[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་4བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-12

    ཉེ་ཆར། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་4བརྡ་ཁྱབ་བཏང་བ་རེད།

    2010ལོ་ནས་2018ལོ་བར། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་སྲིད་གཞུང་གི་དེ་སྔའི་རྫོང་དཔོན་གཞོན་པ་དབྱང་ཤང་ཧྥུང་གིས་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་དང་རྫོང་རིག་གནས་ལུས་རྩལ་དང་། རླུང་འཕྲིན་བརྙན་འཕྲིན། ཡུལ་སྐོར་བཅས་ཀྱི་ཅུས་ཀྲང་གི་འགན་འཁུར་སྐབས་སྒྲིག་ཁྲིམས་ལས་འགལ་ཏེ། དོ་དམ་བྱ་ཡུལ་གྱི་ས་ནས་ཐ་མག་ཡག་རིགས་རྡར་ཚན་90དང་། ཨ་རག་དཀར་པོ་ཤེལ་དམ་44 དེ་བཞིན་ཚོང་ཟོག་ཉོ་སྒྲུབ་གཱ་སོགས་སྒོར་ཁྲི་0.9རི་བའི་ལག་རྟགས་དང་འབུལ་རྟེན་བཅས་བླངས་པ་དང་། 2010ལོ་ནས་2013ལོ་བར། དབྱང་ཤང་ཧྥུང་གིས་སྣེ་ལེན་གྱི་མིང་ཐོག་ནས་མི་གཞན་མགྲོན་དུ་ཐེངས་མང་འབོད་པའི་གྲོན་དངུལ་དག་གཞུང་ནས་བཏང་བར་ཁྱོན་སྒོར་ཁྲི་1ཟིན་པ། 2015ལོའི་ཟླ་8པར། དབྱང་ཤང་ཧྥུང་སོགས་མི་ལྔ་ཅང་སུའུ་ཞིང་ཆེན་དུ་རྣམ་གྲངས་ཀྱི་སྐོར་ངོ་འཕྲད་གྲོས་མོལ་བྱེད་པར་སྐྱོད་སྐབས། ཞབས་འདེགས་ཞུ་ཡུལ་གྱིས་གསོལ་སྟོན་དང་། ཡུལ་སྐོར། རོལ་རྩེད་ཀྱི་བྱེད་སྒོ་བཅས་སུ་འབོད་པ་དང་ལེན་བྱས་པར་འགྲོ་སོང་དངུལ་སྒོར་ཁྲི་5ཙམ་སོང་བ། དབྱང་ཤང་ཧྥུང་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཞན་དག་ཡོད་སྟབས། ཏང་གི་སྐྱིད་སྡུག་ནས་ཕུད་པ་དང་སྲིད་དོན་གོ་གནས་ཕབ(ཁོའོ་རིམ་པར་ཕབ་པ)མ་ཟད། ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་ཚང་མ་གཞུང་བཞེས་བཏང་བ་རེད།

    2012ལོའི་ཟླ་12ནས་2016ལོའི་ཟླ་6བར། ཟི་ལིང་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་བློ་མཐུན་ལེ་ཀུའེ་དབྱིང་གི་མོས་མཐུན་ཐོབ་པ་བརྒྱུད། ཟི་ལིང་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་གཏོང་སྒོ་རྫུན་འགོད་དང་མང་འགོད་ཀྱི་ཐབས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་གཡོ་ལེན་བྱས་ཏེ། ཁྲིམས་འགལ་ངང“དངུལ་སྦས་ཁུངས”བཙུགས་པར་ཁྱོན་དངུལ་སྒོར་ཁྲི་163.35ཡོད། དངུལ་དེ་དག་དེ་སྔའི་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ཀྲང་ཧུང་ཐའོ་ཡིས་འགན་ཁུར་ནས་འབྲེལ་ཡོད་ལས་ཁུངས་ལ་ལག་རྟགས་སྤྲོད་པ་དང་། ལས་བྱེད་ལས་བཟོར་ཕན་བདེ་སྤྲོད་པ། སྣེ་ལེན་སོགས་ལ་བཏང་ཡོད། མི་དེ་གཉིས་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཞན་དག་ཡོད་སྟབས། ཏང་གི་སྐྱིད་སྡུག་ནས་ཕུད་པ་དང་གཞུང་དོན་གོ་གནས་ནས་ཕབ་པ། ཁྲིམས་འགལ་ཉེས་གསོག་དང་འབྲེལ་བ་ཡོད་པའི་དོགས་གཞི་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱེད་པར་རྩིས་སྤྲད་པ། དེ་བཞིན་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་ཚང་མ་གཞུང་བཞེས་བཏང་བ་རེད།

