[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཞིང་ས་གཤིན་པོར་རེ་བའི་སོན་བཟང་བཏབ། ཕྱུག་འགྱུར་ཐབས་ལམ་ཡངས་པའི་ཕ་ཡུལ་སྐྱིད།

    ཀོང་ཏུང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་སྤོ་བོ་རྫོང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་ཏེ་མང་ཚོགས་ལ་འབབ་འཕར་ཡོང་བར་རམ་འདེགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-05-13

    ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གཡུ་ཤུལ་ཤང་ནས་ཡིན་པའི་རིན་ཆེན་མཚོ་མོའི་ཁྱིམ་ནི་ཀོང་ཏུང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པར་བརྟེན་ནས་སྤོ་བོ་རྫོང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ནས་ཕན་པ་ཐོབ་པའི་མང་ཚོགས་ཁྲོད་ཀྱི་དུད་ཚང་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྤོ་བོ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན་ཀོང་ཏུང་ཞིང་ཆེན་གྱིས“གཞན་རྟེན་རྣམ་པའི”བོད་སྐྱོར་དེ“རང་རྟེན་རྣམ་པའི”བོད་སྐྱོར་ལ་འགྱུར་བར་གཞོལ་ཞིང་། སྡོང་ཕུང་བཏབ་པ་ཕུད་ད་དུང་ཡུལ་བབ་དང་བསྟུན་ནས་བོད་ཕག་དང་རླམ་རྩྭ་ཕོ་སུལ་སོགས་ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་བཏང་ནས། ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་བཏང་སྟེ་སྤོ་བོ་རྫོང་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

    ཚན་རྩལ་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

    ཁྲབ་རྨོག་གྲོང་རྡལ་འདོང་རོ་གྲོང་ཚོར་གནས་པའི་ས་མཐོའི་སྡོང་ཕུང་ཀུང་སིའི་མུའུ་བརྒྱའི་འདེབས་འཛུགས་རྟེན་གཞིར་སྐྱོད་སྐབས། ཚོན་མདོག་མི་འདྲ་བའི་བྱང་བུ་རེ་རེའི་འོག་ཏུ་སྤོ་བོ་རྫོང་གི་སྡོང་ཕུང་བཏབ་འདུག རྟེན་གཞིའི་འགན་འཁུར་བ་ཆིའུ་ཆོན་ལེ་ཡིས་སྡོང་ཕུང་སོས་པ་འཐུ་བཞིན་དུ་གསར་འགོད་པར། སྡོང་ཕུང་5པོ་དེ་དག་ལ་རྒྱ་མ་དོ་དང་སྲང་གཉིས་ཡོད་པ་དང་རིན་གོང་སྒོར་400ཙམ་རེད། ས་ཆ་གཞན་གྱི་སྡོང་ཕུང་དང་བསྡུར་ན་སྤོ་བོའི་སྡོང་ཕུང་ས་མཐོར་སྐྱེས་པས་ཐོན་བབ་ཉུང་ཞིང་སྤུས་ཚད་དེ་བས་ལེགས་པ་ཡོད་ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། རི་སྐྱེས་སྡོང་ཕུང་ས་མཐོའི་གནམ་གཤིས་ཞན་པོར་དེ་བས་འཕྲོད་པ་བྱ་ཆེད། རྟེན་གཞི་དེས་གྲངས་འཛིན་ཞིང་རའི་ལག་རྩལ་སྤྱད་དེ་རིག་ནུས་ཅན་དང་། གཅིག་སྡུད་ཅན། ཚད་ལྡན་ཅན་བཅས་ཀྱི་དེང་རབས་རིག་ནུས་ཞིང་ལས་ཐོན་ལས་གླིང་བསྐྲུན་པ་དང་། ཆར་ཆུ་དང་ས་དྲོད་སོགས་ཀྱི་གྲངས་གཞིར་ཚོད་རྩིས་བརྒྱབ་སྟེ་མང་ཚོགས་ཀྱིས་སྡོང་ཕུང་འདེབས་འཛུགས་བྱེད་པར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་པ་རེད། མིག་སྔར། དུས་ཐེངས་དང་པོའི་མུའུ་500ཡི་ནགས་ཁྲོད་སྡོང་ཕུང་གསོ་སྤེལ་རྟེན་གཞིར་སྡོང་ཕུང་འདེབས་འཛུགས་བྱས་ཟིན་པ་དང་དུས་ཐེངས་གཉིས་པའི་མུའུ་700ཡི་ནགས་ཁྲོད་སྡོང་ཕུང་གསོ་སྤེལ་རྟེན་གཞིར་སྡོང་ཕུང་གི་སོན་རྩྭ་གསོ་སྤེལ་བྱས་ཟིན་ཞིང་། རྣམ་གྲངས་དེས་ས་གནས་དེ་གའི་ཞིང་འབྲོག་པར་ཐད་ཀར་ཡོང་འབབ་སྒོར་ཁྲི་221.8འཕར་བར་སྐུལ་ཁྲིད་བྱས་པའི་ནང་ས་ཞིང་བརྒྱུད་བཤུག་གི་རིན་གོང་སྒོར་ཁྲི་135.8ཟིན་པ་དང་། ས་གནས་དེ་གའི་ཞིང་འབྲོག་པ་མི་ཐེངས་2800ལྷག་ཙམ་དུས་ཐུང་གླས་ནས་འབབ་འཕར་སྒོར་ཁྲི་56ཡོང་བར་སྐུལ་ཁྲིད་བྱས་པ། མི་10ཡུན་རིང་གླས་ནས་ཡོང་འབབ་སྒོར་ཁྲི་30འཕར་བར་སྐུལ་ཁྲིད་བྱས་པ་བཅས་རེད།

