[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ས་མཐོར་ནས་སྨིན་བཙས་མ་རྔ་བའི་ལས་ལ་བྲེལ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

    557216_yis_1539234348762_s.jpg

    མིག་སྔ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་ནས་སྨིན་པའི་ནམ་དུས་ཡིན་པ་དང་། ས་གནས་དེ་གའི་ཞིང་པས་དུས་ཚོད་དམ་འཛིན་གྱིས་བཙས་མ་བརྔས་ཏེ་ཞིང་ཁའི་ནང་དུ་བྲེལ་བརྩོན་གྱི་རྣམ་པས་ཁེངས་ཤིང་། འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་བུ་ལག་གྲོང་ཚོའི་གྲོང་མིས་བཙས་མ་རྔ་བཞིན་པ།

    ཐོལ་ཆར་འབབ་མཚམས་ཆད་པས། མཚོ་བོད་ས་མཐོའི་སྟོན་དུས་སུ་གྲང་ཤུར་ཤུར་གྱི་རླུང་བུ་དལ་བུར་ལྡང་། རོང་བོ་གཙང་པོའི་ངོགས་གཉིས་གྱི་གསེར་མདོག་ཅན་གྱི་ནས་ཞིང་ལ་ཉི་མའི་འོད་ཟེར་རབ་ཏུ་འཕྲོས་པ་དང་། རྒྱང་རིང་གི་རོང་བོ་དགོན་ནས་བསང་གི་དུ་བ་ལང་ལོང་དུ་འཕྱུར། སྨིན་ཟིན་པའི་ནས་ཞིང་ཁར་མི་མང་པོ་འདུས་ཡོད་པ་དང་། ཞིང་པ་ཚོས་གནམ་དྭངས་པ་དང་བསྟུན་ནས་ནས་བཙས་མ་རྔ་འགོ་ཚུགས།

    མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་ཉ་ལུང་ཤང་དོར་ཉིན་གྲོང་ཚོའི་ནས་ཞིང་དུ་ལོ་55ལ་སླེབས་པའི་བསོད་ནམས་རྒྱལ་ནང་མི་དང་མཉམ་དུ་བཙས་མ་རྔ་བཞིན་ཡོད། ངལ་རྩོལ་གྱི་ཞོར་དུ་ཁོང་གིས་ཀོ་ཁུག་ནས་རྩམ་པ་ཐོམ་བུ་གཉིས་བླངས་ཏེ་མར་ཇ་དང་མཉམ་དུ་སྤཌ་གཡོ་འགོ་ཚུཌ།

    “ང་ཚོའི་ནང་མི་མི་རབས་ནས་མི་རབས་བར་ཡུལ་འདིར་འཚོ་བ་བསྐྱལ་བ་ཡིན། ཁྱིམ་གྱི་མུའུ་28ཟིན་པའི་ས་ཞིང་ལ་གྲོ་དང་། པད་ཁ། སྲན་ཆེན། ཞོག་ཁོག་བཅས་བཏབ་ཡོད་མོད། འོན་ཀྱང་། ནས་ནི་མེད་དུ་མི་རུང་བ་ཞིག་ཡིན་པས། མུའུ་5ཡི་ས་ཞིང་ལ་ལོ་ལྟར་ནས་འདེབས་ཀྱི་ཡོད ”ཅེས་བསོད་ནམས་རྒྱལ་གྱིས་བཤད།

    དེང་གི་ཆར། ལོ་ངོ་3500ཡི་འདེབས་ལས་ལོ་རྒྱུས་ལྡན་པའི་ནས་ལ་ཐོན་ལས་ཆགས་ཡོད་པ་མ་ཟད། མཚོ་སྔོན་བོད་རིགས་ས་ཁུལ་གྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ཟླ་9པའི་ཟླ་མཇུག་ཏུ་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་བཙས་མ་རྔ་མཇུག་འགྲིལ་བའི་མཚམས་སུ་སླེབས་པས། ཐང་སྐར་མ་གྲོང་རྡལ་བུ་ལག་གྲོང་ཚོའི་ཧོང་མིང་ནས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་པ་ཀྲང་ཧོང་མིང་གི་སེམས་ལྷོད་དུ་བབས་ཤིང་། ཁོང་གིས“འདི་ལོ་རང་བྱུང་གནོད་སྐྱོན་ཆེན་པོ་ཕོག་མེད་ལ། ཆར་ཆུ་འཛོམས་པས། ལོ་ལེགས་བྱུང་བའི་ལོ་བཟང་པོ་ཞིག་རེད། ངའི་མུའུ་2600ཡི་ནས་ཞིང་ནས་མུའུ་རེའི་ཐོན་ཚད་མཐོ་ཤོས་རྒྱ་མ་700ཟིན་གྱི་ཡོད”ཅེས་བཤད།

