[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • བྲག་རི་གཡང་གཟར་ཉེན་ཁ་ཆེ་ན་ཡང་། དཀའ་ངལ་ཁྱད་བསད་བདེ་མོའི་ལམ་དུ་བཅོས།

    —— གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ ཚོད་ལྟ་བྱས་པའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-09

    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཁྲོན་བོད་ལམ་ཐིག་ལ་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་བར་ཁྱམས་ཟེར་གྱི་ཡོད་མོད། འོན་ཀྱང་མི་རབས་ནས་མི་རབས་བར་གྱི་ལམ་བཟོ་བ་ཚོའི་འདྲེན་བྱེད་ཡུལ་དུ་དེ་ནི་དཀའ་ཚེགས་ཆེ་ཤོས་ཀྱི“མཁར་རྫོང”ཞིག་རེད། ནམ་མཁའི་དབྱིངས་སུ་རེག་པའི་གངས་རི་དང་ཤང་ཤང་དྲག་ཏུ་རྒྱུག་པའི་ཆུ་བོ་པིར་གྱིས་བྲིས་པའི་རི་མོ་ལྟར་བརྗིད་ཆགས་ཉམས་དང་ལྡན་པའི་ཡིད་འོང་གི་མཛེས་ལྗོངས་ཤིག་བཏོད་ཡོད་ལ་མི་རྣམས་ཐབས་ཟད་འུ་ཐུག་ཏུ་གྱུར་པའི་རང་བྱུང་འོབས་ཆེན་ཞིག་ཀྱང་ཆགས་ཡོད།

    ཟླ་12ཚེས་31ཉིན། རྒྱལ་ལམ་318བརྒྱུད་ནས་འགྲོ་སྐབས་སི་ཁྲོན་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཚོད་ལྟ་བྱས་ཤིང་། སྤྱི་ལེ་135ཡོད་པའི“སྤྲིན་གསེབ་ཀྱི་མཁའ་ལམ”ཟླ་དགུ་སྔ་སྣུར་དུ་ལས་མཇུག་འགྲིལ་ཏེ་དཀར་མཛེས་ཀྲོའུ་རུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། སྤྱིའི་རིང་ཚད་ལ་སྨི་13459ཡོད་པའི་དབུས་ལམ་རི་བོའི་ཕུག་ལམ་རིང་ཤོས་དང་དེ་བཞིན་སྨི་1100འཕྲེད་བཅད་བཏང་བའི་ལྕགས་ཟམ་ཁའི་ཟམ་ཆེན་ནི་འཛམ་གླིང་གི“རིམ་འདས་ལས་གྲྭ”རེད་ཅེས་བརྗོད་ཆོག

    གཡང་གཟར་བའི་དབུས་ལམ་རི་བོ་ནི་སི་ཁྲོན་གཤོང་ས་ནས་མཚོ་བོད་ས་མཐོར་སྐྱོད་པའི་སྲུང་ཡོལ་ཨང་དང་པོ་རེད། དུས་རབས་20པའི་ལོ་རབས་50པར་དམག་དམངས་མཐུན་སྒྲིལ་འབད་འཐབ་ཀྱིས་ཚེ་སྲོག་བློས་བཏང་སྟེ་ལྕགས་ཧྲེང་དང་ལྕགས་ཐོ་ལ་བརྟེན་ནས་དབུས་ལམ་རི་བོ་རྒྱག་པའི་གངས་རི་བཤགས་ཡོད། དུས་རབས་21པའི་དུས་འགོར་རི་སྐེད་ནས་འགྲོ་བའི་རྒྱལ་ལམ་318ལམ་རྒྱུད་ཀྱི་དབུས་ལམ་རི་བོའི་ཕུག་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་ལམ་ཚད་སྤྱི་ལེ་25དང་དུས་ཡུན་ཆུ་ཚོད་3ཐུང་དུ་ཕྱིན་ཞིང་། རླངས་འཁོར་ཕྱིར་སྐྱོད་ཀྱི་ཉེན་ཁ་ཆུང་དུ་ཕྱིན་ཡོད།