    བོད་སྐྱོར་གྱིས་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་གཏོང་རོགས་བྱས་པ།

    ཆིའུ་ཆོན་ལེ་ཡིས་གསར་འགོད་པ་ཁྲིད་ནས་སྡོང་ཕུང་འདེབས་འཛུགས་རྟེན་གཞིར་བསྐྱོད་དེ་ས་གནས་ས་ཐོག་ཏུ་སྡོང་ཕུང་འཐུ་སྟངས་བསླབས། ལྗོན་ཤིང་སྟུག་པོའི་ཁྲོད་དུ་བྱང་བུ་དམར་པོ་མང་པོ་བཀལ་ཏེ་སྡོང་ཕུང་འདེབས་སར་རྟགས་བརྒྱབ་ཡོད། “བྱང་བུ་རེས་སྡོང་ཕུང་གི་དོང་ཁུང་རེ་མཚོན་ཞིང་། དེའི་ཆེ་ཆུང་ལ་སྨི་ངོས་གྲུ་0.3ཙམ་ཡོད་པ་དང་། དོང་ཁུང་རེའི་ཐོན་ཚད་ཧ་ལམ་རྒྱ་མ་གཉིས་ཡས་མས་ཟིན་གྱི་ཡོད”ཅེས་ཆིའུ་ཆོན་ལེ་ཡིས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་དཔག་བྱས་ན། འདི་ལོའི་ལོ་མཇུག་ཏུ་སྤོ་བོ་རྫོང་གི་སྡོང་ཕུང་རྟེན་གཞི་ནས་སྡོང་ཕུང་གི་ཐོན་འབབ་ཏུན་100ཡན་ཟིན་རྒྱུ་རེད། སྡོང་ཕུང་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ་དང་འཕེལ་རྒྱས་གཏོང་ཆེད། སྤོ་བོ་རྫོང་ལས་དོན་ཚོགས་ཆུང་གིས་ད་དུང་སྡོང་ཕུང་གི་འཁོར་འབྲེལ་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། རིང་དུ་གཏོང་བ། ཁ་གསབ་བྱེད་པ་བཅས་ལ་དམིགས་ནས་མ་དངུལ་སྒོར་ཁྲི་1300ལྷག་ཙམ་བཏང་སྟེ་སྡོང་ཕུང་གི་སོན་རྩྭ་ཞིབ་སྤེལ་བཟོ་གྲྭ་དང་། སྡོང་ཕུང་ཐོན་ལས་འཕེལ་རྒྱས་ཀྱི་ཚོང་འགུགས་ཞབས་ཞུ་ལྟེ་གནས། སྡོང་ཕུང་ཐད་གཏོང་རྟེན་གཞི་བཅས་བསྐྲུན་ཡོད་པ་རེད། གོམ་སྟབས་རྗེས་མར་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ད་དུང་མ་དངུལ་སྒོར་ཁྲི་200ལྷག་ཙམ་བཏང་ནས་སྡོང་ཕུང་གི་ཐོག་མའི་ལས་སྣོན་བཟོ་གྲྭ་བཙུགས་ཏེ། སྤོ་བོ་རྫོང་གི་སྡོང་ཕུང་ཐོན་སློབ་ཞིབ་གསུམ་དང་མཁོ་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་འབྲེལ་གཞི་རྩའི་ཆ་ནས་བསྐྲུན་རྩིས་ཡོད་པ་རེད། གཞན་ཡང“སྤོ་བོ་རྫོང་གི་སྡོང་ཕུང”དེ་ཉིད་2021ལོའི་ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་སྲུང་སྐྱོང་ལས་གྲྭའི་ནང་བཅུག་ནས། སྤོ་བོ་རྫོང་གི་སྡོང་ཕུང་གི་ས་ཁམས་མཚོན་རྟགས་ཞིང་ལས་ཐོན་རྫས་ཀྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    གྲུབ་འབྲས་གཞན་སྒྱུར་གྱིས་ཞིང་འབྲོག་པར་འབབ་འཕར་གཏོད་རོགས་བྱས་པ།