    ཀྲང་ཧོང་མིང་གི་མཉམ་ལས་ཁང་དུ་ས་གནས་དེ་གའི་ཡུལ་མི་274ཞུགས་ཡོད་ཅིང་། ཁོང་གིས“འདི་ལོའི་གནས་ཚུལ་ལ་བལྟས་ཚེ་མཉམ་ལས་ཁང་གི་ལས་མི་མི་རེར་ས་ཞིང་ཁོ་ན་ལས་འབབ་འཕར་སྒོར་2000ལྷག་ཙམ་ཡོང་བཟོ་འདུག”ཅེས་བཤད།

    དུད་ཚང་སོ་སོས་ནས་ཞིང་འདེབས་པ་ནས་གཞི་ཁྱོན་ཆེ་བའི་ཞིབ་བསྡུས་ཅན་གྱི་འདེབས་པའི་བར་ནས་འདེབས་སྟངས་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་རུང་། ཉེ་བའི་ལོ་ཤས་རིང་ས་གནས་དེ་གའི་ནས་ཀྱི་འདེབས་ཁྱོན་ལ་ཤུགས་རྐྱེན་དེ་ཙམ་ཆེན་པོ་ཐེབས་མེད། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་གིས་མཁོ་འདོན་བྱས་པའི་ལས་རིགས་གྲངས་གཞི་ལས་མངོན་གསལ། 2018ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནས་འདེབས་ཁྱོན་མུའུ་ཁྲི་100ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་གྱི་བཞི་ཆ་གཅིག་བཟུང་ཡོད་པ་དང་། གཞི་ཁྱོན་ཆེ་བའི་ཐོན་སྐྱེད་ཀྱི་དཔལ་འབྱོར་ཕན་འབྲས་རིམ་བཞིན་མངོན་འགོ་ཚུགས་ཡོད།

    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཚོགས་པའི་མང་རྫོང་རྩྭ་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་ནས་ཞིང་དུ“ལྡིར་ལྡིར”གྱི་སྒྲ་དང་བསྟུན་ནས་བརྔ་བསྡུ་འཕྲུལ་འཁོར་གྱིས་བཙས་མ་རྔ་བཞིན་ཡོད་པ་དང་། ཉིན་དགུང་གི་རབ་ཏུ་འཚེར་བའི་ཉི་འོད་འོག མུ་མཐའ་མེད་པའི་ནས་ཞིང་གསེར་མདོག་བཀྲ་བའི་རྒྱ་མཚོ་ཞིག་དང་གཉིས་སུ་མ་མཆིས། ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲོའུ་ཝུན་ཧྲུའུ་ཡིས“འདི་ལོ་ཀུང་སིས་མུའུ་ཁྲི་དྲུག་ཙམ་ཟིན་པའི་ནས་ཞིང་བཏབ་ཡོད། ཉིན་དེ་དག་རིང་གནམ་གཤིས་ཡག་པོ་ཡོད་པ་དང་བསྟུན་ནས་ང་ཚོས་དུས་ཚོད་དམ་འཛིན་གྱིས་བཙས་མ་རྔ་བཞིན་ཡོད”ཅེས་བཤད་བྱུང་། མིག་སྔར། ཀུང་སིར་སྤྱིའི་ཆ་ནས་ནས་འདེབས་པ་ནས་བརྔ་བསྡུའི་བར་གྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་གྱུར་ཡོད་པ་རེད།

    འདི་ལོ། ཞིང་ལས་གྲོང་གསེབ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ནས་ནི་མཚོ་སྔོན་ཞིང་ཆེན་ལ་གཙོ་གནད་རོགས་སྐྱོར་བྱེད་པའི་ཁྱད་ལྡན་ཐོན་ལས་ཀྱི་གྲས་ཤིག་ཏུ་གཏན་འཁེལ་བྱས་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་གི་ཐིང་ཀྲང་ཝང་ཡུས་ཧུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱིས་ཀྱང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ས་གནས་དེ་གའི་ཞིང་འབྲོག་ལས་རིགས་ཀྱི་ཁྱད་ལྡན་ཐོན་ལས་ཆེན་པོ་བཅུའི་གྲས་ཤིག་ཏུ་གཏན་འཁེལ་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཐོན་ལས་གཙོ་བོར་བརྩིས་ནས་འཕེལ་རྒྱས་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།