[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧྥུའུ་ཅན་གྱི་དགེ་རྒན་ལི་ཀོང་ཝུན་གྱིས་སྔ་རྗེས་སུ་བོད་སྐྱོར་ཐེངས་གསུམ་བྱས་ཏེ་སློབ་གྲྭའི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-08

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དམའ་རིམ་སློབ་འབྲིང་གཉིས་པར་རྟག་ཏུ་བོད་རིགས་སློབ་མ་མང་པོས་ཧྥུའུ་ཅན་གྱི་ཡུལ་སྐད་ཤོད་མཁན་དགེ་རྒན་ཞིག་ལ“སློབ་སྤྱི་ལི་ལགས་སྐུ་ཁམས་བཟང”ཞེས་གུས་བཀུར་བྱེད་པ་མཐོང་རྒྱུ་ཡོད།

    དེ་ནི་ལི་ཀོང་ཝུན་གྱིས་བོད་སྐྱོར་དགེ་རྒན་བྱས་ནས་བོད་དུ་ཡོང་ཐེངས་གསུམ་པ་དེ་རེད། ཁོང་དང་ཁོང་གི་བཟའ་ཟླ་ཁྲེན་ཧུང་ནི་བོད་སྐྱོར་བཟའ་ཚོ་ཡིན་པ་དང་ཁ་རུབ་དམའ་རིམ་སློབ་འབྲིང་གཉིས་པར་དགེ་རྒན་བྱེད་ཀྱི་ཡོད། 2013ལོ་ནས་བཟུང་བཟའ་ཚང་གཉིས་བོད་དུ་ཐེངས་ལྔ་བསྐྱོད་པ་དང་བོད་དུ་ལས་ཀ་བྱས་ནས་ལོ་11ཙམ་ཕྱིན་ཡོད། སློབ་སྤྱི་གཞོན་པ་ནས་སློབ་སྤྱི་རྒན་པའི་བར་སློབ་གྲྭར་རྒྱུས་མངའ་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས་ལི་ཀོང་ཝུན་ལ་ཕྲག་ཐོག་གི་འགན་འཁྲི་སྔར་བས་ལྕི་རུ་ཕྱིན་པའི་སྣང་བ་བྱུང་ཡོད།

    སློབ་ཁྲིད་ཐོག་ཁང་ནང་དུ་ཧྥུའུ་ཅན་གྱིས་སྐྲུན་རོགས་བྱས་པའི་ཧྥུའུ་ཅན་གྱི་ཧྥུའུ་ཁྲང་དཔེ་དེབ་ཁང་ཞིག་ཡོད། ལི་ཀོང་ཝུན་གྱིས་སྒོ་འགྲམ་དུ་སྐྱོད་མཚམས་བཞག་ནས་བསྡད། དེ་གར་བརྙན་ཤེལ་ཆེན་པོ་ཞིག་ནང་ཧྥུའུ་ཀྲོའུ་ཅིན་ཧྲན་སློབ་འབྲིང་གི་ཨང་རྩིས་སློབ་ཚན་མཉམ་སྤྱོད་བྱེད་ཀྱི་ཡོད། བརྙན་ཤེལ་དེས་བར་ཐག་སྤྱི་ལེ་སྟོང་ཕྲག་ཁ་ཤས་ཡོད་པའི་བོད་ལྗོངས་དང་ཧྥུའུ་ཅན་དམ་དུ་སྦྲེལ་ཡོད་པ་རེད།