    སྤོ་བོ་རྫོང་གི་ལས་དོན་ཚོགས་ཆུང་གི་ཁོངས་མི་དང་སྤོ་བོ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཆིའུ་ཡུང་ཀོང་གིས། སྤོ་བོ་རྫོང་གི་སྡོང་ཕུང་ཐོན་ལས་རྟེན་གཞི་ནི་ད་བར་ས་གནས་དེ་གའི་ཞིང་ལས་ཐོན་ལས་ཀྱི་ཚོང་འགུགས་རྣམ་གྲངས་ཆེ་ཤོས་དེ་ཡིན་པ་དང་། སྤོ་བོ་རྫོང་ལས་དོན་ཚོགས་ཆུང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་1300བཏང་ནས་བསྐྲུན་པ་ཞིག་རེད། མིག་སྔར་དུས་ཐེངས་དང་པོའི་རང་བརྟེན་མ་དངུལ་སྒོར་ཁྲི་4000བཏང་ཟིན་པ་དང་། ནགས་ཁྲོད་དུ་རི་སྐྱེས་སྡོང་ཕུང་མུའུ་1200འདེབས་གསོ་བྱས་པ། ས་གནས་དེ་གའི་ཞིང་འབྲོག་པར་ཡོང་འབབ་སྒོར་ཁྲི་200ཡན་འཕར་བར་ཐད་ཀར་སྐུལ་ཁྲིད་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    སྤོ་བོ་རྫོང་གི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་སྡོང་ཕུང་ལྟ་བུའི་རྣམ་གྲངས་མང་པོ་ལག་ལེན་བསྟར་ཡོད། 2019ལོར་སྤོ་བོ་རྫོང་གི་ལས་དོན་ཚོགས་ཆུང་གིས་བོད་ལྗོངས་ཝུའུ་ཧྥུང་ཡོན་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ནས་ས་གནས་དེ་གའི་བོད་ཕག་ཐོན་ལས་གཞི་ཁྱོན་ཅན་གྱི་གསོ་ཚགས་བྱེད་སྟངས་བསླབས་ཡོད། མིག་སྔར་བོད་ཕག་གསོ་ཚགས་ར་བ་དེ་གསོ་ཚགས་དང་རྒྱ་སྐྱེད་གཏོང་བའི་དུས་མཚམས་སུ་སླེབས་པ་དང་། 2020ལོའི་ཟླ་5པར་ཐོན་སྐྱེད་བྱེད་འགོ་ཚུགས་ཚུན་ལག་ཡོད་མགོ་གྲངས་3500ཟིན་གྱི་ཡོད་པ་རེད།

    སྤོ་བོ་རྫོང་གི་ལས་དོན་ཚོགས་ཆུང་གི་ཁོངས་མི་དང་སྤོ་བོ་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲོང་པིན་གྱིས“‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་80%ཙམ་གྱི་མ་དངུལ་ཚང་མ་དམངས་འཚོའི་རྣམ་གྲངས་ལ་བཏང་བ་དང་། དེའི་ནང་གི་མ་དངུལ་མང་ཆེ་བ་འབྱོར་འབྲིང་གྲོང་ཚོའི་སྤྱི་པའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་སུ་བཏང་ཡོད། དེའི་དམིགས་ཡུལ་ནི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད་རེད། ‘ལོ་ལྔ་ཚན་བཅུ་བཞི་པའི’རིང་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད། དེ་བས་ཀྱང་གྲོང་ཚོའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་དགོས”ཞེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཀོང་ཏུང་ཞིང་ཆེན་དང་ཀོང་ཀྲོའུ་གྲོང་ཁྱེར་རིམ་པ་གཉིས་ཀྱིས་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོ་16བསྐྲུན་རྩིས་ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར་1.28གཏོང་རྩིས་ཡོད་པ་དེས་བོད་སྐྱོར་མ་དངུལ་གྱི་60%ཟིན་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།