    “ད་རེས་བསྐྲུན་པའི་ཕུག་ལམ་གསར་པ་ཕུག་ལམ་རྙིང་པ་ལས་ས་བབ་སྨི་700དམའ་རུ་ཕྱིན་པས་དགུན་དུས་གངས་འཁྱགས་ཀྱིས་ཐེབས་པའི་གནས་ཚུལ་ཐོན་མི་སྲིད”ཅེས་དབུས་ལམ་རི་བོའི་ཕུག་ལམ་ཇུས་འགོད་བཟོ་བཀོད་པ་ཀྲེན་ཅན་གོས་སྤོབས་པ་ཆེན་པོའི་སྒོ་ནས་བརྗོད་ཅིང་། ཁོང་གིས་ཚན་རྩལ་སྟོབས་ཤུགས་ཀྱི་འདེགས་སྐྱོར་འོག་རྣམ་གྲངས་དེས་ས་ཁོངས་རང་བཞིན་གྱི་ས་ཡོམ་གྱི་གནོད་འཚེའི་གས་སྲུབས་ས་རྒྱུད་ཁག་13གཡོལ་ཐུབ་པ་མ་ཟད། ས་འོག་ཆུའི་ཁོར་ཡུག་དང་དོམ་ཁྲ་འཚོ་ཁུལ་སྲུང་སྐྱོང་སོགས་ཀྱི་ལག་རྩལ་དཀའ་གནད་གྲུབ་འབྲས་ཐོབ་པའི་ངང་ཁྱད་བསད་ཐུབ་པས་རྒྱལ་ནང་གི་སྤྱི་ལེ་10ཡན་གྱི་ཕུག་ལམ་བསྐྲུན་པའི་མྱུར་ཚད་ཀྱི་ཟིན་ཐོ་གསར་ཤོས་བཏོད་ཡོད་ཅེས་བརྗོད།

    ལོ་30ཙམ་ལ་སླེབས་པའི་ཟམ་ཆེན་རྣམ་གྲངས་པུའི་ཅིང་ལི་གཞོན་པ་པོ་གོ་ཧྲེན་ནི་ལྕགས་ཟམ་ཁ་ཆུ་བོའི་ཟམ་ཆེན་རྣམ་གྲངས་རྒྱ་སྐྱེད་ཀྱི་ལས་དོན་ལ་ཞུགས་པའི་གཞོན་སྐྱེས་བཟོ་བཀོད་པ་ཁག་དང་པོའི་གྲས་རེད། ལོ་5ཡི་རིང་། ཁོང་གིས་ལས་རོགས་བརྒྱ་ལྷག་དང་མཉམ་དུ་ཉིན་མཚན་དབྱེར་མེད་དང་དབྱར་དགུན་མེད་པར་ས་མཐོའི་གྲང་ངད་ལྡང་བ་སོགས་ཀྱི་ཨར་ལས་ཁོར་ཡུག་ཧ་ཅང་ཞན་པོའི་འོག ཐོག་སོ་63ཙམ་ཟིན་པའི་སྨི་188ཀྱི་ལྕགས་ཐག་ཟམ་པ་དང་། སྨི་159ཟིན་པའི་འཛམ་གླིང་གི་ཕུག་ལམ་རིང་ཤོས་བསྐྲུན་ཡོད་པ་རེད།

    “ལོ་ལྔའི་གོང་ང་ཚོ་དེ་གར་འབྱོར་སྐབས་མིག་ལམ་དུ་འཆར་བ་ནི་གཡང་གཟར་བྲག་རི་ཁོ་ན་ཡིན་ཞིང་། ངོགས་གཅིག་ནས་ངོགས་གཞན་ལ་འགྲོ་བར་རླངས་འཁོར་ལ་ཆུ་ཚོད་འགའ་ཤས་འགོར་གྱི་ཡོད། ད་ཆ་ཟམ་པ་བསྐྲུན་པས་སྐར་མ་གཅིག་ལས་འགོར་གྱི་མེད”ཅེས་རང་ཉིད་ངོ་མ་ཨར་སྐྲུན་ལ་ཞུགས་མྱོང་བའི་པོ་གོ་ཧྲེན་གྱིས་ལས་གྲ་བདེ་བླག་ངང་སྤྱོད་འགོ་ཚུགས་པ་མཐོང་སྐབས་དགའ་ཚོར་ཆེན་པོ་བྱུང་ཡོད། རྣམ་གྲངས་དེའི་ལས་རོགས་ཕལ་ཆེ་བ་ཟམ་ཆེན་དངོས་སུ་ཤར་གཏོང་མ་བྱས་གོང་ནས་ལས་ཡུལ་གཞན་དུ་ཐོན་ཟིན་ཡོད། ཁོང་ནི་ལས་མཇུག་བསྡུ་མཁན་གྱི་ལས་དོན་པ་ཞིག་གི་ངོས་ནས་ད་བར་ལས་གནས་བརྟན་སྲུང་བྱས་ནས་བསྡད་ཡོད་པ་རེད།

