[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ས་བབ་མཐོ་ཚད་སྨི་4700ཟིན་པའི་ས་ཚིགས་ཀྱི་དཔྱིད་གསར་སྐྱེལ་འདྲེན།

    འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ལས་གནས་བརྟན་སྲུང་བྱེད་མཁན་ཡོད་པའི་མེ་འཁོར་བབས་ཚུགས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-02

    591642_yis_1548990735226_s.jpg

    ཆུ་ཚོད་ཐིར་སྒྲ་གྲགས་པ་དང་བསྟུན་ནས་ཐོ་རེངས་ཆུ་ཚོད་4དང་སྐར་མ་30ཡི་ཐོག་ཨ་མདོ་མེ་འཁོར་བབས་ཚུགས་ཀྱི་ཀྲེན་ཀྲང་མཱ་རུའེ་ཡིས་མིག་གཉིས་ལ་འཕུར་འཕུར་བྱེད་བཞིན་མལ་ལས་ལངས་ནས་མེ་འཁོར་བབས་ཚུགས་ཀྱི་ལས་མིར་མེ་འཁོར་སྒུག་སའི་རྒྱལ་སྒོ་འབྱེད་དགོས་པའི་བརྡ་བཏང་ཐོག་འགྲུལ་པ་བབས་ཚུགས་སུ་ཡོང་བར་གྲ་སྒྲིག་ཡག་པོ་བྱས།

    སྐབས་དེར། སྒེའུ་ཁུང་ཕྱི་རོལ་དུ་སྐར་ཚོགས་ཁྲ་ཆིལ་ཆིལ་ཡོད་ལ་གྲང་རླུང་འུར་འུར་དུ་ལྡང་། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་23ཟིན་པས་མི་རྣམས་ཀྱིས་རང་ཉིད་ཀྱི་ཁ་རླངས་ཀྱང་འཁྱག་པ་ཐེབས་པ་ཚོར་ཐུབ།

    ཉིན་ལྟར་བབས་ཚུགས་བརྒྱུད་ནས་སྐྱོད་མཁན་མེ་འཁོར་ཐེངས་དང་པོ་བབས་ཚུགས་སུ་འབྱོར་བར་ད་དུང་ཆུ་ཚོད་གཅིག་དང་ཕྱེད་ཀ་ཡོད་མོད། འོན་ཀྱང་མཱ་རུའེ་དང་ལས་རོགས་ཚོས་སྔ་ས་ནས་ལངས་ཏེ་འགྲུལ་པ་ཚོས་སྔ་ཙམ་མེ་འཁོར་སྒུག་སའི་ནང་གྲང་གཡོལ་ཐུབ་པ་བྱེད་ཀྱི་ཡོད།

    ཨ་མདོ་མེ་འཁོར་བབས་ཚུགས་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ལས་གནས་བརྟན་སྲུང་བྱེད་མཁན་ཡོད་པའི་མེ་འཁོར་འབབ་ཚུགས་ཤིག་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དུ་གནས་པ་དང་། ས་བབ་མཐོ་ཚད་སྨི་4702ཟིན་གྱི་ཡོད།

    2006ལོར། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པས་བོད་བྱང་ཐང་གི་ཨ་མདོར་མེ་འཁོར་ཤར་གཏོང་མ་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ། 2017ལོར་ཨ་མདོ་མེ་འཁོར་བབས་ཚུགས་ཀྱིས་སྤ་སེ་ཚོང་སའི་སྐར་ཁུང་དངོས་སུ་བཙུགས་པས་གནས་དེ་གའི་མང་ཚོགས་ཚོས་མེ་འཁོར་ནང་བསྡད་དེ་སྤ་སེ་ཁ་གསབ་བྱེད་དགོས་པའི་དཀའ་གནད་བསལ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཨ་མདོ་མེ་འཁོར་བབས་ཚུགས་སུ་ཉིན་ལྟར་ཁ་བཀག་ནས་སྡོད་པའི་འགྲུལ་སྐྱེལ་མེ་འཁོར་ཐེངས་6ཡོད་པ་དང་། སྔ་ཤོས་ནི་ཐོ་རེངས་ཆུ་ཚོད་5དང་སྐར་མ་56གི་ཐོག་ཡིན་པ་དང་། ཕྱི་ཤོས་ནི་དགོང་མོའི་ཆུ་ཚོད་23སྐབས་ཡིན་པས། ཨ་མདོ་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣས་ཉིན་ལྟར་བར་མཚམས་མེད་པར་ལས་ཀ་ཆུ་ཚོད་19བྱེད་དགོས་པ་མཚོན་གྱི་ཡོད།

    བབས་ཚུགས་ཀྱི་ལས་དོན་མི་སྣ་ལི་ཝུན་ཀང་གིས་2013ལོ་ནས་བཟུང་། མཚོ་བོད་ལྕགས་ལམ་གྱི་ས་བབ་མཐོ་བའི་མེ་འཁོར་བབས་ཚུགས་སུ་ལས་ཀ་བྱས་ཡོད། 2017ལོར། ཁོང་ལྷ་ས་སྙེ་མོ་མེ་འཁོར་བབས་ཚུགས་ནས་ས་བབ་སྨི་1000གིས་མཐོ་བ་ཡོད་པའི་ཨ་མདོ་མེ་འཁོར་འབབ་ཚུགས་སུ་ལས་བསྒྱུར་བྱས་པས་གནས་སྐབས་ཤིག་རིང་ལ་དུག་ཚབས་ཆེན་ཕོག་ཅིང་། ཁོང་གིས“དབུགས་རྔུབ་ལེན་དཀའ་བ་དང་ཁ་སྐམ་པ་མ་ཟད། མགོ་བོར་ན་ཟུག་ཆེན་པོ་གཏོང་གི་འདུག”ཅེས་བརྗོད། ཨ་མདོར་འགྲོ་སྐྱོད་བྱེད་པར་དཀའ་ལས་ཁག་པོ་ཡོད་རུང་། ཁོང་ཚོས་རང་འགུལ་ངང་འགྲུལ་པར་རྡོག་ཁྲེས་དབོར་རོགས་དང་རྒན་རྒོན་མེ་འཁོར་ནས་འབབ་པ་དང་འཛུལ་སྐབས་རོགས་པ་བྱེད་ཀྱི་ཡོད།

