[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཨ་མ་རྒན་མོའི་དྲོ་སྐྱིད་ལྡན་པའི་དགུན་ཁ།

    མཚོ་ལྷོ་ཀྲོའུ་མང་རྫོང་གིས་དཀའ་ངལ་ཆེ་བའི་དུད་ཚང་ལ་སྡོད་ཁང་གི་རྣམ་གྲངས་ལག་བསྟར་བྱས་པའི་ཟུར་བྲིས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “བཀའ་དྲིན་ཆེ། བཀའ་དྲིན་ཆེ” ཉེ་དུས། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་དམངས་སྲིད་ཅུས་ཀྱི་འགན་འཁུར་བ་ཐར་ཤུལ་ཤང་རྟ་མང་གྲོང་ཚོའི་བཀྲ་ཤིས་ཚེ་བརྟན་གྱི་ཁྱིམ་དུ་འབྱོར་སྐབས་བོད་རིགས་ཨ་མ་རྒན་མོ་ཞིག་གིས་དགའ་ཚོར་ཆེན་པོས་ཁོང་ཚོར་བསུ་བ་ཞུ་བཞིན་ཐུགས་རྗེ་ཆེ་ཐེངས་མང་ཞུས།

    ཁྱིམ་དུ་སྐྱོད་སྐབས་ཁྱིམ་ཆས་དང་མཛེས་བཟོ་བྱེད་སྟངས་ལ་བོད་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་མངོན་ནས་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་འདུག ཨ་མ་རྒན་མོས་དགའ་ཚོར་ཆེན་པོས“བརྙན་འཕྲིན་འཇོག་ས་དང་འབོལ་ཁྲི་བཅས་ཚང་མ་བཀྲ་ཤིས་ཚེ་བརྟན་སོ་སོས་བཟོས་པ་ཞིག་རེད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཨ་མ་རྒན་མོའི་བུ་བཀྲ་ཤིས་ཚེ་བརྟན་ལོ་མང་གོང་རྟ་ནས་ལྷུངས་ཏེ་དབང་པོ་སྐྱོན་ཅན་དུ་གྱུར། དེ་རྗེས་ཕྱུགས་རིགས་འཚོས་ནས་འཚོ་བ་འཁྱོལ་ཐབས་བྱས། མ་བུ་གཉིས་པོ་དུས་ཡུན་རིང་པོ་ཁང་པ་ཐབས་ཆག་ཅིག་ཏུ་སྡོད་པ་དང་འཚོ་བ་ཧ་ཅང་ཁ་ཐང་པོ་ཡོད།

    2017ལོར་མང་རྫོང་གིས་དུད་ཚང་རེར་སྒོར་ཁྲི་6.8དང་སྨི་ངོས་གྲུ་60ཡི་ཁང་མིག་3གྱི་ཚད་གཞི་གཞིར་བཟུང་། བཀྲ་ཤིས་ཚེ་བརྟན་སོགས་དཀའ་ངལ་ཡོད་པའི་དུད་ཚང་100མ་དངུལ་རང་གྲབས་བྱེད་མི་དགོས་པའི་སྡོད་ཁང་རྣམ་གྲངས་ནང་བཅུག་པ་དང་མིག་སྔར་རྣམ་གྲངས་ཧྲིལ་པོ་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པ་རེད།

    དེ་དང་ཆབས་ཅིག་མང་རྫོང་གིས་དུས་བཀག་ཐོག་ལས་ཞུགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་བཙུགས་པ་དང་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ཏེ་རྩལ་ནུས་སློབ་སྦྱོང་དང་ཐོན་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་རྣམ་པར་བརྟེན་ནས་དཀའ་ངལ་ཡོད་པའི་དུད་ཚང་དབུལ་སྒྲོལ་ཕྱུག་འགྱུར་བའི་གནད་དོན་གཞི་རྩ་ནས་ཐག་གཅོད་བྱས་པ་རེད། བཀྲ་ཤིས་ཚེ་བརྟན་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་པ་དང་ལས་ཞུགས་རྩལ་ནུས་གསོ་སྦྱོང་ལ་ཞུགས་རྗེས་སློབ་སྦྱོང་ལ་དགའ་བའི་ཁོང་གིས་སྡོད་ཁང་མཛེས་བཟོའི་ལག་རྩལ་མགྱོགས་མྱུར་ཤེས་པ་དང་མ་དངུལ་གྲབས་གསོག་བྱེད་མི་དགོས་པའི་སྡོད་ཁང་རྣམ་གྲངས་སྐྲུན་སྐབས་ཀྱི་རྩྭ་ཐང་སྟེང་གི“ཁྱིམ་ཚང་མཛེས་བཟོའི་ཇུས་འགོད་པར”གྱུར།

