[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་བཀའ་མ་ལོག་རྫོང་དུ་རྣམ་པ་གསར་པ་བཏོད་ནས་དར་སྲོལ་གསར་པ་བཙུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གཉེན་སྒྲིག་རྟེན་འབྲེལ་སྐབས་སུ་ཨ་ཞང་འབོད་མི་འབོད་ཐད་པད་ཚེ་བརྟན་གྱིས་བསམ་བློ་ཞིབ་ཕྲ་བཏང་མཐར“སྲོལ་རྒྱུནལྟར་གདན་འདྲེན་པ་དང་གཉེན་སྒྲིག་གི་མཛད་སྒོ་སྟབས་བདེ་རུ་གཏོང་རྒྱུའི་ཐག་བཅད”

    ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བཀའ་མ་ལོག་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཤ་མོན་གྲོང་ཚོའི་བོད་རིགས་པད་ཚེ་བརྟན་གྱིས་བུའི་གཉེན་སྒྲིག་ལ་གྲ་སྒྲིག་བྱེད་བཞིན་མཆིས། ཡུལ་དེའི་བོད་རིགས་ཀྱི་གཉེན་སྒྲིག་ལུགས་སྲོལ་ལྟར་ན། གཉེན་སྒྲིག་གོང་ལག་རྟགས་གྱ་ནོམ་པ་ཞིག་ཁྱེར་ནས་ཨ་ཞང་རང་ཉིད་ཀྱི་གཉེན་སྒྲིག་ལ་གདན་དྲངས་དགོས་པ་ཡིན། སྔོན་ཆད་ཡིན་ཚེ་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཨ་རག་དང་ཐ་མག་སྤུས་ལེགས་རྣམས་ཉོ་སྲིད་ནའང་ད་རེས་ཁོང་གིས་ལུགས་སྲོལ་དེ་རིགས་བྱེད་འདོད་བྱེད་ཀྱི་མེད།

    “ཁྱིམ་ཚང་གཞན་གྱིས་གདན་འདྲེན་བཞིན་ཡོད་པས་ཁྱེད་ཀྱིས་དེ་ལྟར་མི་བྱེད་པ་གང་ཡིན། གྲོང་པ་ཁྱིམ་མཚེས་ཀྱིས་ཁྱེད་གཉིས་ལ་ལྟ་སྟངས་གང་འདྲ་འཛིན་ནམ”སོགས་གྲོགས་པོའི་སྐད་ཆ་དག་པད་ཚེ་བརྟན་བཟའ་ཚོ་གཉིས་ཀྱི་སེམས་ལ་ཕོག་རུང་། གུས་སྲོལ་གལ་ཆེ་བར་བསམས་ནས་སྒོར་བརྒྱ་ཡང་མ་ཟིན་པའི་ཨ་རག་ཤེལ་དམ་གཉིས་ཉོ་རྒྱུའི་ཐག་བཅད་ཅིང་། “སེམས་མཚོན་བྱེད་ཙམ་ཡིན་པས། ཨ་ཞང་གིས་སེམས་འཛིན་བྱེད་མི་སྲིད”ཅེས་བཤད།

    ཨ་ཞང་གདན་འདྲེན་པའི་ཐད། པད་ཚེ་བརྟན་བཟའ་ཚོ་གཉིས་ཀྱིས་དངུལ་གྲོན་ཆུང་བྱེད་པ་ཙམ་ཁོ་ན་མིན་པར། “དར་སྲོལ་གསར་པ་འཛུགས”ཆེད་རེད།

