[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • སྐྱས་སྤོས་གྲོང་རྡལ་ཆུང་ངུ་ཞིག་ནས་ས་མཐོའི་མཚོ་འགྲམ་བོད་རིགས་གྲོང་ཁྱེར་བར་གྱི་འགྱུར་ལྡོག

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-16

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་གཉིས་རིང་། ཕ་ཡུལ་དུ“ཆུ་བོ་གཅིག་ནང་ཕྱེད་ཀ་ཉ”ཞེས་མཚན་སྙན་ལྡན་པའི་ཙོང་ཉའི་སྒོ་ང་གཏོང་ཡུལ་གཡུ་དཀར་འོམ་ལུང་ཆུའི་ཁྱད་འཕགས་ཀྱི་རྣམ་པར་ལྟ་བར་ཡོང་མཁན་ཡུལ་སྐོར་བ་མང་པོ་ཡོད། ཡུལ་སྐོར་ལྟ་སྐོར་ལས་རིགས་དེས་ཐོན་ལས་གསུམ་པའི་སྒེར་གཉེར་དུད་ཚང་ལ་ཡོང་སྒོ་གསར་པ་བྱུང་ཡོད། ངའི་ཉེ་འཁོར་གྱི་གྲོགས་པོ་མང་པོས་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དང་སྦྲ་གུར་མགྲོན་ཁང་གཉེར་སྐྱོང་བྱེད་བཞིན་ཡོད།

    ངའི་མིང་ལ་རབ་ལྡན་ཟེར། ང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་འོམ་ལུང་ཆུ་གྲོང་རྡལ་གྱི་འབྲོག་པ་ཞིག་ཡིན་ལ་ས་སྐྱེས་རྡོ་སྐྱེས་ཀྱི་རྐང་ཚ་བའང་ཡིན་པས་དེ་གར་འཚོ་བ་བསྐྱལ་ནས་ལོ་37ཕྱིན་སོང་།

    ཉེ་བའི་ལོ་ཤས་རིང་། ཕ་ཡུལ་གྱི་འགྱུར་ལྡོག་བརྗོད་ན་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅེས་བརྗོད་ཆོག དེ་གོང་རྐང་ཚ་རྫོང་དུ་ཁྲོམ་གཞུང་ཁ་ཤས་ལས་མེད་ལ། ཐོག་བརྩེགས་ཁང་ཆེན་ཡང་ཁ་ཤས་ལས་མཐོང་རྒྱུ་མེད། སྐབས་དེའི་འཁྲུག་ཆ་དོད་ཤོས་ཀྱི་ཁྲོམ་གཞུང་ནི་རྫོང་གྲོང་གི་ལམ་མདོ་ཁ་དེ་རེད། ལོ་ཤས་རིང་རྫོང་གྲོང་རྒྱ་ཆེར་སོང་ནས་ཚོང་ལས་རྐང་ཐང་ཁྲོམ་གཞུང་གསར་པ་དང་། ཐང་ཆེན་གསར་པ། ཡུལ་སྐོར་སྲུང་སྐྱོང་བྱ་ཡུལ་གསར་པ་སོགས་བསྐྲུན་པ་མ་ཟད། ད་དུང་རྫོང་གྲོང་གི་ལམ་ཡང་ཇེ་ཡངས་སུ་ཕྱིན་ཡོད། ལྷག་པར་དུ་ཚོང་ལས་ཁྲོམ་གཞུང་དཔེ་གསར་དེས་དེ་སྔའི“ཚལ་ཁྲོམ”རྣམ་པའི་གཉེར་སྐྱོང་བྱེད་སྟངས་ལ་འགྱུར་ལྡོག་བྱུང་བ་དང་། རྫོང་གྲོང་གི་ཕྱོགས་བཞི་མཚམས་བརྒྱད་ཀྱི་གཞུང་ལམ་ཁྱིམ་གྱི་སྒོ་རྩར་ཐུག་ནས་དེ་སྔའི་བྱེ་རྡོ་ལམ་མཐོང་སར་མེད། ཕ་ཡུལ་དུ་ད་དུང་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་ཡོད།

    ད་ཆའི་རྐང་ཚ་ནི་བདག་ཏུ་མ་བཟུང་བའི་སྐྱེ་དངོས་ཀྱི་ཞིང་ཁམས་ཡིན་ལ། བོད་ཀྱི་རིག་གནས་ཁྱད་ཆོས་ཟབ་མོ་ལྡན་པའི་གནའ་གྲོང་ཡང་ཡིན། དེ་གར་མཚོ་སྔོན་པོ་དང་། རྩྭ་ཐང་། ཙོང་ཉ་བཅས་ལྟ་ན་སྡུག་པའི་མཛེས་ལྗོངས་མང་པོ་ཡོད། དེས་མ་ཚད་ཉེ་བའི་ལོ་ཤས་རིང་། ས་མཐོའི་བོད་བཟོའི་སྐྲུན་དངོས་ཀྱི་རིག་གནས་ཐང་ཆེན་དང་ཡུལ་སྲོལ་ཁྲོམ་གཞུང་མང་པོ་གསར་སྐྲུན་བྱས་པ་སྟེ་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཐང་ཆེན་དང་ལ་གསེར་ཚོང་ལས་ཁྲོམ་གཞུང་ལྟ་བུ་རེད། ངའི་མིག་ལམ་དུ་ཕ་ཡུལ་གྱི་ནམ་མཁའ་དེ་བས་སྔོ་ཞིང་དྭངས་པ་དང་། རྩྭ་ཐང་དེ་བས་སྔོ་བ། ཆུ་མོ་དེ་བས་དྭངས་པ། མཁའ་རླུང་དེ་བས་གཙང་དུ་ཕྱིན་འདུག

