[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཁེ་ལས“ཆ་སྒྲིག”བྱས་ནས་གཉིས་ཕན་ལ་སྐུལ་འདེད་བཏང་བ།

    ཧུའུ་པེ་ཞིང་ཆེན་གྱིས་ལྷོ་ཁ་གྲོང་ཁྱེར་གྱི་ཨར་འདམ་ཐོན་ལས་འཕེལ་རྒྱས་ལ་ཁ་གཏད་རོགས་སྐྱོར་བྱས་པའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-17

    ལོ་16གོང་། ཕུགས་འདུན་འཆང་བ་དང་མངགས་བཅོལ་ཕྲག་ཐོག་ཏུ་འཁུར་བའི་ལས་གཏོད་པ་ཅང་ཧན་ཕིང་ཟངས་རི་རྫོང་དུ་ཡོང་སྟེ། ཡར་ཀླུང་གཙང་པོའི་ངོགས་ཀྱི་གྲམ་ཐང་དུ་ས་རྒོད་སློག་ནས་ལོར་ཐོན་ནུས་ཏུན་ཁྲི་260ཟིན་པའི་ཨར་འདམ་ཁེ་ལས་ཆེ་གྲས——ཧྭ་ཤིན་ཨར་འདམ(བོད་ལྗོངས)ཚད་ཡོད་ཀུང་སི་བཙུགས་ནས་བོད་ལྗོངས་དང་ཧུའུ་པེ་བརྩེ་བ་འཆང་བ་དང་ལག་གདང་སྦྲེལ་ཏེ་མཉམ་དུ་སྐྱོད་པའི་ཐོན་ལས་བོད་སྐྱོར་གྱི་ལེའུ་ཞིག་བརྩམས་ཡོད་པ་རེད།

    ཐོན་ནུས་མཐོར་གཏོང་གིས་ཕན་འབྲས་ཆེ་རུ་བཏང་བ།

    ན་ནིང་ཟླ་8ཚེས་18ཉིན། ཧྭ་ཤིན་ཨར་འདམ་གྱི་དུས་ཐེངས་གསུམ་པའི་སོ་ཕག་གི་རྫ་ཆས་མ་ལག་དངོས་ནས་མེ་སྤར་ནས་ཐོན་སྐྱེད་བྱེད་འགོ་ཚུགས། ལོར་ཐོན་ནུས་ཏུན་ཁྲི་30ཟིན་པའི“ཁེ་ལས་ཆུང་ཆུང”དེ་ནས་བཟུང་ལོར་ཐོན་ནུས་ཏུན་ཁྲི་260ཟིན་པའི“ཁེ་ལས་ཆེན་པོ”ཞིག་ཏུ་གྱུར་པ་དེ་ནི་ཁེ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ལྷོ་ཁའི་དཔལ་འབྱོར་འཛུགས་སྐྲུན་དང་ཧུའུ་པེའི་ཐོན་ལས་བོད་སྐྱོར་གྱི་གྲུབ་འབྲས་གལ་ཆེན་ཞིག་དེ་བས་ཀྱང་ཡིན།

    ཐོན་ལས་འཕེལ་རྒྱས་གཏོང་བར་ཕུགས་ལ་གཞི་ཚུགས་དགོས་པ་དང་བོད་སྐྱོར་ཐད“རང་བརྟེན”ཡོང་བར་དེ་བས་གཞི་ཁྱོན་ཆེ་རུ་དང་ཕན་འབྲས་མཐོ་རུ་གཏོང་དགོས། 2004ལོའི་ཧྭ་ཤིན་ཨར་འདམ་ཟངས་རི་བཟོ་ཁུལ་ལས་འགོ་བཙུགས་ཚུན། ཁེ་ལས་དེས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་དགོས་མཁོར་གཞི་ཚུགས་པ་དང་རྒྱལ་ནང་གི་ཁྲོམ་རར་ཕྱོགས་ཏེ་ཐོན་ནུས་འཛུགས་སྐྲུན་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ཤིང་། སྔ་རྗེས་སུ་ཐོན་ནུས་ཐེངས་གཉིས་རྒྱ་ཆེར་བཏང་སྟེ། ཉིན་རེར་ཐོན་ཚད་ཏུན་1100དང་། ཏུན་2200 ཏུན་3000བཅས་ཟིན་པའི་སྐམ་ཐབས་ཀྱི་མ་བཅོས་རྒྱུ་ཆའི་ཨར་འདམ་ཐོན་སྐྱེད་ལས་རིམ་གསར་གྲས་གསུམ་གསར་སྤེལ་བྱས་པ་དང་། རིམ་རྩིས་བྱས་ན། བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་70.76ཟིན་པ་དང་། ཨར་འདམ་ཏུན་ཁྲི་1210.9ཕྱིར་ཚོང་བྱས་པ། ཁྲལ་འབབ་སྒོར་དུང་ཕྱུར་10.66བཏོད་པ་བཅས་བྱས་ནས་ལྷོ་ཁའི་དཔལ་འབྱོར་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