    “གཉེན་སྒྲིག་སྲོལ་གསར་ཁྱིམ་ཚང་མང་པོར་སྤེལ། དུད་ཚང་ཚང་མར་བདེ་སྐྱིད་སྤྲོ་སྣང་ལྡན། གཉེན་སྒྲིག་ལུགས་སྲོལ་བབ་ཆགས་ཡ་རབས་དགོས། བཟའ་ཚང་འཚོ་བ་འདྲ་མཉམ་ཞི་མཐུན་དགོས”སོགས་ཀྱི་གྲོང་ཚོའི་གཉེན་སྒྲིག་དར་སྲོལ་གསར་པའི་དྲིལ་བསྒྲགས་འབོད་ཚིག་མང་པོ་པད་ཚེ་བརྟན་གྱིས་གསར་འགོད་པར་དབུགས་ཐེངས་གཅིག་ལ་བསྐྱོར་བ་དང་། ཁོང་གིས“ཁྲིད་སྦྱོང་ཁང་དུ་གོམས་སྲོལ་སྒྱུར་བ་དང་དར་སྲོལ་གསར་པ་འཛུགས་རྒྱུའི་སྐོར་ཤོད་ཀྱི་ཡོད་པས། ཚང་མས་མགོ་བོ་ལྕོག་ལྕོག་བྱེད་པ་དང་སྐབས་འགར་ཐལ་མོ་ཡང་རྡེབ་ཀྱི་ཡོད། ད་ཆ་རང་ཉིད་ལ་ཐུག་སྐབས་དེ་ལས་སླ་པོ་ཞིག་མིན་པ་དངོས་འབྲེལ་ཤེས་བྱུང”ཞེས་བཤད།

    པད་ཚེ་བརྟན་གྱིས་ཤོད་པའི“ཁྲིད་སྦྱོང་ཁང”ནི་ཤ་མོན་གྲོང་ཚོས་འདི་ལོར་བཙུགས་པའི་དུས་རབས་གསར་པའི་ཞིང་པའི་ཁྲིད་སྦྱོང་ཁང་ཡིན་པ་དང་། དེར་གཙོ་བོ་ཡུལ་སྲོལ་གོམས་གཤིས་བསྒྱུར་བ་དང་། རྒན་བཀུར་གཞོན་གཅེས། དབུལ་སྐྱོར་སྲིད་ཇུས་བཅས་སྐོར་སྒྲོག་འགྲེལ་བྱེད་པ་དང་། དེའི་དམིགས་ཡུལ་ནི་མང་ཚོགས་ལ་གྲོང་གསེབ་དར་རྒྱས་ཁྲོད་སྔར་བས་མང་བའི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་ལྡན་པར་བྱ་རྒྱུ་དེ་ཡིན།

    “དེ་སྔ་གྲོང་ཚོའི་ནང་གཉེན་སྒྲིག་དང་འདས་མཆོད་ཚང་མར་རྒྱས་སྤྲོས་ཆེན་པོ་བྱས་ནས། གྲོང་མི་ཁག་གཅིག་ཁྱིམ་དུ་གཉེན་སྟོན་བཤམས་རྗེས་སླར་ཡང་དབུལ་པོར་འགྱུར་གྱི་ཡོད། ཚང་མས་འཕྲོ་བརླག་གཏོང་བ་ནི་ཡག་པོ་མིན་པ་ཤེས་རུང་། ངོ་སོའི་ཆེད་དུ་ཀུན་དང་འདྲ་བར་བྱེད་ཀྱི་ཡོད། ད་ཆ་གསར་དུ་བཙུགས་པའི་ཁྲིད་སྦྱོང་ཁང་གིས་དུས་བཀག་ནང་ཡུལ་སྲོལ་བསྒྱུར་དགོས་པའི་སྐོར་ཤོད་པ་དང་། གྲོང་མིས་འཆད་སྟེགས་ཐོག་ལངས་ནས་བྱེད་ཐབས་དང་འགྱུར་ལྡོག་ཤོད་དུ་འཇུག་པ་མ་ཟད། གཉེན་སྒྲིག་དང་འདས་མཆོད་ལས་འཛིན་ལྷན་ཚོགས་ཀྱང་བཙུགས་ནས‘གཉེན་སྒྲིག་དར་སྲོལ་གསར་པ་བཞིན་བྱེད་པ་དང་། འདས་མཆོད་སྟབས་བདེ་རུ་གཏོང་བ། སློབ་འཕར་ལ་སྟོན་མོ་མི་གཤོམ་པ’སོགས་ཀྱི་གྲོང་ཚོའི་སྒྲིག་སྲོལ་དང་དམངས་ཆིངས་བཟོས་པས་རྒྱས་སྤྲོས་འཕྲོ་བརླག་གི་སྲོལ་ངན་ནུས་ལྡན་ངང་འགོག་ཐུབ་ཡོད”ཅེས་ཤ་མོན་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཀྲང་ཧྥུའུ་ཅུན་གྱིས་བཤད།