    སྐྱས་སྤོས་གྲོང་རྡལ་ཆུང་ངུ་ཞིག་ནས“ས་མཐོའི་མཚོ་འགྲམ་བོད་རིགས་གྲོང་ཁྱེར”ཞིག་ཏུ་འགྱུར་ལྡོག་བྱུང་བ་དེར་རྐང་ཚ་བས་སྣོད་བཅུད་དང་ཁོར་ཡུག་ལ་མཐོང་ཆེན་དང་སྲུང་སྐྱོང་བྱས་པ་དང་ཁ་འབྲལ་ཐབས་མེད། ད་ཆ་མི་དེ་བས་མང་བས“ས་མཐོའི་མཚོ་འགྲམ་བོད་རིགས་གྲོང་ཁྱེར”ལ་དོ་སྣང་བྱེད་ཀྱི་ཡོད།

    ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་དང་བསྟུན་ནས་ངས་ཀྱང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་ཞིག་བཙུགས་པ་དང་སོ་ཕག་དང་ཨར་འདམ་མཉམ་བསྲེས་ཀྱི་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་ཆེན་པོ་ཞིག་ཀྱང་བརྒྱབ་པ་ཡིན། ཁང་པའི་ནང་ད་དུང་ཐབ་ཚང་དང་། གསང་སྤྱོད་བཅས་ཡོད་པ་དང་། རླངས་འཁོར་འཇོག་ས་ཡང་གསར་སྐྲུན་བྱས་ཡོད་པས་དུས་གཅིག་ལ་ཡུལ་སྐོར་བ་100ལྷག་ཙམ་ལ་སྣེ་ལེན་ཞུ་ཐུབ་ལ་གཙོ་བོ་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་ཟས་ཡིན་ཞིང་། ཚལ་ཐོའི་ནང་ཡུལ་དེ་རང་གི་ཚལ་དང་། ཤ་རྡོག་བཙོས། བྱ་ཤ་རླངས་བཙོས། འོ་ཇ། རྩམ་པ། ཤ་མོག འབྲི་ཞོ་སོགས་ཡོད། ཟ་ཁང་གི་ཉིན་རེའི་ཆ་སྙོམས་ཡོང་འབབ་སྒོར་2000ཟིན་གྱི་འདུག གྲོང་རྡལ་སྲིད་གཞུང་གིས་ཤང་གྲོང་ལ་སྣུམ་ནག་ལམ་བསྐྲུན་པ་དང་། གློག་དང་རང་བབས་ཆུ་ཀ་ལ་འཁྲིད་པ་མ་ཟད། ད་དུང་སྐར་གསུམ་རིམ་པའི་ཡུལ་སྐོར་གསང་སྤྱོད་ཀྱང་བསྐྲུན་ཡོད། ཟ་ཁང་གི་ཚོང་ཡག་པོ་ཡོད་ཁར་འབྲོག་ཁྱིམ་མགྲོན་ཁང་གི་ཚོང་ཡང་ཇེ་ལེགས་སུ་འགྲོ་གི་འདུག འདི་ལོའི་དབྱར་དུས་ཀྱི་ང་ཚོའི་ཁྱིམ་ཚང་མགྲོན་ཁང་གི་ཁང་པ་སྔོན་ཚུད་ནས་མངགས་ཚར་སོང་བས་འབྲོག་ཁྱིམ་མགྲོན་ཁང་གི་སྒོ་རའི་ནང་གུར་ཁ་ཤས་ཕུབས་རྩིས་ཡོད། ཟ་ཁང་དང་མགྲོན་ཁང་ཕུད། ང་ཚོའི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དུ་ཡུལ་སྐོར་བས་བོད་ཆས་སྤྲས་ནས་སྦྱིན་བདག་དང་མཉམ་དུ་འོ་ཇ་སྐོལ་བ་དང་། ལུག་ཤ་འཚོ་བ། རྟ་བཞོན་པ། སྦེ་ག་རྩེ་བ་བཅས་བྱས་ནས་འབྲོག་པའི་འཚོ་བ་མྱོང་རོལ་བྱེད་ཆོག

    ཕ་ཡུལ་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་ནི་གྲོང་ཁྱེར་འཛུགས་སྐྲུན་དང་གྲོང་ཁྱེར་རྣམ་པར་འགྱུར་ལྡོག་བྱུང་བ་ཙམ་མ་ཡིན་པར་འབྲོག་པའི་ཡོང་འབབ་ཉིན་རེ་ལས་མ་འདས་པར་མང་དུ་སོང་བ་དང་འབྲོག་པའི་འཚོ་བའི་སྤྲོ་སེམས་འཕེལ་བ་དེ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།