    2013ལོའི་ཟླ་1ནས་2017ལོའི་ཟླ་6པ་བར། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་གིས་ཁོངས་གཏོགས་ཚན་པའི་ལས་བྱེད་པའི་ནད་ཁང་དང་། ལས་བཟོའི་ཟ་ཁང(སྒོ་རྩིས་ཚོང་ཁང) ལམ་འགྲམ་གྱི་ཚོང་ཁང་བཅས་བོགས་བར་བཏང་བ་དང་། ཁྲིམས་འགལ་གྱི་བོགས་དངུལ་དངུལ་སྨར་སྒོར་ཁྲི་149.29ཉར་རྗེས་མི་སྒེར་གྱི་ཐོ་ཁོངས་སུ་བསྒྱུར་ཏེ“དངུལ་སྦས་ཁུངས”བཙུགས་ནས་ཕན་བདེ་དང་། ཁ་གསབ། ཚན་པའི་གཏོང་སྒོ་གཞན་དག་བཅས་ལ་བཏང་བ་རེད། མགོ་ལོག་ཀྲོའུ་མི་དམངས་སྨན་ཁང་གི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་ཧྭ་ཏན་ལ་ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཅིག་བྱེད་རྒྱུ་དང་སྲིད་དོན་གོ་གནས་ཕབ་པ། ཁག་བགོས་འགན་འཁུར་འགོ་ཁྲིད་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཅིན་ཧུང་གིས་མ་དངུལ་དེ་དག་གང་ནས་བྱུང་བ་དང་གཏོང་སྒོ་ལུགས་དང་མ་མཐུན་པའི་གནས་ཚུལ་ཤེས་ནའང་སྔར་བཞིན་ཞིབ་བཤེར་ཆོག་མཆན་བཀོད་པ་དང་འགན་འཁྲི་ལག་བསྟར་ཡང་དག་མ་བྱས་པར་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་བསྒྲགས་པ། འབྲེལ་ཡོད་འགན་འཁུར་བ་གཞན་དག་ལ་དེ་མཚུངས་ཀྱི་ཆད་པ་བཅད་པ། སྒྲིག་འགལ་གྱི་མ་དངུལ་ཚང་མ་གཞུང་བཞེས་བཏང་བ་རེད།

    2014ལོའི་ཟླ་10ནས་2017ལོའི་ཟླ་8པ་བར། མཚོ་ཤར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྒྲིག་ཁྲིམས་ལས་འགལ་ཏེ་ཁྲིམས་ཁང་གི་འགོ་ཁྲིད་དང་། ལས་སྒོ་ཁང་། ཕྱོགས་བསྡུས་སྡེ་ཚན། གདན་ཞུའི་མི་སྣ་བཅས་ལ་ཞིང་ཆེན་ནང་ཁུལ་གྱི་ལམ་གྲོན་དང་ལྟོ་ཆས་ཀྱི་ཁ་གསབ་རོགས་དངུལ་སྤྲད་པ་རེད། སྐབས་དེ་དུས་ཀྱི་མཚོ་ཤར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་ཧང་ཤུས་དང་། ཁག་བགོས་འགན་འཁུར་ཡོན་ཀྲང་གཞོན་པ་སུང་ཞའོ་གོ སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཅེ། ལས་ཐོག་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་ཁྲེང་ཤུས་ཝུན་བཅས་སོ་སོར་ཏང་ནང་ཁུལ་དུ་ཐ་ཚིག་བསྒྲགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།