    པད་ཚེ་བརྟན་གྱི་བུའི་གཉེན་སྟོན་སྐབས། སྒྲོག་ཙེ་རེར་སྒོར་500ལས་མི་བརྒལ་བ་དང་། གཉེན་སྒྲིག་མཛད་སྒོའི་གཙོ་སྐྱོང་བ་ཀྲང་ཧྥུའུ་ཅུན་ལ་བྱེད་དུ་བཅུག་པས་འགྲོ་གྲོན་ཚང་མ་བསྡོམས་ཀྱང་སྒོར་7000ལས་སྒྲོལ་གྱི་མེད། ཁོང་གིས་དགའ་ཚོར་ཆེན་པོས“གཉེན་སྟོན་སྟབས་བདེ་རུ་ཕྱིན་རུང་། མིའི་དབར་གྱི་བརྩེ་སེམས་ཆུང་དུ་སོང་མེད་ལ། ངོ་སོ་དེ་ཙམ་ཆེན་པོ་མེད་ཀྱང་ཡ་རབས་དར་སྲོལ་ཆེ་རུ་ཕྱིན་ཡོད”ཅེས་བཤད།

    ཡ་རབས་ཀྱི་ཡུལ་སྲོལ་གོམས་གཤིས་ནི“སྟོན་མོ་སྟབས་བདེ”ལས་མངོན་པ་ཙམ་མ་ཟད། ཉེ་དུས་གྲོང་ཚོའི་ཕྱོགས་གང་སར་མི་རྣམས་དགའ་འོས་པའི་འགྱུར་ལྡོག་བྱུང་བ་ལས་ཀྱང་མངོན་ཐུབ་པ་སྟེ། གྲོང་ཚོའི་ཁོར་ཡུག་དང་འགྲོ་ལམ་གྲལ་འགྲིག་ལ་ཁམས་གཙང་དུ་ཕྱིན་པ་དང་། གྲོང་མི་ཚོས་འོས་འགན་ངལ་རྩོལ་ནང་ཧུར་ཐག་ཞུགས་ཏེ་ཆུ་ལམ་དང་ཡུར་བུ་གཙང་སེལ་དང་སྲུང་སྐྱོང་། གྲོང་ཚོའི་གཞིས་སྲུང་མི་ཧྲེང་རྒན་རྒོན་ལ་ནད་གཞི་ཕོག་སྐབས་གྲོང་མི་ཚོས་ནད་སྐོར་རྒྱག་པ་སོགས་བྱེད་ཀྱི་ཡོད།

    “མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པར་སྣོད་བཅུད་སྡོད་མལ་གྱི་རྣམ་པ་བཟང་པོ་མངོན་དགོས་པ་མ་ཟད། ཡུལ་སྲོལ་གོམས་གཤིས་བཟང་པོ་ཡང་མངོན་དགོས་པ་ཡིན། དུས་རབས་གསར་པའི་ཁྲིད་སྦྱོང་ཁང་གིས་གྲོང་མིར‘བསམ་པའི་ཀལ’བསབས་ནས་ཡ་རབས་ཀྱི་དར་སྲོལ་བཟང་པོ་མི་སེར་ཚང་མའི་སེམས་ནང་ཟུག་ཐུབ་པ་བྱས་ཡོད”ཅེས་ཀྲང་ཧྥུའུ་ཅུན་གྱིས་བཤད།

