[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • གནད་སྨིན་ཆ་སྒྲིག་རོགས་སྐྱོར་ལས་ལ་འབད། མི་རིགས་མཐུན་སྒྲིལ་བརྩེ་སེམས་མཚོ་ལས་ཟབ།

    —— ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-05

    ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་བོད་དུ་སླེབས་ཚུན། དུད་ཚང་170ཡི་ཞིང་འབྲོག་པ་726དང་ཆ་སྒྲིག་བྱས་པ་དང་། ཀོང་ཏུང་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང(ཆུས)67དང་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དང་ཤང་66དབར་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་པས་རྫོང་དང་ཤང་ལ་ཡང་ཆ་སྒྲིག་རོགས་སྐྱོར་ཡོངས་སུ་ཁྱབ་ཡོད།

    “ཁམ་བུའི་མེ་ཏོག་གླིང”དུ“བོད་སྐྱོར་གྱི་གླུ་དབྱངས”སྙན།

    ཀ་ལ་གྲོང་ཚོ་ནི་ཀོང་ཏུང་ཞིང་ཆེན་གྱིས་བོད་སྐྱོར་བྱས་ནས་བསྐྲུན་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་རེད། ཀོང་ཏུང་གྱི་བོད་སྐྱོར་ལས་བྱེད་པས་བརྟག་ཞིབ་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་ཁམ་བུའི་མེ་ཏོག་གླིང་གི་རིམ་སྤོར་སྒྱུར་བཀོད་ཇུས་གཞི་དང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཡོད། སྐྱེད་ཚལ་ཁེ་ལས་ཀྱིས་གྲོང་ཚོའི་རྣམ་པ་མཛེས་བཟོ་བྱེད་པའི་འཆར་འགོད་ལག་བསྟར་དང་ཕྱོགས་ཁག་ནས་མ་དངུལ་གྲབས་གསོག་བྱས་ཏེ་ཞིབ་ཕྲའི་རྣམ་གྲངས་ལག་བསྟར་བྱས་ནས་ས་ཆ་དེ་གའི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་གྲོང་ཚོ་འཛུགས་སྐྲུན་ལ་ཞུགས་ཡོད།

    ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་བཞད་པའི་དུས་སུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡུལ་སྐོར་བ་མང་པོ་དེ་གར་ཡོང་གི་ཡོད། 2022ལོའི་ཟླ་3པར་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ཀོང་ཏུང་གི་ས་འོག་ལྕགས་ལམ་གྱི་ཁྱབ་ཁོངས་མང་པོར་བརྡ་ཁྱབ་སྦྱར་ནས་གངས་ལྗོངས་ས་མཐོའི་ཁམ་བུའི་མེ་ཏོག་དང་ཀོང་པོའི་རིག་གནས་ཀོང་ཏུང་དུ་བཀྲགས་མདངས་འཚེར་བའི་ངང་དྲིལ་བསྒྲགས་བྱས་པས་མི་དེ་བས་མང་བས་ཉིང་ཁྲི་དང་མཛེས་སྡུག་ལྡན་པའི་ཀ་ལ་གྲོང་ཚོ་ཤེས་རྟོགས་ཐུབ་ཡོད།

    2021ལོར་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི་14ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་460ལྷག་ཙམ་བྱུང་ནས་དུད་ཚང་རེར་ཆ་སྙོམས་སྒོར་ཁྲི་10ཙམ་བགོ་འགྲེམས་བྱས་ཡོད། ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས“ཀ་ལ་གྲོང་ཚོའི་འགྱུར་ལྡོག་ནི་ཀོང་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་དང་ཁ་འབྲལ་ཐབས་མེད། ཀོང་ཏུང་དང་བོད་ལྗོངས་དབར་གྱི་མཛའ་བརྩེ་ནི‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི’ཞིབ་ཕྲའི་མཚོན་ཚུལ་ཞིག་རེད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།

    “གཅིག་གཏད་གཅིག”གི་རོགས་སྐྱོར་ལས་མཛའ་བརྩེ་ཟབ་མོའི་རྒྱུན་བསྐྱངས།

    ཆ་སྒྲིག་རོགས་སྐྱོར་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ཆེད། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་སྣང་རྫོང་གི་ལས་དོན་ཚོགས་ཆུང་གིས་སྣང་རྫོང་དང་ཧུའེ་ཀྲོའུ་རུ་སྔ་རྗེས་སུ“མི་རིགས་མཐུན་སྒྲིལ”བརྗོད་དོན་གཙོ་བོར་བྱས་པའི་དབྱར་སྒར་དང་དགུན་སྒར་གྱི་བྱེད་སྒོ་སྤེལ་ནས་སྣང་རྫོང་འདི་ཉིད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་དུ་འཛུགས་གཏོད་བྱེད་རོགས་བྱས་ཡོད། དེ་དང་དུས་མཚུངས་ད་དུང་ཧུའེ་ཀྲོའུ་ཡི་སློབ་གྲྭ་10དང་སྣང་རྫོང་གི་སློབ་གྲྭ་འབྲིང་ཆུང་དང་རྫོང་བུ་བཅོལ་ཁང་ཚང་མའི་དབར་ཆ་སྒྲིག་རོགས་སྐྱོར་གྱི་གྲོས་མཐུན་ཁག་ཐེངས་གཉིས་པ་བཞག་པ་དང་། ཧུའེ་ཀྲོའུ་ཡི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་སྒྲིག་འཛུགས་བྱས་ནས་སྣང་རྫོང་དུ་བསྐྱོད་དེ་གསོ་སྦྱོང་དང་སློབ་ཁྲིད་བྱས་པ་དང་། སྣང་རྫོང་གི་དགེ་སློབ་94ཧུའེ་ཀྲོའུ་རུ་བསྐྱོད་ནས་སྤེལ་རེས་སློབ་སྦྱོང་བྱས་ཏེ་ས་ཆ་གཉིས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་བཏང་ཡོད།