    ཨ་མ་རྒན་མོས“ང་ཚོ་སྡོད་ཁང་གསར་པར་སྡོད་རྒྱུ་ཡོང་གི་རེད་བསམ་མྱོང་མེད། ཏང་དང་སྲིད་གཞུང་གི་བཀའ་དྲིན་ཇི་ལྟར་འཇལ་དགོས་སམ”ཞེས་བརྗོད་བཞིན་མིག་མཆི་མས་ཁེངས། ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོ་ནས་བཟུང་མང་རྫོང་གིས་མ་དངུལ་རང་གྲབས་བྱེད་ཐབས་བྲལ་བ་དང་དཀའ་ངལ་ཡོད་པའི་དུད་ཚང་གི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་རྣམ་གྲངས་ནང་མ་ཚུད་པའི“འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་དང་སྡོད་ཁང་ཉེན་ཁ་ཧ་ཅང་ཆེ་བའི”དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ལ་དམིགས་ནས། མ་དངུལ་རང་གྲབས་བྱེད་མི་དགོས་པར་སྡོད་ཁང་སྐྲུན་དགོས་ལུགས་བཏོན་ལ། མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མ་དངུལ་རང་གྲབས་བྱེད་མི་དགོས་པའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་པའི་ས་ཁུལ་ཐོག་མ་དེའང་ཡིན་པ་རེད།

    བདེ་མ་རིན་ཆེན་གྱིས་མ་དངུལ་རང་གྲབས་བྱེད་མི་དགོས་པའི་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་དེ་རྫོང་དམངས་སྲིད་ཅུས་ཀྱིས་གཅིག་གྱུར་འཆར་འགོད་དང་། འཛུགས་སྐྲུན། ཞིབ་བཤེར་རྩིས་ལེན་བཅས་བྱས་པ་དང་། སྡོད་ཁང་དེ་དག་སོ་ཕག་དང་ཤིང་སོགས་ཀྱིས་གྲུབ་ཆ་གཙོ་བོ་བྱས་པ་ཞིག་ཡིན་ལ། ཧ་ཡང་ལྕགས་བསྲེས་མ་ལས་བཟོས་པའི་ཉི་གཡབ་ཀྱང་ཡོད། ལོ་ལྟར་དུད་ཚང་100རེ་བསྐྲུན་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    དྲང་གཞག་དང་གཞུང་དྲང་ཡོང་ཆེད། མ་དངུལ་རང་གྲབས་བྱེད་མི་དགོས་པའི་སྡོད་ཁང་ལ་སྡོད་མཁན་གཏན་འཁེལ་བྱེད་སྐབས་ས་གནས་ས་ཐོག་ཏུ་བརྟག་དཔྱད་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་ནས་ཞིབ་བཤེར། སྤྱི་བསྒྲགས་བྱེད་པ་བཅས་ཀྱི་ལམ་ལུགས་བརྒྱུད་མཐར་སྡོད་ཁང་ལ་སྡོད་མཁན་གཏན་འཁེལ་བྱས་པ་དང་། རྫོང་དེའི་ནོར་སྲིད་དང་། དབུལ་སྐྱོར། རོགས་སྐྱོབ་སོགས་ཕྱོགས་ཁག་གི་མ་དངུལ་སྤྱི་འདོམས་བྱས་པ་རེད། མིག་སྔའི་བར་རྣམ་གྲངས་དེར་རིམ་རྩིས་ལྟར་ན་མ་དངུལ་སྒོར་ཁྲི་3240བཏང་ནས་སྡོད་ཁང་500བསྐྲུན་པ་དང་ཕན་པ་ཐོབ་མཁན་མང་ཚོགས་2800ཟིན་ནས། རྫོང་དེའི་ཤང་གྲོང་དྲུག་གི་སྲིད་འཛིན་གྲོང་ཚོ་75ཡི་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་གི་སྡོད་ཁང་སྤྱིར་ཐག་གཅོད་ཐུབ་པ་རེད། དུད་ཚང་དབུལ་པོར་མ་དངུལ་གཏོང་མི་དགོས་པར་རང་ཉིད་ལ་བདག་པའི་སྡོད་ཁང་གསར་པ་ཡོད་པས། འབྲོག་པ་མང་ཚོགས་ཀྱི་ངོས་ནས་བརྗོད་ན་དེ་ནི་དེ་སྔ་བསམ་བློའང་གཏོང་མི་ཕོད་པ་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་དེ་སྔའི་ཡོང་མི་སྲིད་པ་རྣམས་ད་ཆ་དོན་དངོས་ལ་གྱུར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།