[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཀན་ལྷོ་བོད་རིགས་ས་ཁུལ་གྱི་རྩྭ་ཐང་གི་ཁོར་ཡུག་སྲུང་སྐྱོང་བ་ཇེ་མང་དུ་སོང་བ།

  • ཡོང་ཁུངས།   ​ ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲི་ཡུས་ཚེན་དང་ཅང་ཝེ་ཁྲའོ་ཡིས།    |    སྤེལ་དུས།   2017-07-17

    སྤྱི་ལེ་ངོས་གྲུ་ཁྲི་གཅིག་ལྷག་ཙམ་ཡོད་པའི་རྨ་ཆུ་རྩྭ་ཐང་དུ། “གད་སྙིགས་སྒྲུག་མཁན་སྒྲོལ་མ་སྐྱབས”ངོ་མི་ཤེས་མཁན་ཕལ་ཆེར་མེད། གཟུགས་སྟོབས་ཆེ་ཞིང་གདོང་ཉི་མས་འཚིགས་ནས་ནག་པོར་གྱུར་པའི་བོད་རིགས་སྟག་ཤར་དེས་གད་སྙིགས་གཙང་མར་སྒྲུག་རྒྱུ་ནས་འགོ་བརྩམས་ཏེ་རིམ་བཞིན་བྱེ་འགྱུར་རྩྭ་ཐང་བཅོས་སྒྲིག་བྱས་ནས་རང་ཉིད་སྐྱེས་ས་དང་འཚར་སའི་རྩྭ་ཐང་ཆེ་མོ་ཁ་ཁུ་སིམ་མེར་སྲུང་སྐྱོང་བྱས།

    “རྩྭ་འགོག་མཁན་གཟུགས་མི་ལོན། ཆུ་སྦགས་མཁན་མིག་མི་གསལ” ཞེས་ཆུང་དུས་ནས་གཏམ་དཔེ་འདི་ཉན་ནས་འཚར་ལོངས་བྱུང་བའི་སྒྲོལ་མ་སྐྱབས་ཀྱིས་རྩྭ་ཐང་སྔར་བས་སྔོ་ལྗང་དང་ཆུ་བོ་སྔར་བས་དྭངས་གཙང་ཡོང་བར་བྱ་རྒྱུ་ནི་ཁོང་གི་སེམས་གཏིང་གི་དད་སེམས་བབ་ཆགས་ཤོས་དེ་རེད།

    འཚོ་བའི་གོམས་གཤིས་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཞན་པའི་རྐྱེན་གྱིས་ལོ་མང་པོའི་གོང་དུ། རྨ་ཆུ་རྩྭ་ཐང་ཆེ་མོའི་སྟེང་དུ་འབྲོག་རའི་འཚོ་བའི་གད་སྙིགས་མང་པོ་སྤུངས་ཡོད་པས་རྩྭ་ཐང་ཞན་འགྱུར་གནས་ཚུལ་དེ་བས་ཚབས་ཆེར་གྱུར། “དེ་དུས། གད་སྙིགས་ཀྱིས་ཆུ་བོ་དང་རྩྭ་ཐང་ལ་སྦགས་བཙོག་བཟོས་པས་ཉ་དང་བྱེའུ་མང་པོ་ཤི་འགྲོ་ཡི་ཡོད། ལུག་གིས་གད་སྙིགས་དེ་དག་བཟས་ཚེ་ཡུན་རིང་མ་འགོར་བར་ཤི་ཡི་འདུག དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད”ཅེས་སྒྲོལ་མ་སྐྱབས་ཀྱིས་བརྗོད།

    2003ལོར། སྒྲོལ་མ་སྐྱབས་ཀྱིས་རང་གིས་འགན་གཙང་བླངས་པའི་རྩྭ་ར་མུའུ་2000ལྷག་ཙམ་ནས་འགོ་བརྩམས་ཏེ་རྩྭ་ཐང་སྟེང་གི་གྱོན་ཆས་རྙིང་པ། ནོར་ལུག་གི་རུས་པ། འགྱིག་ཤོག་སོགས་རེ་རེ་བཞིན་སྒྲུག་གི་ཡོད། ལོ་ངོ་སྟོང་ཕྲག་རིང་། འབྲོག་པ་ཚོས་རྩྭ་ཆུ་འཛོམས་སར་སྐྱ་སྤོས་ཀྱིས་འཚོ་སྡོད་བྱེད་ཀྱི་ཡོད་པས་སྒྲོལ་མ་སྐྱབས་ཀྱི་བྱེད་སྟངས་ལ་བསམ་ཤེས་མི་ཐུབ་པ་དང་། གད་སྙིགས་གསོག་བྱེད་རྩྭ་རས་ཉོས་རིན། གད་སྙིགས་དབོར་གླ་སོགས་འགྲོ་སོང་མི་ཉུང་བ་ཞིག་གཏོང་དགོས་ཀྱི་ཡོད་སྟབས་ཁོང་གི་ནང་མིར་བསམ་འཆར་མང་པོ་ཡོད།