    ལོ་རབས་90པའི་ནང་སྐྱེས་པའི་མཱ་རུའེ་ཆུང་བྱིས་པའི་དུས་ནས་ལྕགས་ལམ་གྱི་འཁྲིས་སུ་འཚར་ལོངས་བྱུང་ཞིང་། ཁོང་གི་ཕ་མཱ་ཡན་ཡུས་ནི་དེ་སྔ་མཚོ་བོད་ལྕགས་ལམ་གོར་མོ་དུམ་བུའི་ལས་བཟོ་རྒན་གྲས་ཤིག་རེད། སློབ་ཆེན་ཐོན་རྗེས། མཱ་རུའེ་ཡིག་རྒྱུགས་བཏང་བ་བརྒྱུད་མཚོ་བོད་ལྕགས་ལམ་ཀུང་སིར་བསྡུས་ནས་ལྕགས་ལམ་ལས་མི་གསར་པ་ཞིག་ཏུ་གྱུར།

    “གཅིག་ནས་སེམས་ནང་ལྕགས་ལམ་གྱི་ཕུགས་འདུན་ཡོད་པ་དང་། གཉིས་ནས་ཕ་མ་དང་ཐག་ཉེ་པོ་ཡོད་པའི་ཆེད་དུ་ཡིན། བསམ་ཡུལ་ལས་འདས་པར་བོད་དུ་ལས་བགོས་བརྒྱབ་བྱུང་། རང་གི་ཕ་མ་དང་ཐག་ཇེ་རིང་དུ་ཕྱིན་སོང་ལ་ཁོང་ཚོ་དང་མཉམ་འཛོམས་ཀྱི་གོ་སྐབས་དེ་བས་ཉུང་དུ་ཕྱིན་སོང”ཞེས་མཱ་རུའེ་ཡིས་བརྗོད། འདི་ལོའི་དཔྱིད་གསར་དུས་ཆེན་རིང་། མཱ་རུའེ་ཡིས་ཨ་མདོ་མེ་འཁོར་བབས་ཚུགས་སུ་ལོ་གསར་ཐེངས་གཉིས་པ་གཏོང་རྒྱུ་རེད།

    ཆུ་ཚོད་14ཙམ་དུ། མེ་འཁོར་གྱི་དུང་བརྡ་ཤུགས་ཆེན་གྲགས་པ་དང་བསྟུན་ཏེ། ལྷ་ས་ནས་ཡོང་བའི་མེ་འཁོར་གཅིག་ཨ་མདོ་མེ་འཁོར་བབས་ཚུགས་སུ་འབྱོར། རྡོག་ཁྲེས་ཆེ་ཆུང་སྣ་ཚོགས་ཁྱེར་བའི་འགྲུལ་པ་མེ་འཁོར་ནས་འབབ་འགོ་ཚུགས།

    བབས་ཚུགས་ནས་དོན་སར་གསར་འགོད་པར་སྐལ་བཟང་བདེ་ཆེན་གྱི་ནང་མི་འཕྲད་བྱུང་། སྐལ་བཟང་བདེ་ཆེན་གྱིས་ཉིན་ཁ་ཤས་གོང་ངས་བུ་ཆུང་བ་ལྷ་སའི་སྨན་ཁང་ལ་ནད་གཞི་ལྟ་བར་ཁྲིད་པ་དང་ཆབས་ཅིག་ལོ་གསར་གྱི་མཁོ་ཆས་ཉོས་པ་ཡིན། ཨ་མདོ་མེ་འཁོར་འབབ་ཚུགས་ནས་ལྷ་སའི་བར་ཆུ་ཚོད་5ལས་འགོར་གྱི་མི་འདུག རླངས་འཁོར་བཏང་བ་ལས་མགྱོགས་པ་དང་བདེ་འཇགས་ཡག་པ་འདུག ང་རང་ལོ་ལྟར་མེ་འཁོར་ལ་བསྡད་ནས་ལྷ་སར་ཐེངས་གསུམ་བཞི་འགྲོ་གི་ཡོད། མེ་འཁོར་གྱིས་ང་ཚོའི་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་པར་ཐུགས་རྗེ་ཞུ་རྒྱུ་ཡིན་ཞེས་བརྗོད།

    མེ་འཁོར་རྒྱང་རིང་དུ་བསྐྱོད་པ་དང་བསྟུན་ནས་འགྲུལ་པ་རྣམས་བབས་ཚུགས་ནས་བྲལ་འགོ་ཚུགས་ཤིང་། ཨ་མདོ་མེ་འཁོར་བབས་ཚུགས་སླར་ཡང་ཁ་ཁུ་སིམ་མིར་གྱུར་ལ། མཱ་རུའེ་དང་ལས་རོགས་རྣམས་ལ་ཉིན་གཅིག་གི་ཐོབ་པར་དཀའ་བའི་ངལ་གསོའི་དུས་ཚོད་ཤར་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།