    ལི་ཀོང་ཝུན་གྱི་ངོས་ནས་བརྗོད་ན། དྲ་རྒྱའི་སྤྲིན་ཚོམ་སློབ་ཚན་དེ་ནས་ཁོང་གི་བོད་སྐྱོར་སྐོར་གྱི་བསམ་གཞིག་གསར་པ་མཚོན་གྱི་ཡོད། ད་ཕན་ཁ་རུབ་དམའ་རིམ་སློབ་འབྲིང་གཉིས་པས་ཧྥུའུ་ཀྲོའུ་སློབ་འབྲིང་གསུམ་པ་དང་། ཧྥུའུ་ཀྲོའུ་སློབ་གསོ་སློབ་གླིང་གི་ཞོར་གཏོགས་སློབ་འབྲིང་། ཅིན་ཧྲན་སློབ་འབྲིང་སོགས་ཧྥུའུ་ཅན་གྱི་སྤུས་ལེགས་སློབ་གྲྭ་མང་པོ་དང་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་གྲགས་ཅན་དགེ་རྒན་གྱི་ལས་དོན་ཁང་དབར་སྦྲེལ་མཐུད་བྱས་པ་མ་ཟད། སྤྲིན་ཚོམ་སྟེགས་བུ་བརྒྱུད་སྤྲིན་ཚོམ་སློབ་ཚན་ཐེངས་28དང་སྤྲིན་ཚོམ་སློབ་གསོ་ཞིབ་འཇུག་ཐེངས་26གཉེར་བ་རེད། “ང་ཚོས‘དྲ་སྦྲེལ་+སློབ་གསོ’གང་ཐུབ་སྤྱོད་རྩིས་ཡོད”ཅེས་ལི་ཀོང་ཝུན་གྱིས་བརྗོད་ཅིང་། ཁོང་གིས“སྦྲེལ་ཟམ་བཙུགས་པས་ཧྥུའུ་ཅན་དང་ཆབ་མདོའི་དབར་གྱི་འབྲེལ་ཐག་ནུས་པ་ཐོན་ནས་ཁ་རུབ་དམའ་རིམ་སློབ་འབྲིང་གཉིས་པའི་སློབ་ཁྲིད་སྒྱུར་བཅོས་དང་ལེགས་སུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད”ཅེས་བརྗོད་པ་རེད།

    བོད་སྐྱོར་དགེ་རྒན་ཡིན་པའི་ཁ་རུབ་དམའ་རིམ་སློབ་འབྲིང་གཉིས་པའི་སློབ་གསོ་ཚན་རིག་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་སིས་ངོ་སྤྲོད་བྱས་པར་གཞིགས་ན། 2020ལོའི་ཟླ་དགུ་པར་ཧྥུའུ་ཅན་སློབ་གསོའི་བོད་སྐྱོར་རུ་ཁག་གིས་རོགས་སྐྱོར་བྱ་ཡུལ་སློབ་གྲྭར་སྤྲིན་ཚོམ་སློབ་ཁྲིད་ལས་སྟེགས་བསྐྲུན་པ་དང་། ནང་སའི་གྲགས་ཅན་དགེ་རྒན་གྱི་སློབ་ཚན་གྲགས་ཅན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ཏེ་དྲ་རྒྱའི་ཁོར་ཡུག་འོག་གི་སློབ་གསོ་ཞིབ་འཇུག་བྱེད་སྒོའི་རྣམ་པ་གསར་པ་འཚོལ་ཞིབ་བྱས་པ་དང་། དགེ་རྒན་ཕུལ་བྱུང་གིས་དགེ་རྒན་གྱི་ཆུ་ཚད་མཐོར་གཏོང་ལ་སྐུལ་ཁྲིད་བྱས་ནས“དྲ་རྒྱའི་སྟོབས་ཤུགས་ཀྱིས་གྲགས་ཅན་དགེ་རྒན་གྱི་ཐོན་ཁུངས་དེ་བས་རྒྱ་ཁྱབ་ངང་མཉམ་སྤྱོད་ཐུབ་པ་བྱས་ཏེ་སློབ་ཁྲིད་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ‘སྤྲིན་ཚོམ་སློབ་གསོ་ཞིབ་འཇུག’གིས་ས་གནས་གཉིས་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་ས་གནས་དེ་གའི་དགེ་རྒན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད”

    ཆ་འཕྲིན་ལག་རྩལ་སློབ་ཚན་གྱི་དགེ་རྒན་ཞིག་ཡིན་པའི་ངོས་ནས་བོད་དུ་ལས་ཀ་བྱེད་པའི་ལོ་དེ་དག་ནང་ལིའུ་སིར་བོད་ཀྱི་ཐག་རིང་རི་ཁུལ་ཡིན་ཡང་། ཕྲུ་གུ་མང་ཆེ་བས་བྱང་ཆ་དོད་པའི་ངང་དྲ་སྦྲེལ་ལ་བརྟེན་ནས་ཆ་འཕྲིན་བསྡུ་ལེན་བྱེད་ཐུབ་པར་མྱོང་ཚོར་ཟབ་མོ་བྱུང་ཡོད། “གནས་ཚུལ་དེ་ལས་ཁོང་ཚོས་དྲ་སྦྲེལ་བེད་སྤྱོད་བཏང་ནས་ཤེས་བྱ་སྦྱོང་སྐབས་ཀྱི་བཀག་རྒྱ་ཆེས་ཆེར་ཆུང་དུ་འགྲོ་གི་ཡོད་པ་མཚོན་ཐུབ”