    ཁོང་གིས་རྣམ་འགྱུར་ངན་པ་སྟོན་མཁན་དང་། འཕྱ་དམོད་བྱེད་མཁན། དོགས་པ་ཟ་མཁན་སོགས་ལ་སྣང་བ་མ་བཞག་པར་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི“ཡུས་ཀུང་གི་སྙིང་སྟོབས”ལྟ་བུའི་བྱ་སྤྱོད་མཐའ་འཁྱོངས་བྱས་པ་རེད། རང་ཁྱིམ་གྱི་རྩྭ་ར་ནས་ཁྱིམ་མཚེས་ཀྱི་རྩྭ་ར་དང་། དེ་ནས་ཐག་དེ་ལས་རིང་པའི་གཙང་ངོགས་དང་གཞུང་ལམ་རྒྱུད་སོགས་སུ་སྒྲོལ་མ་སྐྱབས་ཀྱིས་གད་སྙིགས་གཙང་མར་བསྒྲུགས་ཏེ་རྩྭ་རས་ནང་བླུགས་ནས་རླངས་འཁོར་གྱིས་གད་སྙིགས་གཙང་བཟོ་བྱ་ཡུལ་དུ་དབོར་གྱི་ཡོད་པ་རེད།

    ས་མཐོའི་ཚ་གདུག་འོག་རྔུལ་ཆུའི་ཐིགས་པ་རེ་རེ་རང་ཉིད་དགའ་སའི་རྩྭ་ཐང་དུ་ཟགས་ཤིང་། ཁེར་རྐྱང་ཡིན་པའི་སྐབས་སུ། ཁུ་སིམ་མེར་གནས་པའི་རི་ཚོམ་དང་། དྲག་ཏུ་འབབ་པའི་གཙང་པོ། མཁའ་ན་ལྡིང་སྐོར་རྒྱག་བཞིན་པའི་སྐྱུང་ཀ་བཅས་ནི་ཁོང་གི་གྲོགས་པོ་རེད།

    ལོ་གཅིག་གི་རྗེས་སུ། གཙང་འཕྱག་བྱས་པའི་རྩྭ་ཐང་ལ་སྐྱེས་སྟོབས་ཀྱི་དཔལ་རབ་ཏུ་འབར།

    ནང་མི་དང་། གྲོགས་པོ། འབྲོག་པ་མང་ཚོགས་སོགས་རིམ་བཞིན་རྩྭ་ཐང་གི་ཁོར་ཡུག་བཅོས་སྒྲིག་བྱེད་པའི་དཔུང་ཁག་ཏུ་ཞུགས་པ་རེད། “སྐབས་དེ་དུས། སློབ་གྲྭ་གྲོལ་ནས་ནང་དུ་ལོག་རྗེས་ཀྱི་ལས་ཀ་དང་པོ་ནི་དཔེ་ཁུག་ཕབ་ནས་ཨ་ཕར་རོགས་རམ་བྱ་རྒྱུ་དེ་རེད”ཅེས་སྒྲོལ་མ་སྐྱབས་ཀྱི་བུ་རྒན་པ་བསམ་གཏན་གྱིས་བརྗོད།

    རྨ་ཆུ་རྩྭ་ཐང་གི་ལྗང་མདོག་སྲུང་སྐྱོང་པ་དེ་སྔར་བས་སེམས་ཤུགས་ཆེ་བར་གྱུར།

    2011ལོར་སྒྲོལ་མ་སྐྱབས་ཀྱིས་ཕྱུགས་རིགས་མང་དྲག་ཚེ་རྩྭ་ཐང་ཞན་དུ་འགྲོ་བ་དང་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཕོག་གི་ཡོད་པ་ཤེས། ཁོང་གིས་འཕྲལ་མར་མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་ཁྱིམ་གྱི་ནོར་ལུག་མགོ་གྲངས་1000ལྷག་ཙམ་བཙོངས་པ་དང་དེ་དག་བཙོངས་ནས་ཐོབ་པའི་དངུལ་གྱིས་རྩྭ་ཐང་ར་སྐོར་གྱི་ལས་སྣོན་བཟོ་གྲྭ་བསྐྲུན་པ་མ་ཟད། ཁེ་སྤོགས་ཁག་གཅིག་རྩྭ་ཐང་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་བཏང་།