    འདི་ལྟ་བུའི་མི་རིགས་མཐུན་སྒྲིལ་གྱི“གཅིག་གཏད་གཅིག”གི་བྱེད་སྒོ་ད་དུང་མང་པོ་སྤེལ་ཡོད། “སྤྲིན་ཚོམ”གྱི་འབྲེལ་མཐུད་བརྒྱུད་ཀོང་ཏུང་ཏུང་ཀོན་གྲོང་ཁྱེར་ཐང་ཤ་སློབ་འབྲིང་དང་ཉིང་ཁྲི་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་མཐོ་རིམ་ལོ་རིམ་དང་པོའི་འཛིན་གྲྭ(2)པའི་དབར“ཕ་ཡུལ་ལ་དགའ་ཞེན་བྱེད། མེས་རྒྱལ་ལ་བསྟོད་གླུ་འབུལ”ཞེས་པའི་བརྗོད་དོན་གཙོ་བོའི་འཛིན་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། བྱེད་སྒོ་ཚང་མ་ལས་ཀོང་ཏུང་དང་ཉིང་ཁྲིའི་གཞོན་ནུ་ལོ་ཆུང་དབར་ཕན་ཚུན་རྒྱུས་མངའ་ལོན་པ་དང་། ཕན་ཚུན་སློབ་སྦྱོང་བྱེད་པ། ཕན་ཚུན་རོགས་རམ་བྱེད་པ་བཅས་ལ་སྐུལ་འདེད་བཏང་ཡོད།

    “གྲགས་ཅན་ཐོན་རྫས་སྤེལ་རེས”ལས་འཚོ་བ་དེ་བས་བདེ་ཞིང་སྐྱིད་པ།

    ཉེ་བའི་ལོ་ཤས་རིང་། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་སྐུལ་འདེད་འོག ཀོང་ཏུང་དང་ཉིང་ཁྲི་ས་ཆ་གཉིས་ཀྱི་གྲགས་ཅན་སྤུས་ལེགས་ཀྱི་ཞིང་ཞོར་ཐོན་རྫས་ཕན་ཚུན་ཉོ་ཚོང་བྱེད་པ་དེ་རིམ་བཞིན་རྒྱུན་གཏན་ཅན་དུ་གྱུར་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་བོད་དུ་བཅའ་སྡོད་བྱས་ཚུན། བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀོང་ཏུང་གི་ཁྲོམ་རར་ཕྱིར་ཚོང་བྱས་པའི་དངུལ་འབོར་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་6ལྷག་ཙམ་ཟིན་ཡོད།

    ཀོང་ཏུང་ཞིང་ཆེན་གྱི་ཞིང་ལས་གྲོང་གསེབ་ཐིང་དང་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་རོགས་རམ་འོག ཉིང་ཁྲི་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་བོད་ཕག་དང་། ཟླ་བ་ཆོས་སྒྲོན་གྱི་ཤ་མོ། ཧྲང་ཧྲེ་ཀུ་ཤུ། རྫ་ཡུལ་གྱི་སྤྲེལ་ཁམ་སོགས་གྲགས་ཅན་སྤུས་ལེགས་ཀྱི་ཞིང་ཞོར་ཐོན་རྫས་འཁྱེར་ནས་ཏུང་ཀོན་དུ་ཀྲུང་གོའི་རྒྱལ་སྤྱིའི་བཟའ་བཅའ་དང་དེ་བཞིན་སྨན་སྣའི་འགྲེམས་ཚོགས་སྐབས་དྲུག་པར་ཞུགས་པ་མ་ཟད་ད་དུང་2021ལོའི“ཀོང་ཏུང་རྟགས་ཅན”གྱི་ཞིང་ཞོར་ཐོན་རྫས་ཀྱི་སྤུས་རྟགས་ཇུས་བཀོད་འགྲན་བསྡུར་ཆེ་མོའི་གྲས་ཤིག་ཡིན་པའི་རྫོང་བརྒྱ་ཡིས་སྤུས་རྟགས་བརྒྱ་གཏོད་པའི་བྱེད་སྒོར་ཞུགས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་ཡོད།

    ཉང་ཆུ་གཙང་པོ་རྒྱུན་ཆད་མེད་པར་རྒྱུག ཀོང་ཏུང་དང་ཉིང་ཁྲིའི་དབར་མཛའ་བརྩེ་ཟབ། མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་གང་སར་ཁྱབ་པ་དང་ལྷག་པར་དུ་བོད་སྐྱོར་ལས་དོན་སྤེལ་བ་དེ་ཡང་མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་དོད་པའི་ལག་ལེན་འབའ་ཞིག་དེ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།