    དེར་བརྟེན་ལིའུ་སིས་ལས་ཞོར་གྱི་ཁོམ་པ་སྤྱད་ནས་གློག་ཀླད་ཁང་བཙུགས་པ་དང་། རང་གིས་གྲོན་དངུལ་བཏང་ནས་འབྲེལ་ཡོད་དཔེ་དེབ་60ལྷག་ཙམ་ཉོས་ཏེ་གློག་ཀླད་ཁང་གི་སློབ་མར་སྤྲད་པ་རེད། དགེ་རྒན་གྱི་མཛུབ་ཁྲིད་འོག་སློབ་མ་ཚོའི་འགུལ་རིས་བཟོ་རྩལ་དང་ངོས་སྙོམས་ཇུས་འགོད་ཀྱི་ལག་རྩལ་ལ་ཡར་རྒྱས་ཆེན་པོ་བྱུང་ཞིང་། ཆབ་མདོ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གློག་ཀླད་ལུས་རྩལ་འགྲན་ཚོགས་སྐབས་བདུན་པར་སློབ་གྲྭ་དེའི་གློག་ཀླད་ཁང་གི་སློབ་མར་ཚད་གཉིས་འགུལ་རིས་དང་། ངོས་སྙོམས་ཇུས་འགོད། བྱ་རིམ་ཇུས་འགོད་བཅས་རྣམ་གྲངས་གསུམ་ལ་བྱ་དགའ་ཨང་གཉིས་པའི་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད།

    ལི་ཀོང་ཝུན་གྱིས་ལིའུ་སིའི་བསམ་ཚུལ་ལ་ཁས་ལེན་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁོང་གིས་སློབ་གྲྭས་སློབ་མ་ཚོར་འགྱུར་ལྡོག་དེ་བས་མང་བ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། 2013ལོར་ཁོང་བོད་དུ་ཐེངས་དང་པོར་སླེབས་པ་རེད། སྐབས་དེ་དུས་ལུས་རྩལ་དགེ་རྒན་གྱི་ངོས་ནས། ཁོང་གིས་བོད་ཀྱི་སྦེ་ག་དང་རྡོ་འགྱོག་སོགས་སྲོལ་རྒྱུན་གྱི་ཁྱད་ལྡན་རྣམ་གྲངས་ལུས་རྩལ་སློབ་ཚན་གྱི་སློབ་ཁྲིད་ནང་དོན་དུ་བཅུག་ནས་སློབ་མའི་དང་ལེན་བྱེད་ཚད་དང་སློབ་ཁྲིད་ཀྱི་ཕན་འབྲས་ཆེ་རུ་བཏང་ཡོད།

    2018ལོར་ལི་ཀོང་ཝུན་གྱིས་བོད་སྐྱོར་ཐེངས་གཉིས་པ་བྱེད་སྐབས་སློབ་གྲྭའི་དགེ་རྒན་གྱི་སྟོབས་ཤུགས་ཞན་པའི་དབང་གིས། ཁོང་གིས་ལས་འགན་མང་པོ་གཅིག་ལྕོགས་ཁུར་ནས་སློབ་ཁྲིད་བྱེད་པ་དང་ཆབས་ཅིག་སྲིད་འཛིན་གྱི་ལས་དོན་མང་པོའང་སྒྲུབ་དགོས་ཀྱི་ཡོད།

    ཧྥུའུ་ཅན་མཚོ་འགྲམ་དུ་གནས་པ་དང་། བོད་ནི་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ས་མཐོར་གནས་ཡོད། “རྒྱང་རིང་ཡུལ་ལུང་དབར་གྱི་ཟམ་པ་ལྟ་བུ་བྱེད་འདོད་ཅིང་། ང་ཚོས་ཕྲུ་གུ་དེ་བས་མང་བས་འབྱུང་འགྱུར་གྱི་མདུན་ལམ་སྔར་བས་ཡངས་པ་མཐོང་ཐུབ་པའི་རེ་བའང་བྱེད་ཀྱི་ཡོད”ཅེས་ལི་ཀོང་ཝུན་གྱིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།