒྱས་ཤང་བྱིན་མཆོག་གྲོང་ཚོའི་ཡུལ་མི་ཡིན་ཞིང་། གྲོང་ཚོ་དེར་ས་བབ་མཐོ་ཚད་སྨི་3300ཟིན་པ་དང་། སེར་བའི་གནོད་འཚེ་ཐོན་མང་བས་སྔོན་ཆད་ནས་དང་པད་ཁ་སོགས་འདེབས་འཛུགས་བྱས་པར་ལོ་བཅུ་ཙམ་ཐོན་འབབ་ཡག་པོ་མ་བྱུང་བར་བརྟེན། གྲོང་ཚོ་ཡོངས་ཀྱི་རྒན་གཞོན་ཚང་མས་ཉ་བཟུང་ནས་འཚོ་ཐབས་བྱེད་ཀྱི་ཡོད། མཚོ་སྔོན་པོ་བཀག་ནས་ཉ་གསོ་འགོ་ཚུགས་པ་དང་སྦྲགས་1996ལོར་གྲོང་ཚོ་ཡོངས་ཀྱི་ཐོན་ལས་ལ་ཕྱོགས་ཡོངས་ནས་འགྱུར་ལྡོག་བྱུང་ཡོད།

    “དཀའ་སྡུག་འཕྲད་མྱོང་། འོན་ཀྱང་དཀའ་སྡུག་མྱངས་རྗེས་གྲོང་ཚོའི་ནང་ནོར་ལུག་གསོ་ཚགས་འཕེལ་རྒྱས་བཏང་ནས་མི་མི་ཉུང་བ་ཞིག་གིས་འཐེན་ཐུག་གི་ཚོང་རྒྱག་འགོ་བརྩམས་པས་2017ལོར་ང་ཚོའི་གྲོང་ཚོ་ཡོངས་དབུལ་སྒྲོལ་བྱུང་སོང་། ན་ནིང་ང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་9000ལྷག་ཙམ་ཟིན་ཡོད”ཅེས་ཀྲུའུ་པའོ་ཕེང་གིས་གད་མོ་དགོད་བཞིན་བཤད།

    ད་ཆ་ཉ་འཛིན་མཁན་ཡོད་དམ་ཞེས་འདྲི་སྐབས། ཀྲུའུ་པའོ་ཕེང་གིས་ལམ་སེང་དོ་ནན་གྱིས“ད་ཆ་ཉ་འཛིན་རྒྱུ་ཕར་ཞོག ང་ཚོའི་གྲོང་ཚོའི་མི་མང་པོས་རང་རྟོགས་ངང་ཙོང་ཉར་སྲུང་སྐྱོབ་བྱས་ཏེ་ཉ་འཛིན་རྒྱུ་དེ་སྔ་ས་ནས་ལོ་རྒྱུས་སུ་གྱུར་ཡོད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།