    ལྗང་མདོག་འཕེལ་རྒྱས་བཏང་ནས་མཐའ་ཚད་སྲུང་བ།

    ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་བརྟན་པོར་སྲུང་ནས་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་ནི་ཧྭ་ཤིན་ཨར་འདམ་བཟོ་གྲྭའི་འདུ་ཤེས་ཡིན། ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཧྭ་ཤིན་ཨར་འདམ་བཟོ་གྲྭས་རྒྱལ་སྤྱིའི་ཆེས་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་དང་སྒྲིག་ཆས་སྤྱད་དེ་རྗེས་ལུས་ཐོན་ནུས་རྒྱུན་ཆད་མེད་པར་དོར་བ་དང་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་སུ་གཞན་གྱི་སྔོན་ལ་སྤུས་ཚད་དོ་དམ་མ་ལག་དང་། ཁོར་ཡུག་དོ་དམ་མ་ལག ནུས་རྒྱུའི་དོ་དམ་མ་ལག་བཅས་ཀྱི་བདེན་དཔང་ར་སྤྲོད་བྱས་ནས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་5916གྲོན་ཆུང་དང་དབྱང་གཉིས་ཐཱན་འགྱུར་ཏུན་21230བཙོག་འབུད་ཉུང་གཏོང་བྱས་ནས་སྣོད་བཅུད་ཁོར་ཡུག་ཡག་པོ་རྒྱུན་འཁྱོངས་བྱས་ཡོད།

    ཧྭ་ཤིན་ཨར་འདམ་བཟོ་གྲྭས་ད་དུང་མ་དངུལ་སྒོར་དུང་ཕྱུར་2.5བཏང་ནས་ཐལ་སེལ་སྒྲིག་ཆས་128དང་སྒྲ་སེལ་ཡོ་བྱད་25སྒྲིག་སྦྱོར་བྱས་པས་ཐལ་རྡུལ་གྱི་སྦགས་བཙོག་དང་འཛེར་སྒྲའི་སྦགས་བཙོག་བཀག་འགོག་ནུས་ལྡན་ཐུབ་སྟེ་བཟོ་གྲྭས་བཙོག་ཆུ་ཕྱིར་འབུད་མི་བྱེད་པ་མངོན་འགྱུར་ཐུབ་ཡོད།

    དེ་དང་ཆབས་ཅིག ཧྭ་ཤིན་ཨར་འདམ་བཟོ་གྲྭས་ད་དུང“མེ་ཏོག་ལྡུམ་ར་རྣམ་པའི་གཏེར་ཁུལ”གྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་གཏེར་རིའི་ཐོན་ཁུངས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱས་པ་དང་། གཏེར་རི་བཅོས་སྒྲིག་སྔོ་འགྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། འདྲེ་ཚེར་མ་དང་། རྒྱ་ལྕང་། བོད་ཀྱི་སྦྱར་པ་སོགས་སྔོ་འགྱུར་སྔོ་ཁེབས་སྨི་ངོས་གྲུ་ཁྲི་25འདེབས་འཛུགས་བྱས་ཡོད། 2018ལོར་ཧྭ་ཤིན་ཨར་འདམ་བཟོ་གྲྭས་་ཆེད་དོན་མ་དངུལ་སྒོར་ཁྲི་1000བཏང་ནས་ཐོན་སྐྱེད་སྒྲུབ་རིམ་གྱི་འཁོར་རྒྱུག་གི་གྲང་བཟོའི་ཆུ་གཏེར་རིར་དྲངས་པ་དང་རིམ་པ་དབྱེ་སྟེ་མདོང་ལམ་བཏིང་ནས་སྔོ་ཁེབས་འབུད་གཏོང་ལག་རྩལ་སྤྱད་དེ“སྔོ་ལྗང་གཏེར་རི་དང་སྣོད་བཅུད་གཏེར་རི”བསྐྲུན་པ་རེད།