    ད་ཆ་བཀའ་མ་ལོག་རྫོང་དུ་དུས་རབས་གསར་པའི་ཞིང་པའི་ཁྲིད་སྦྱོང་ཁང་མང་པོ་བཙུགས་ཤིང་། རྣམ་པ་ཡང་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ལུང་ཀྲེ་ཤང་ཆའོ་ཐུའོ་གྲོང་ཚོར་གྲོང་མི་ཁག་གཅིག་གིས་རང་མོས་ངང་ཁྲིད་སྦྱོང་བའི་འགན་ཁུར་ཏེ་མི་རེས་ཐེམ་དུད་བཅུ་ཡི་གྲོང་མིར་ཁྲིད་སྟོན་བྱེད་ཀྱི་ཡོད། གྲོང་ལྷན་གྱིས་སྒྲིག་འཛུགས་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་གསོ་སྦྱོང་ནང་ཞུགས་རྗེས་དུད་ཚང་མི་རེ་ངོ་རེར་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་དང་། ཙུང་པའོ་ཤང་སན་ཧོང་གྲོང་ཚོར་གྲོང་མི་ཏང་ཡོན་གྱིས་ཏང་འཛུགས་སྐད་འཕྲིན་ཚོགས་པ་བཙུགས་ནས་དུས་ངེས་མེད་ནང་ཏང་གི་རིགས་པའི་གཞུང་ལུགས་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱེད་པ་མ་ཟད། ཁྲིད་སྦྱོང་ཁང་གིས་གྲོང་མིར་སློབ་ཚན་གཞན་ཡང་ཁྲིད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་གསེབ་ཏུ་རྒྱས་སྤྲོས་དང་ཕན་ཚུན་སྡུར་རེས་བྱེད་པའི་སྲོལ་ངན་བཀག་འགོག་བྱས་ཏེ་གྲོང་མིའི་རིག་གནས་དང་ཀུན་སྤྱོད་བྱང་ཚད་མཐོ་རུ་གཏོང་ཆེད། བཀའ་མ་ལོག་རྫོང་གིས་འདི་ལོ་ནས་བཟུང་གྲོང་ཚོ་28ལ་དུས་རབས་གསར་པའི་ཞིང་པའི་ཁྲིད་སྦྱོང་ཁང་ཚོད་ལྟའི་ངང་བཙུགས་ཏེ་ད་ཆ་གྲོང་མི་6000ལ་སློབ་གསོ་ཐེབས་པ་དང་། “རིག་གནས་ལ་བརྟེན་ནས་མིར་སློབ་གསོ་ཐེབས་པ་དང་ཡུལ་སྲོལ་གོམས་གཤིས་བསྒྱུར་བའི”ཕན་འབྲས་རགས་ཙམ་ཐོན་ཡོད།

    “སླད་ཕྱིན་ང་ཚོས་ཞིང་ནང་དང་དུད་ཁྱིམ་དུ་བསྐྱོད་དེ་བཞུགས་མོལ་སྤེལ་རེས་སོགས་ཀྱི་རྣམ་པ་སྣ་ཚོགས་ཐོག་ནས་ཁྲིད་སྦྱོང་བྱས་ཏེ། གྲོང་མིའི་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་པ་དང་། རྣམ་པ་གསར་པ་དར་སྤེལ་གཏོང་བ། བྱས་རྗེས་གསར་པ་གཏོད་པ་དང་འགན་འཁྲི་འཁུར་ཕོད་པའི་བསམ་པ་འཇགས་པ་བྱ་རྒྱུ་ཡིན”ཞེས་ཀྲང་ཧྥུའུ་ཅུན་གྱིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།