    2014ལོར་སྒྲོལ་མ་སྐྱབས་ཀྱིས་གད་སྙིགས་སྒྲུག་པ་དང་ཁོར་ཡུག་གཙང་བཟོ་བྱེད་པ་ནས་དེ་བས་དཀའ་ཚེགས་ཆེ་ལ་རྙོག་འཛིང་ཆེ་བའི་རྩྭ་ཐང་བྱེ་འགྱུར་བཅོས་སྒྲིག་ཐད་བསྒྱུར་ཡོད། བསམ་བློ་གཏོང་བར་དགའ་བའི་ཁོང་གིས་རང་ཉིད་ཀྱི་བྱེ་འགྱུར་བཅོས་སྒྲིག་བྱེད་ཐབས་ཏེ་བེད་མེད་དུ་གྱུར་པའི་སྤང་སྤོ་འཛུགས་བྱེད་འགོ་བཙུགས། ཁོང་གི་བྱེད་ཐབས་དེ་རྨ་ཆུ་རྫོང་འབྲོག་ལས་དང་ནགས་ལས་ཅུས་ཀྱི་བྱེ་འགྱུར་བཅོས་སྒྲིག་རྣམ་གྲངས་ཁྱབ་གདལ་ལ་སྤྱད་པས་ཁོང་ཧ་ཅང་དགའ་པོ་བྱུང་ཡོད།

    རྨ་ཆུ་རྫོང་ཞིང་འབྲོག་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཏུང་པའོ་ཡིས“ལོ་མང་པོ་དེ་དག་རིང་སྒྲོལ་མ་སྐྱབས་ཀྱིས་ང་ཚོའི་ས་ནས་དངུལ་སྐར་མ་གཅིག་ཀྱང་ལེན་མྱོང་མེད་ལ་དཀའ་ངལ་སྐོར་ཅུང་ཟད་ཀྱང་རྗོད་མྱོང་མེད། མི་གཞན་གྱིས་ཀུང་སི་བཙུགས་པ་ནི་ཡོང་འབབ་གསོག་བྱེད་ཡིན་པ་དང་ཁོང་གིས་ཁེ་བཟང་མེད་པར་གྱོང་གུན་ཕོག་པའི་ལས་ཀ་ཤ་སྟག་བྱེད་ཀྱི་ཡོད”ཅེས་བཤད།

    2015ལོ་ཚུན། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་གཞི་ཁྱོན་ཤིན་ཏུ་ཆེ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་4.5ཡོད་པའི་རི་སྔོ་ཆུ་དྭངས་དེ“ས་ཁོངས་ཧྲིལ་པོའི་གད་སྙིགས་མེད་པའི་དཔེ་སྟོན་ཁུལ”དུ་གྱུར་པ་དང“འགྱིག་ཤོག་མེད་པའི་བྱ་སྤྱོད”དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱེད་ཐབས་དེ་གྲོང་སྲོལ་དམངས་ཆིངས་ནང་བྲིས་པ་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དྲིལ་བསྒྲགས་བྱས་ཏེ་དུས་ཐུང་ལོ་གཉིས་རིང་ཀན་ལྷོ་བོད་རིགས་ཁུལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་ཟུག་པ་རེད། བསམ་གཏན་གྱིས“དེ་སྔ་ང་ཚོས་འབྲོག་པར་རྩྭ་ཐང་བྱེ་འགྱུར་བཅོས་སྒྲིག་བྱེད་རོགས་བྱེད་སྐབས་འབྲོག་པ་ཁག་གཅིག་གིས་རང་ཁྱིམ་གྱི་རྩྭ་ཐང་རླངས་འཁོར་གྱིས་མནན་ནས་འཕྲོ་བརླག་གཏོང་གི་རེད་སྙམ་སྟེ་རླངས་འཁོར་དེ་གར་གཏོང་དུ་འཇུག་གི་མེད། ད་ཆ་ཁོང་ཚོས་ང་ཚོ་སྐྱོད་དུ་འཇུག་པ་མ་ཟད་ད་དུང་ཁོམ་པ་ཡོད་སྐབས་ང་ཚོའི་དཔུང་ཁག་ཏུ་འཛུལ་གྱི་འདུག”ཅེས་བཤད།

    དེའི་རིང་སྒྲོལ་མ་སྐྱབས་ཀྱིས་ཉིན་ལྟར་བུ་གསུམ་ཁྲིད་དེ་ཁྱིམ་དང་ལམ་ཐག་སྤྱི་ལེ་10ལྷག་ཙམ་ཡོད་པའི་བྱེ་བཅོས་ས་ཚིགས་སུ་རྩྭ་སོན་འདེབས་པར་བྲེལ་བཞིན་ཡོད།

    སྐབས་འགར་ཁོང་གིས་ལོ་4ལ་སོན་པའི་ཚ་མོ་བསྟན་འཛིན་སྒྲོལ་དཀར་ཡང་མཉམ་དུ་ཁྲིད་ཀྱི་ཡོད། ཡངས་ཤིང་གཙང་བའི་རྩྭ་ཐང་དུ་ཕྲུ་གུས་རང་དགར་རྒྱུག་པ་དང་རྩེད་མོ་རྩེ་བ་མཐོང་སྐབས་ཁོང་གི་བསམ་པར་རང་ཉིད་ཀྱིས་སྒྲུབ་པའི་བྱ་བར་དེ་བས་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།