    དབུལ་སྒྲོལ་ལ་རམ་འདེགས་ཀྱིས་འགན་འཁྲི་ལག་བསྟར་བྱས་པ།

    འཕྱོངས་རྒྱས་རྫོང་གི་བསོད་ནམས་སྐལ་བཟང་དེ་སྔ་དུད་ཚང་དབུལ་པོ་ཞིག་ཡིན། ཞིང་ཁ་འདེབས་པ་དང་ཉིན་གླ་རྒྱུག་ནས་འཚོ་ཐབས་བྱེད་ཀྱི་ཡོད། 2005ལོར་ཁོང་ཧྭ་ཤིན་ཨར་འདམ་བཟོ་གྲྭར་ལས་ཀར་ཞུགས་ནས་ལོ་10ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད། སྐོར་ཞིབ་པ་ཞིག་ནས་ཁྲང་ཀྲང་གི་ལས་རོགས་དང་འཁོར་ཁང་གི་ཀྲུའུ་རེན་དུ་རིམ་བཞིན་གྱུར་བ་དེས་ཁོང་དབུལ་པོ་ལས་སྒྲོལ་ནས་ཁང་པ་དང་རླངས་འཁོར་ཡོད་པའི་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་བྱུང་ཡོད་ལ། འབད་འཐབ་ཀྱི་ཁ་ཕྱོགས་ཤིག་ཀྱང་འཚོལ་ཐུབ་ཡོད།

    ཐོན་ལས་འཕེལ་རྒྱས་སྟོབས་ཆེར་སོང་བ་དང་ཆབས་ཅིག ཧྭ་ཤིན་ཨར་འདམ་བཟོ་གྲྭས་ལྷོ་ཁ་གྲོང་ཁྱེར་ལ་ལས་ཞུགས་ལས་གནས་དང་དབུལ་སྒྲོལ་གྱི་གོ་སྐབས་མང་པོ་བཏོད་ཡོད། ལས་བཟོ་700ཡི་ནང་ཚོགས་པ་འདི་གར་བོད་སྐྱོར་བྱེད་མཁན་37ཡོད་པ་ཕུད་ལས་བཟོ་གཞན་དག་ཚང་མ་ནི་ཞིང་འབྲོག་མང་ཚོགས་ཡིན་པ་རེད། དེས་མ་ཟད་བརྒྱུད་རིམ་ལྡན་པའི་གསོ་སྐྱོང་དང་སྦྱོང་བརྡར་བརྒྱུད་བསོད་ནམས་སྐལ་བཟང་དང་འདྲ་བའི་བོད་རིགས་ལས་བཟོ་ཁག་གཅིག་ཁེ་ལས་ཀྱི་རྐང་འཛིན་པར་རིམ་བཞིན་གྱུར་ཏེ་དོ་དམ་གྱི་ལས་གནས་ཐོག་སྐྱོད་ཡོད་པ་རེད།

    ཧྭ་ཤིན་ཨར་འདམ་བཟོ་གྲྭས“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”བྱེད་སྒོར་ཧུར་ཐག་ཞུགས་ཏེ་རིམ་རྩིས་བྱས་ན། དབུལ་སྐྱོར་རྣམ་གྲངས་7ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ཁྲི་260བཏང་ནས“ཧུའུ་པེའི་ཧྭ་ཤིན་ཕྱོགས་བསྡུས་གསོ་ཚགས་གླིང”བཙུགས་ཏེ་ཞིང་འབྲོག་དུད་ཚང་100ལ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱས་པ་དང་། “ཧྭ་ཤིན་སློབ་གསོའི་སློབ་སྐྱོར་ཐེབས་རྩ”དང“ཟངས་རི་རྫོང་གི་གཅེས་སེམས་སློབ་གསོའི་ཐེབས་རྩ”བཙུགས་ཏེ་སློབ་མ་དབུལ་པོར་རོགས་རམ་བྱས་པ། སྔ་རྗེས་སུ་གྲོང་ཚོ(གྲོང་ལྷན)དུ་བཅའ་སྡོད་བྱེད་མཁན་མི་ཐེངས་96འདེམས་གཏོང་བྱས་ནས་རྨང་བརྟན་དམངས་ཕན་གྱི་ལས་དོན་སྤེལ་ཏེ་མང་ཚོགས་དབུལ་པོ་དུད་ཚང་58དང་ཆ་སྒྲིག་རོགས་སྐྱོར་བྱས་པ་སོགས་བྱེད་ཐབས་དེ་དག་ལས་དབུལ་སྒྲོལ་འགག་སྒྲོལ་དང་། དམངས་འཚོ་ལེགས་གཏོང་། གྲོང་གསེབ་དར་རྒྱས་བཅས་ལ་སྐུལ་འདེད་ནུས་ལྡན་ཐུབ་ནས་མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་གྱི་བོད་སྐྱོར་གྱི་བསྟོད་གླུ་ཞིག་བརྩམས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།