    གཡག་རྔ་ནས་དར་རྩེ་མདོ་བར་གྱི་ལམ་ཐིག་ཧྲིལ་པོའི་ཟམ་ཕུག་གི་བསྡུར་ཚད་82%ཟིན་པ་དང་དེའི་ལྕགས་ཟམ་ཁ་ནས་དར་རྩེ་མདོ་བར་དེ་བས་96%ཟིན་པ་མ་ཟད། ཚང་མ་ས་མཐོའི་གྲོག་རོང་དུ་ཡིན་པས་ཨར་སྐྲུན་ལ་འགྲན་སློང་ཆེན་པོ་ཕྲད་ཡོད། “ཏུན་16གི་ལས་གྲྭའི་རླངས་འཁོར་རི་སྟེང་དུ་འགྲོ་འོང་བྱེད་པར་ཆུ་ཚོད་གཅིག་ལྷག་ཙམ་འགོར་གྱི་ཡོད། ཕུག་ལམ་ཧྲིལ་པོ་འདྲུ་བར་ཐེངས་གྲངས་ཁྲི་20ཙམ་འགྲོ་འོང་བྱེད་དགོས་བྱུང་ཡོད”ཅེས་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ཡུས་རུའེ་པིང་གིས་བརྗོད།

    “དཀའ་ཚེགས་ཇི་ཙམ་ཆེ་རུང་ལོ་ངོ་60གོང་དུ་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གཉིས་བསྐྲུན་པ་བཞིན་ཁག་པོ་མེད”ཅེས་སི་ཁྲོན་འགྲིམ་འགྲུལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཀུང་སིའི་ཏུང་ཧྲི་ཀྲང་ཧོང་པིང་གིས་མི་རབས་གསར་པའི་འགྲིམ་འགྲུལ་ལས་བཟོ་བ་ཚོས“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། གསར་འབྱེད་གསར་གཏོད་དང་འགག་སྒྲོལ་དཀའ་སེལ་ཟམ་མི་ཆད་པར་བྱས་ནས་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་སྤུས་ཚད་ལེགས་པ་དང་། ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་བཅས་ལྡན་པའི་ལམ་ཞིག་ཏུ་བསྐྲུན་ཡོད་ཅེས་བརྗོད།

    གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་ཁྲེང་ཏུའུ་ནས་དར་རྩེ་མདོ་བར་ཆུ་ཚོད་7འགོར་བ་ནས་ཆུ་ཚོད་3.5བར་ཐུང་དུ་ཕྱིན་ཏེ། བོད་རིགས་ས་ཁུལ་དང་ཐང་ཆེན་དཀྱིལ་ཁུལ་དབར་གྱི་བར་མཐོངས་ཧ་ཅང་ཉེ་རུ་ཕྱིན་ཡོད། དར་རྩེ་མདོ་གྲོང་ཁྱེར་གྱི་ཤར་འདབས་སུ་གནས་པའི་ཁྱད་ལྡན་བོད་རིགས་གྲོང་ཚོའི་འཁོར་ཡུལ་ཤང་གསེར་ལུང་གྲོང་ཚོར་ཉེ་ཆར་དུས་ཚོད་དམ་འཛིན་ངང་ཕྱིའི་བཀོད་པ་ལེགས་གཏོང་དང་དམངས་སྡོད་སྣེ་ལེན་སྒྱུར་བཅོས་བྱེད་བཞིན་ཡོད་ཅིང་། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲེན་ཡུང་ཆང་གིས“སླད་ཕྱིན་ཕྱིའི་ཡུལ་སྐོར་བ་དེ་གར་ཡོང་བདེ་རུ་ཕྱིན་ཡོད་ལ་གྲོང་ཚོའི་ཡུལ་ཟོག་ཕྱིར་གཏོང་ཡང་སྟབས་བདེ་རུ་ཕྱིན་པས་མྱུར་བགྲོད་གཞུང་ལམ་འདི་ནི་མི་སེར་གྱི་ཕྱུག་འགྱུར་ལམ་དང་བདེ་སྐྱིད་ལམ་ཞིག་རེད”ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།